Sunday, December 18, 2011

ཨ་རིའི་གསེར་གྱི་གཟེངས་རྟགས་ཀྱི་ཤིས་བརྗོད།


རིན་ཆེན་དང་པོའི་གཟི་མདངས་ལས་འཕྲོས་པའི་ཤིས་བརྗོད།

 གངས་ཅན་མགོན་པོའི་གསང་གསུམ་མཛད་འཕྲིན་སྲིད་ཞིའི་ཁྱོན་དུ་བརྡལ་བའི་ཚེ། །
ཤར་ནུབ་མི་གཅིག་རྒྱལ་ཁམས་དུ་མས་ལེགས་གསོལ་གཟེངས་བསྟོད་ཆར་བཞིན་བསྙིལ། །
སྟོབས་ཆེན་ཨ་རིའི་ཡུལ་གྱི་ཆེ་མཐོང་རིན་ཆེན་དང་པོའི་ལེགས་སྐྱེས་ཕུལ། །
ཞི་བདེར་མོས་པའི་སྐྱེ་འགྲོ་ཡོངས་ནས་དགའ་སྤྲོའི་རྫོགས་ལྡན་དཔལ་ལ་རོལ། 
ཨ་ལ་ལ་ཧོ་ངོ་མཚར་རྨད་བྱུང་སྐལ་བཟང་དགེ་བའི་དུས་ཀྱི་ཆར། །
གངས་ལྗོངས་བསྟན་སྲིད་མི་རིགས་དོན་དུ་ཉེས་བྱས་ཕྲ་མོ་མི་གསག་ཅིང༌། །
བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་བྱེད་དམ་བཅའ་བརྟན་པོ་སླར་བཅས་ཏེ། །
གངས་ཅན་མགོན་པོའི་བཞེད་དགོངས་ཇི་བཞིན་བསྟན་འགྲོའི་སྲི་ཞུ་གོང་འཕེལ་ཤོག །
གདོད་ནས་ཀུན་བཟང་རྒྱལ་སར་བརྙེས་ཀྱང་རྗེས་བརྩེས་འགྲོ་ལ་མངོན་གཟིགས་ཤིང༌། །
གངས་ལྗོངས་ཕྱུག་མོའི་ཤར་རིའི་ཕང་ནས་གཟུགས་སྐུའི་རྟེན་མཆོག་མངོན་འཛུམ་པའི། །
གོ་ལའི་ཁྱོན་འདིར་གཟི་བརྗིད་དཔལ་ཡོན་སུས་ཀྱང་འགྲན་བྲལ་སྲིད་ཞིའི་ནོར། །
གངས་ཅན་མགོན་པོ་མཆོག་གི་སྐུ་ཚེ་མི་འགྱུར་གཡུང་དྲུང་སྐུར་བརྙེས་ཤོག །
འདི་ཕྱིའི་ཕན་བདེའི་ལེགས་བཤད་འབུམ་ཕྲག་སྐལ་བཟང་དད་པའི་གསོས་སུ་སྟེར། །
ཕ་རོལ་དགྲ་བོའི་གཞི་མེད་ཚིག་མཚོན་བདེན་དོན་ཞི་འཇམ་གསུང་གིས་གཞིལ། །
དྲི་བྲལ་ལྷད་མེད་གསུང་དབྱངས་གཅིག་གིས་སྲིད་ཞིའི་གདུང་བ་ཀུན་སེལ་བའི། །
གངས་ཅན་མགོན་པོ་མཆོག་གི་ཞལ་གསུང་འགག་མེད་ཚངས་པའི་དབྱངས་ཐོབ་ཤོག །
ཟབ་གསལ་འཁྲུལ་བྲལ་ཐུགས་ཉིད་ཀློང་དུ་ལུགས་གཉིས་མཁྱེན་བརྒྱའི་དཔལ་ཡོན་རྫོགས། །
སྐྱེས་སྟོབས་རིག་རྩལ་ཐུགས་གཤིས་ཟབ་མོར་ཚན་འཕྲུལ་རིག་པའི་རང་སྟོབས་འབར། །
ས་གསུམ་འགྲོ་ཀུན་ཞི་བདེར་འཁྲིད་བྱེད་ཚད་མེད་བྱམས་བརྩེས་ཐུགས་རྒྱུད་གཏམས། །
གངས་ཅན་མགོན་པོ་མཆོག་གི་ཐུགས་སྟོབས་འཛད་མེད་དབྱར་མཚོ་ལྟར་འཕེལ་ཤོག །

No comments: