Wednesday, May 11, 2011

གཡུང་དྲུང་བོན་གྱི་འཆད་ཉན་ལམ་སྲོལ།

དང་པོ། སྤྱི་བཤད།
༄༅། །རྣམ་འདྲེན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་བསྟན་པ་གཡུང་དྲུང་གི་བོན་ཞེས་པ་ནི། སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཞིག་ཡིན།
གཡུང་དྲུང་བོན་གྱི་སྒྲ་བཤད་དམ་གོ་དོན་ནི། སྐྱེ་མེད་དོན་ལས་མི་གཡོ་བས་གཡུ༵ང༌། འགག་མེད་རྟགས་ལས་མི་འགྱུར་བས་དྲུང༵༌། སྐྱེ་འགག་གཉིས་སུ་མེད་པའི་དོན་སྟོན་ཞིང་གདུལ་བྱ་སྐྱོབ་པར་མཛད་པས་ན་བོན༵་ཞེས་བྱ། ཞང་ཞུང་སྐད་དུ་དྲུང༵་མུ༵་གྱེར༵་ཞེས་བརྗོད། གཡུང་དྲུང་གི་བོན་ལ་བརྗོད་བྱ་དོན་གྱིས་བསྡུས་པ་དང༌། བརྗོད་བྱེད་ཚིག་གིས་བསྡུས་པ་གཉིས་ཡོད་པ་ལས། སྐབས་འདིའི་བཤད་བྱ་བོན་གྱི་རང་བཞིན་ནི། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་ཞེས་པ། བོན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་པའི་རྣམ་བཞག་བཀའ་དང་བཀའ་བརྟེན་རྣམས་ཡིན། དེ་ཡང་ཡིད་ཅན་འགྲོ་བ་མཐའ་དག་གི་འདི་ཕྱིའི་ལེགས་ཚོགས་དང༌། ལུགས་གཉིས་རྣམ་བཞག་གི་ལེགས་ཉེས་བླང་དོར་ཤེས་མིན་གྱི་གནད་ནི་གསུང་རབ་འདི་དག་གི་དོན་རྟོགས་མིན་ལ་རག་ལུས་པར་བརྟེན། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང༌། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལམ་སྲོལ་འདི་ཉིད་གཏོད་གནང་བ་ཞིག་ཡིན།
གཉིས་པ། འཆད་ཉན་གྱི་བརྒྱུད་རིམ།
དེ་ལྟར་ལམ་སྲོལ་གཏོད་གནང་བའི་འཆད་རྩོད་རྩོམ་སྒྲུབ་ཀྱི་བོན་སྡེ་རྣམས་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་ཐུགས་སྲས་གཡུ་ལོ་གཙུག་ཕུད་ལ་གཉེར་དུ་གཏད་དེ་ཐོས་པ་ཕྱི་ཡི་སྒྲོ་འདོགས་གཅོད་པའི་བཀའ་གཞུང་ཉན་བཤད་ཀྱི་སྡེ་དང༌། ཡང་དག་དོན་ལ་འཇུག་པའི་ཤིང་དྲུང་མི་རྟག་གི་སྡེ། ཞུགས་པ་རྩེ་གཅིག་སྒྲུབ་པའི་རི་ཁྲོད་ཅོག་པུའི་སྡེ། ཞུགས་པ་མཐར་ཕྱིན་བསྒྲུབ་པའི་བྲག་དགོན་དཀའ་ཐུབ་ཀྱི་སྡེ་བཅས་བཞི་རུ་ཕྱེས་ནས་མཁས་བཙུན་བཟང་གསུམ་གྱིས་ཕྱུག་པའི་སློབ་ཚོགས་དུ་མ་བྱུང་བ་ལས་རྒྱལ་བའི་གདུང་འཚོབ་མུ་ཆོ་ལྡེམ་དྲུག་སོགས་ཀྱིས་བཀའ་ལུང་རིག་པའི་བོན་སྡེ་རྣམས་མདོ་འབུམ་རྒྱུད་མཛོད་བཞི་རུ་ཕྱེས་ཏེ་འཆད་རྩོད་རྩོམ་པའི་བོན་འཁོར་ཕྱོགས་ཀུན་ཏུ་བསྐོར་བར་མཛད།
དེ་རྗེས་སྙ་ཆེན་ལི་ཤུ་སྟག་རིང་དང༌། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། ལོ་པཎ་ཤ་རི་དབུ་ཆེན། བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱིས་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་དུ་མའི་འགྲེལ་དང་ཆ་ལག་བཏབ་ཅིང་བཀའ་གཞུང་ཉན་བཤད་ཀྱི་བོན་སྡེ་རྣམས་ཚུལ་བཞིན་བསྐྱངས་ཏེ་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཀྱི་མཛད་སྲོལ་གཏོད་པར་གནང༌།
བོན་བསྟན་ཕྱི་དར་གྱི་སྐབས་སུ་ཡང་གཏེར་སྟོན་བརྒྱ་རྩའི་གཙོ་བོ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའི་སློབ་མ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ལ་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་དང༌། ཅོག་ལ་གཡུ་སྐྱིད་ལ་ཁམས་ཆེན་སྟོང་ཕྲག་བརྒྱ་པ་སོགས་འཕན་ཡུལ་འབུམ་གྱི་བོན། དབང་ལྡན་ཞུ་གཡས་ལེགས་པོར་བྱང་སེམས་གབ་པ་དགུ་སྐོར་སོགས་རྫོགས་ཆེན་གྱི་བོན། སྤ་སྟོན་སྤ་མཆོག་བཟང་པོར་གསང་སྔགས་ཀྱི་བོན་སྡེ་རྣམས་བཀའ་བབས་པས་རང་རང་གི་གདན་སར་འགྲེལ་དང་བཤད་ཁྲིད་བསྐྱངས། དེ་དག་གི་སློབ་བརྒྱུད་རྨེའུ་སྟོན་ལྷ་རི་གཉེན་པོ་དང་རྗེ་དགོངས་མཛོད་རི་ཁྲོད་པ་གཉིས་ཀྱིས་ཐོས་བསམ་སྒོམ་སྒྲུབ་དཔྱིས་ཕྱིན་པར་མཛད་ཅིང༌། མཁས་དབང་རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན་གྱིས་ཁམས་འགྲེལ་སོགས་བརྩམས་ནས་དེ་དག་གི་དགོངས་དོན་བཀྲལ་གནང་མཛད།
བྲུ་ཡི་གདན་ས་གཡས་རུ་དབེན་ས་ཁར་སྟོན་པ་བཅོ་བརྒྱད་ཀྱི་རིང་ལ་གབ་མཛོད་ས་གསུམ་གྱི་འཆད་ཉན་གནང་ཞིང་བརྒྱུད་གསུམ་འདུས་སོ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བཀྲ་ཤིས་སྨན་རིའི་གླིང་ཕྱག་བཏབ་ཅིང་མདོ་སྔགས་གཞུང་ལུགས་ཀུན་ལ་འགྲེལ་དང་ཆ་ལག་བཏབ་ནས་འཆད་ཉན་གྱི་སྲོལ་བཟང་རྒྱུན་མཐུད་གནང༌།
དུས་ཕྱིས་རིག་གནས་གསར་བརྗེ་ཆེན་པོའི་རྗེས་སུའང་གཡུང་དྲུང་བོན་གྱི་བསྟན་པའི་བདག་ཉིད་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང༌། ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་རྣམ་གཉིས་ཀྱིས་དབུས་བོན་བསྟན་འཛིན་པའི་སྐྱེས་མཆོག་རྣམས་ཀྱིས་བོད་ཕྱི་ནང་གང་སར་གཡུང་དྲུང་བོན་གྱི་འཆད་ཉན་གྱི་རྒྱུན་སྲོག་འཚོ་བར་མཛད།
གསུམ་པ། འཆད་བྱེད་དཔོན་གསས།
ཐོག་མར་གསུང་རབ་ཀྱི་གནད་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའི་འཆད་བྱེད་ཀྱི་དཔོན་གསས་ནི། བཀའ་བརྟེན་སུམ་བརྒྱ་པ་ལས། ཐོས་བསམ་སྒོམ་གསུམ་རྒྱུད་སྦྱངས་ཤེས་རབ་ཆེ། །ཐུགས་རྗེ་སེམས་བསྐྱེད་དབང་ཐོབ་ནུས་པ་ལྡན། །ཞེས་དང༌། སྡེ་སྣོད་ལ་མཁས་བསླབ་པ་གསུམ་དང་ལྡན། །འདི་དོན་སྤངས་ཤིང་གཞན་ལ་བརྩེ་བ་ཅན། །ཚོད་ཟིན་སྟོན་མཁས་སྐྱོ་མེད་བརྩོན་དང་བཅས། །ཞེས་དང༌། ཡང་ན། མཚན་ཉིད་ཚང་བ་དཀོན་པས་མདོར་ན་ནི། །ཡོན་ཏན་ལྷག་ཅིང་དགེ་ལ་གཞོལ་ནུས་བསྟེན། །ཅེས་སོགས་གསུངས་པ་ལྟར་འཆད་བྱེད་དཔོན་གསས་དེ་ཉིད་ནི། སྤང་སྒྱུར་གྲོལ་གསུམ་གྱི་གཞུང་དོན་སྤྱི་ལ་སྦྱངས་པའི་ཤེས་རབ་ཆེ་བ། བྱེ་བྲག་ཏུ་གང་བཤད་བྱའི་གདམས་ངག་གི་གནད་དོན་ལ་དོགས་པ་ཆོད་པ། སློབ་བུའི་བློ་དང་འཚམས་པའི་བོན་སྟོན་ནུས་ཤིང་སྒོ་གསུམ་གྱི་མཛད་སྤྱོད་བཟང་བ། སློབ་བུའི་མི་ཤེས་པའི་དོན་རྣམས་ལན་གྲངས་ཇི་ལྟར་དྲིས་ཀྱང་སྐྱོ་སུན་དང་ངལ་དུབ་ཀྱི་རྣམ་པ་ཙམ་ཡང་མེད་པར་གཞན་ལ་བརྩེ་བའི་ཕན་སེམས་ཀྱིས་ཕྱུག་པ། རྙེད་བཀུར་དང་གྲགས་པ། བསླུ་བྲིད་དང་གཡོ་སྒྱུའི་བསམ་པས་མ་བསླད་པར་ལས་འབྲས་ལ་བརྩི་སྲུང་ནུས་པའི་ཡོན་ཏན་དང་ལྡན་པའི་དཔོན་གསས་དེ་ཉིད་བསྟེན་ཞིང༌། དེ་དག་ལས་ལྡོག་པའི་བླ་མའམ་བཤེས་གཉེན་གྱི་མིང་ཅན་རྣམས་དང༌། ཡང་ན་ཤིང་སྐམ་ལྟ་བུ་ཡོན་ཏན་བསྐྱེད་མི་ནུས་པ་དང༌། དུག་སྦྲུལ་ལྟ་བུ་སྡིག་སྤྱོད་ཅན་དང༌། དུག་ཆུ་ལྟ་བུ་ལུང་ལོག་པར་བསྟན་པ་རྣམས་སྤང་བར་བྱའོ།།
བཞི་པ། ཉན་པ་པོ་སློབ་བུ།
ཉན་པ་པོའམ་སློབ་བུ་ནི། མཛོད་ལས། སྟོབས་ལྡན་བློ་གསལ་དད་ཆེ་ལ། །ཀུན་གྲགས་རྒྱ་ཆེར་བསྟན་པར་བྱ། །ཞེས་སོགས་གསུངས་པ་ལྟར། ལུས་ཀྱིས་དཀའ་སྤྱད། ངག་གིས་བཟླས་བརྗོད། ཡིད་ཀྱིས་ཐོས་བསམ་སྒོམ་གསུམ་སོགས་ནུས་པའི་སྟོབས་དང་ལྡན་ཞིང༌། དཔོན་གསས་ལ་ཡིད་ཆེས་དང་དད་གུས་གཤའ་མ་སྐྱེས་པ། ཚུལ་འཆོས་དང་ང་རྒྱལ་གྱིས་གཡེང་བའི་འདུ་འཛི་མེད་པ། དཔོན་གསས་ཀྱི་ཆེ་བའི་ཡོན་ཏན་རྣམས་རང་རྒྱུད་ལ་འཇགས་ཐབས་ཀྱི་བསྟུན་ཤེས་དང་ལྡན་ཞིང་རྟག་ཏུ་བླ་མའི་ཐུགས་ཟུར་དང་སྤྱན་ཟུར་ལ་མ་ཕོག་པ་ཞིག་དགོས་ཏེ། མདོ་ལས། བདག་གཞན་དོན་དང་ལྡན་ན་སློབ་མ་དམ་པའི་མཆོག །གསུངས་པ་ལྟར་རོ།།
དེ་ལྟར་མིན་པར་བོན་དང་བླ་མར་དད་པ་དང་དག་སྣང་མི་བྱེད་པ། གདམས་ངག་གི་ཚིག་དོན་ལ་མི་སེམས་ཤིང་དོན་མེད་ཀྱི་བྱ་བར་རྟག་ཏུ་གཡེང་ནས་དམ་ཚིག་གི་དཀྲུག་ཤིང་བྱེད་པ། གཞན་ཡང་ཐོས་པའི་དུས་སུ་དད་འདུན་མེད་པ་སྣོད་ཁ་སྦུབ་ལྟ་བུ་དང༌། བསམ་པའི་དུས་སུ་ལོང་གཏམ་དང་གཡེང་བས་ཁྱེར་བ་ཞབས་རྡོལ་ལྟ་བུ་དང༌། སྒོམ་པའི་དུས་སུ་ཁེ་གྲགས་དང་ཚུལ་འཆོས་གྱིས་བསླུས་པ་དུག་ཅན་ལྟ་བུའི་སྣོད་བཅས་སྤང་བར་བྱའོ།།
ལྔ་པ། བོན་འཆད་ཉན་གྱི་ཚུལ།
དེ་ལྟ་བུའི་བཅུད་ལྡན་གྱི་དཔོན་གསས་དང་སྣོད་ལྡན་གྱི་སློབ་མ་ངོས་བཟུང་ནས་འཆད་ཉན་བྱ་དགོས་ཏེ། བྱང་སེམས་གབ་པ་ལས། མ་རྟོགས་སེམས་ཅན་ཚིག་གིས་མ་ཁྲིད་ན། །མུན་པའི་མཛུབ་གཡུག་དེས་ཀྱང་བརྡ་མི་འཕྲོད། །ཅེས་དང༌། ཇི་སྐད་དུ། ཕོ་ཚོད་གོ་བ་བཟང་ལགས་ཀྱང༌། །ལག་ལེན་དམར་ཁྲིད་མ་བྱས་ན། །བདེ་ཆེན་ལམ་སྣ་ཟིན་དུས་མེད། །ཅེས་གསུངས་པ་ལྟར་ཤེས་བྱ་འཁོར་འདས་ཕྱི་སྣོད་ནང་བཅུད་ཀྱི་རྣམ་བཞག་གཏོགས་སོ་ཅོག་གི་དོན་རྣམས་རྒྱུས་ཡོད་ཀྱིས་ལམ་སྟོན་མ་བྱས་པར་འོལ་ཚོད་རྐྱང་པས་ཕུགས་མི་ཆོད་པ་ལགས་པས་དེ་ཡང་སྣོད་ལྡན་སློབ་མས་དཔོན་གསས་བཅུད་དང་ལྡན་པ་དེ་ཉིད་རབ་ཤེས་རབ་དང༌། འབྲིང་སྤྱོད་ལམ། ཐ་མ་ཟང་ཟིང་གི་སྒོ་ནས་ཐུགས་བཟུང་ཞིང༌། སྒོ་གསུམ་དྭངས་བ་ཆེན་པོས་དཔོན་གསས་ཉིད་རྒྱུས་མེད་ལམ་པའི་ཚུལ་དང༌། མི་ཤ་སྐྱེལ་མའི་ཚུལ། ཆུ་སྒྲོལ་གྲུ་པའི་ཚུལ། སྲོག་སྐྱོབ་གོ་ཆའི་ཚུལ། ནད་གསོ་སྨན་པའི་ཚུལ། སྐོམ་པ་ཆུས་གདུང་བའི་ཚུལ་བཅས་ཀྱིས་བཙལ་ཏེ། དཔོན་གསས་བསྟེན་མཁས་པ་དང༌། བསྟེན་ཤེས་པ། བསྟེན་ཡུན་རིང་བ། བསྟེན་པས་མི་སྐྱོ་བ། བསྟེན་པའི་མདོ་ཆེ་བ་བཅས་ཀྱི་སྒོ་ནས་བསྟེན་དགོས།
སྣོད་དང་བཅུད་དུ་འཛོམས་པས་བླ་མས་ཀྱང་འདུ་ཤེས་བཞི་ཡི་སྒོ་ནས་བསྐྱང་སྟེ། རྒྱལ་པོའི་རྒྱལ་བུ་ཚུགས་འཛིན་གྱི་འདུ་ཤེས། རྒྱལ་པོའི་སྲས་ལ་དཀོར་འབོག་གི་འདུ་ཤེས། ཡོ་བྱད་ལྡན་པ་སྦྱིན་གཏོང་གི་འདུ་ཤེས། མ་ཡིས་བུ་གསོ་བའི་འདུ་ཤེས་དང་བཞི་བཞག་ནས་བསྐྱང༌།
འཆད་ཉན་བྱ་ཚུལ་དངོས་ནི། དཔོན་གསས་ཀྱིས་ལུས་ངག་ཡིད་གསུམ་གྱི་མ་དག་པའི་སྤྱོད་པ་རྣམས་སྤང་ཞིང༌། གཞུང་ལུགས་གང་འདྲ་འཆད་ཀྱང་གཞུང་དོན་དང་མཐུན་པར་གདན་དང་ན་བཟའ་རྒྱན་དང་ཆ་ལུགས་ཚུལ་བཞིན་གཟབ་སྟེ་བརྗིད་པའི་ཚུལ་དང་དགའ་བའི་མདངས་ཕྱུང་ནས་སྒྲ་དག་ཚིག་གསལ་གྱིས་གཞུང་དོན་ལེགས་པར་བཀྲོལ་དགོས་པ་ཡིན།
དེ་ཡང་ཡང་དག་དོན་གྱི་བརྒྱུད་པ་ལ་སྐྱོན་ལྔ་མ་ཞུགས་པ་གལ་ཆེ་སྟེ། རྒྱབ་རྟེན་ལུང་དང་བྲལ་བ་དང༌། ཡིད་ཆེས་ཁུངས་དང་འཛོལ་བ། བཅོས་པ་སེལ་དང་བཅས་པ། བར་ཆད་རྐྱེན་དབང་དུ་གྱུར་བ། ཉམས་པ་བདུད་ཀྱིས་ཟིན་པ་བཅས་མ་ཡིན་པ་དགོས།
སློབ་བུས་ཀྱང་རང་རྒྱལ་པོ་མཐོང་བ་དང༌། བླ་མ་ཚོང་དཔོན་དུ་མཐོང་བ། གདམས་ངག་ཟོང་དུ་མཐོང་བ། གྲོགས་གོང་མར་དགྲ་མཐོང་བ། ཉམས་ལེན་བྱེད་པར་ཚེ་མ་ཕྱིད་པར་མཐོང་བ་བཅས་མཐོང་ལུགས་ལྔ་ཡི་སྒོ་ནས་ཉན་པ་སྤང་ཞིང༌། རང་སྡུག་བསྔལ་བའི་ནད་པར་གོ་བ་དང༌། བླ་མ་ནད་གསོ་བའི་སྨན་པར་གོ། གདམས་ངག་ཕན་པའི་སྨན་དུ་གོ། གྲོགས་མཚུངས་པར་སྤྱོད་པ་ནད་གཡོག་ཏུ་གོ། གདམས་ངག་ཐེབས་པ་ནད་སོས་པར་གོ་བ་དང་གོ་ལུགས་ལྔ་ཡི་སྒོ་ནས་གདམས་ངག་ཞུ་དགོས།
བླ་མས་གདམས་ངག་སྟོན་སྐབས་ཟས་ནོར་གྱི་རྙེད་བཀུར་འདོད་པ་དང༌། ལོ་ཕྱིར་གྱི་འཁོར་འདབ་འདོད་པ། ཕྱོགས་འཛིན་གྱི་སློབ་མ་འདོད་པ། ཁེངས་གྲགས་ཀྱི་གཏམ་སྙན་འདོད་པ། འཇིག་རྟེན་གྱི་ཆེ་ཐབས་འདོད་པ་བཅས་ལོག་པའི་འདོད་པ་ལྔ་སྤང་ནས་སྟོན་ལུགས་ཀྱང་ཚོང་པས་ཐེག་སྟོབས་དང་སྦྱར་ནས་ཁལ་འགེལ་བ་དང༌། མཛངས་མས་ལྟོ་ཚོད་དང་སྦྱར་ནས་ཟས་སྟེར་བ་ལྟར་སྐལ་ལྡན་སློབ་མའི་བློ་ཚོད་དང་སྦྱར་ལ་བསྟན་ཏེ། གཅིག་ཆར་བའི་རིགས་ལ་ཐོག་བབས་སྤྱི་བླུགས་སུ་བསྟན། ཐོད་བརྒལ་བའི་རིགས་ལ་ཐབས་ལམ་སྣ་ཚོགས་སུ་བསླབ། རིམ་སྐྱེས་པ་ལ་གདམས་ངག་མུ་ཆགས་སུ་གདབ་པར་བྱའོ།།
སློབ་བུས་ཉན་པའི་ཚེ་མ་དག་པའི་སྤྱོད་པ་དཔོན་གསས་ལ་ཟུར་བསྟན་དང༌། ཁ་སྦུབ། འཕྲད་ཉལ། ལག་རྩེད་སོགས་ལུས་མ་དག་པ་དང༌། ལོང་གཏམ་དང༌། ཀུ་རེ། སྒྲུང་གཏམ། བཞད་བགད་སོགས་ངག་མ་དག་པ་དང༌། དྲན་རྟོག་ཕྱི་རུ་འཕྲོ་བ་དང༌། འདུ་ཤེས་ནང་དུ་འཐིབས་པ། གཞུང་དོན་ཉན་པ་ལ་སྐྱོ་བ་སོགས་སྤང་དགོས་སྟེ། རྫོགས་ཆེན་ཡོངས་རྩེ་ལས། བོན་ལ་མ་དད་མ་གུས་པ། །བསླབ་པའི་བློ་མེད་ཕྱར་བར་བཏང༌། །གལ་མི་ཆེ་དང་ངོ་སྲུང་དང༌། །ཕྱི་རུ་གཡེང་དང་ནང་དུ་སྡུད། །སྐྱོ་བའི་ཉན་པ་དྲི་མ་ཡིན། །ཞེས་གསུངས་སོ།།
དག་པའི་སྤྱོད་པ་ནི། ལུས་ངག་ཡིད་གསུམ་དྭངས་བའི་སྒོ་ནས་དབང་པོ་མ་ཡེངས་པར་རྩེ་གཅིག་ཏུ་གཏད་དེ་དང་པོ་འཛིན་པའི་བློ་དང་ལྡན་པ་གར་སྦྱིན་ལ་སྦྲང་བུ་ཆགས་པ་འདྲ་བ་ཞེས་པ་ཚིག་འབྲུ་མ་ལུས་པ་འཛིན་པ། བར་དུ་བརྟག་པའི་བློ་དང་ལྡན་པ་ས་རྡོའི་ནང་ནས་རིན་པོ་ཆེ་འཚོལ་བ་དང་འདྲ་ཞེས་ཚིག་འབྲུའི་དོན་ལ་རྣམ་པར་བརྟག་སྟེ་དོན་ལྔ་ཁྱད་པར་བཞག་པའི་ཚད་མ་གསུམ་དང་མི་འགལ་བར་སྤང་བླང་གི་གནད་ལ་བསླབ་པར་བྱ། ཐ་མ་རྟོགས་པའི་བློ་དང་ལྡན་པ་རིན་པོ་ཆེའི་ནང་ནས་གསེར་རྙེད་པ་དང་འདྲ་ཞེས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས་ལུང་རིགས་ཀྱི་གནོད་པ་ལས་གྲོལ་བའི་རྟོགས་པ་གདེངས་ཐོབ་པར་བྱ།
དེ་ལྟར་མིན་པར་དང་པོ་འཛིན་པའི་བློ་དང་མ་ལྡན་ན་བྲག་ངོས་ལ་སྲན་མ་གཏོར་བ་དང་འདྲ་ཞེས་པས་ཚིག་དོན་གང་ཡང་འཛིན་མི་ནུས་པའོ།། བར་དུ་བརྟག་པའི་བློ་དང་མ་ལྡན་ན་མི་ལོང་བའི་ལག་ཏུ་རྫས་ཁྲ་བོ་གཏད་པ་དང་འདྲ་ ཞེས་པས་དོན་གྱི་རྣམ་བཞག་གང་ཡང་ངོ་མི་ཤེས་པའོ།། ཐ་མ་རྟོགས་པའི་བློ་དང་མ་ལྡན་ན་གཅོལ་མེད་པས་འཇའ་ཚོན་དེད་པ་དང་འདྲ་ཞེས་པས་རྟོགས་པའི་དོན་གང་ཡང་ཐོབ་པ་མེད་པ་ཡིན།
གཞན་ཡང་རྫོགས་ཆེན་ཡེ་ཁྲི་ལས། ཐོས་པའི་ཐབས་ཀྱིས་མ་ཟིན་ན། གསལ་བྱེད་སྒྲོན་མེ་མེད་པའི་མི་དང་འདྲ། བར་དུ་བསམ་པའི་དོན་དང་མི་ལྡན་ན། རིན་ཆེན་བོར་ནས་སྤྲང་པོར་འཁྱམས་འདྲ། ཐ་མ་འབྲས་བུའི་འགྲོ་ས་མེད་པས། དམུ་ལོང་བྱང་ཐང་སྟོང་པར་བོར་འདྲ། ཞེས་གསུངས་པས་དཔོན་གསས་ཀྱིས་གང་བསྟན་པའི་གདམས་ངག་གི་ཚིག་དོན་རྣམས་དང་པོར་ཐོས། བར་དུ་བསམ། ཐ་མར་བསྒོམ་དགོས་པར་བསྟན་པ་ཡིན་ནོ།། ད་དུང་བཀའ་དང་བཀའ་བརྟེན་སྤང་སྒྱུར་གྲོལ་གསུམ་གྱི་བོན་སྡེ་སོ་སོར་འཆད་ཐབས་རིགས་མ་འདྲ་བ་དུ་མའང་མཆིས་སོ།།
དྲུག་པ། འཆད་ཉན་གྱི་དགོས་པ།
དེ་ལྟར་ཐོས་བསམ་འཆད་ཉན་ཚུལ་བཞིན་བྱས་པས་སྐབས་བབ་ཀྱི་གཞུང་དེའི་ཚིག་དོན་ཡོངས་སུ་རྟོགས་ནས་སྡེ་སྣོད་ཀྱི་རྒྱུད་ཁྲོལ་བ་དང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་བརྙེས་པར་འགྱུར་བའམ། འདི་ཕྱིའི་ལེགས་ཉེས་ཀྱི་བླང་དོར་ལ་མི་རྨོངས་པར་འགྱུར་བ་སོགས་དགོས་པ་ཁྱད་པར་ཅན་ཡོད་པ་ཡིན་ཏེ། མདོ་དྲི་མེད་ལས། གཡུང་དྲུང་ཐེག་མཆོག་དྲི་མེད་བོན། །ངེས་པར་བསླབ་ཅིང་འཇུག་སྤྱོད་ན། །ཚིག་གི་སྒྲོ་འདོགས་གཅོད་བྱེད་པས། །དོན་གྱི་སྙིང་པོ་གསལ་མངོན་འགྱུར། །ཞེས་དང༌། སུམ་བརྒྱ་པ་ལས། དང་པོར་དཔོན་གསས་བླ་མའི་རྗེས་འབྲེང་ཞིང༌། །ཐོས་བསམ་འཆད་ཉན་བློ་རྩལ་སྦྱང་བ་གཅེས། །ཕྱི་ཡི་ཐོས་པས་ཚིག་གི་སྒྲོ་འདོགས་གཅོད། །ནང་གི་ཐོས་པས་དོན་གྱི་གདར་ཐག་གཅོད། །ཅེས་དང༌། ཡོངས་རྫོགས་ལས། མ་ཐོས་པ་རྣམས་ཐོས་པར་བྱེད། །ཐོས་པ་ཐམས་ཅད་ཤེས་ཤིང་གོམས་པར་བྱེད། །ཅེས་དང༌། ལྟ་བ་ཁྱུང་ཆེན་ལས། དང་པོ་ཐོས་པའི་ཤེས་རབ་སྦྱང༌། །མིང་ལ་དམིགས་པ་རྙེད་པ་དང༌། །བར་དུ་བསམ་པའི་ཤེས་རབ་ཀྱིས། །མིང་དོན་ཡོངས་སུ་འབྲེལ་བ་དང༌། །ཐ་མ་སྒོམ་པའི་ཤེས་རབ་ཀྱིས། །དེ་ཉིད་ལ་ནི་རབ་ཏུ་གནས། །ཞེས་དང༌། མན་ངག་རིན་པོ་ཆེ་ཨ་ཁྲིད་ཀྱི་ངོ་སྤྲོད་རྒྱབ་སྐྱོར་ལས། གསུམ་པ་ཉམས་སུ་ལེན་ལུགས་ཀྱང༌། ཐོས་པ་ཙམ། གོ་བ་ཙམ། ཤེས་པ་ཙམ། ཡོད་ཙམ་མ་ཡིན་པར་དང་པོ་ཚིག་ཏུ་འཛིན། དེ་ནས་སེམས་ལ་ཕབ། བར་དུ་དོན་ལ་འདྲིལ། དེ་ནས་རྒྱུད་ལ་འགེལ། ཐ་མར་ཉམས་སུ་ལེན། དེ་ནས་མངོན་དུ་རྟོགས་པར་བྱེད་དོ།། ཞེས་གསུངས་པ་འདི་རྣམས་ཀྱིས་དགོས་པ་ཁྱད་པར་ཅན་བསྟན་པ་ཡིན་ནོ།།
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་ཐོག་མའི་སློབ་དགེ་འོས་སྦྱོང་བ་རྣམས་ལ་གཡུང་དྲུང་བོན་གྱི་འཆད་ཉན་གྱི་ལམ་སྲོལ་ངོ་སྤྲོད་ཆེད་སྨན་རིའི་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་གཡུང་དྲུང་བོན་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལས་ཟུར་ཙམ་ཞིག་བཏུས་པའོ།། ༢༠༠༥།༦།༢༦ 

No comments:

Post a Comment