༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག
༄༅། །ཧོར་ཟླ་བཅུ་གཉིས་ཚེས་བཅོ་ལྔ་ཉིན་གྱི་དུས་བཟང་འདི་ནི་འགྲོ་བ་ཡོངས་ཀྱིས་མ་འདྲིས་པའི་མཛའ་བཤེས་དམ་པ། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་༸རྒྱལ་བ་གཤེན་རབ་མི་བོ་མཆོག་ཡབ་རྒྱལ་བོན་ཐོད་དཀར་དང། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་འཛམ་བུའི་གླིང་དུ་སྐུ་འཁྲུངས་པའི་དུས་ཚིགས་ཁྱད་པར་ཅན་ཡིན་ལ།
ཁོང་གི་གསང་གསུམ་གྱི་ཡོན་ཏན་དང། བསམ་གྱིས་མི་ཁྱབ་པའི་མཛད་རྗེས་སོགས་ལ་བཀའ་དྲིན་རྗེས་དྲན་བྱེད་པའི་དུས་ཚོད་བཟང་པོ་ཞིག་ཡིན་པས། རྣམ་མཁྱེན་གཤེན་རབ་མི་བོས་རྗེས་སུ་ཞུགས་ཤིང། གཡུང་དྲུང་བོན་གྱི་ཐུགས་རྗེའི་སྐྱབས་འོག་ཏུ་འཁོད་པའི་བོན་འབངས་སེར་སྐྱ་ཀུན་གྱིས་སོ་སོའི་འབྱོར་ནུས་ལ་དཔག་པའི་མཆོད་འབུལ་དང། ལུས་ངག་ཡིད་གསུམ་དཀར་ཕྱོགས་དགེ་བའི་ཕྱོགས་སུ་བཀོལ་ཐུབ་ན་དགེ་རྩ་གང་བྱས་འབུམ་འགྱུར་དུ་འགྲོ་བ་ལུང་ལས་གསལ་བས་ན། ཚེ་འདི་དང་ཕྱི་མའི་ལེགས་ཕྱོགས་ཐམས་ཅད་ཡིད་ལ་བསམ་པ་བཞིན་དུ་འགྲུབ་པ་དང། འཛམ་བུའི་གླིང་དུ་ནད་མུག་འཁྲུག་རྩོད་ཀྱི་རྒུད་པ་ཐམས་ཅད་ཞི་བ། སྐྱེ་འགྲོའི་བདེ་སྐྱིད་གོང་དུ་འཕེལ་བ་ལ་སོགས་ཀྱི་ཆེད་དུ་ཁ་འདོན་དགེ་སྦྱོར་དང། ཕྱག་སྐོར་མཆོད་འབུལ། ཐོས་བསམ་སྒོམ་སྒྲུབ། གཞན་ཡང་དམར་ཟས་ལ་འཛེམ་པ། བསྙེན་སྙུང་གི་སྡོམ་པ་ལ་གནས་པ་སོགས་ལ་བརྩོན་ན་དགེ་བའི་བསོད་ནམས་ཀྱི་ཕན་རླབས་ཆེ་བ་མ་ཟད། སྟོན་པ་མཆོག་གི་བསྟན་པ་རིན་པོ་ཆེའི་བཀའ་དྲིན་གྱིས་འཚོ་བའི་གྱེར་འབངས་གདུལ་བྱ་ཡོངས་དང། ལྷག་པར་གྱེར་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་འཆང་བ་པོ་ཀུན་གྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ངེས་པར་དུ་སྲུང་བརྩི་ཞུ་དགོས་པའི་འཁྲུངས་སྐར་དུས་ཆེན་ཁྱད་པར་དུ་འཕགས་པ་ཞིག་ཡིན། དེ་ཡང་རྒྱལ་ཟླ་བའམ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནི་སྟོན་པའི་འཁྲུངས་དུས་ཁྱད་པར་ཅན་ཡིན་པ་མཛད་མདོ་རྒྱས་འབྲིང་གཉིས་སོགས་ཚད་ལྡན་གྱི་ལུང་དུ་མའི་དགོངས་པ་དང། སྐར་རྩིས་རིག་པའི་རྙེད་དོན་བཅས་ལ་དངོས་མཐོང་ནམ་མཁའི་གཟའ་སྐར་འཁོར་བགྲོད་ཀྱིས་བདེན་དཔང་བྱས་ཏེ་དཔྱད་གསུམ་རྣམ་པར་དག་པའི་གྲུབ་དོན་ཡིན་པས་འཛམ་གླིང་གི་ས་ཁྱོན་གང་དུ་གནས་པའི་འོ་ཅག་བོན་འབངས་ཀུན་གྱིས་སྟོན་པ་མཆོག་གི་བཀའ་དྲིན་སྙིང་ལ་བཅངས་ཏེ་དུས་བཟང་ཁྱད་པར་ཅན་འདི་གཙིགས་ཆེར་འཛིན་པར་འོས་སོ།། ཐ་ཚན་མུ་ཙུག་སྨར་རོ།། །།
No comments:
Post a Comment