Thursday, December 29, 2011

རྗེས་དྲན་བྱིན་རླབས་འདོད་འཇོ།


དུས་ངན་སྙིགས་མའི་སྨག་རུམ་སྟུག་པོས་རྒྱལ་བསྟན་འོད་སྣང་སྒྲིབ་ཉེའི་མཚམས།།

སྔ་འགྱུར་བསྟན་པའི་གྲུབ༵་དབ༵ང་འབུམ་གྱི་རྗེས་བརྩེའི་རླབས་ཀྱིས་ཉེར་དྲངས་ཤིང༌།།

སྔོན་བསགས་འབྲས་བཟང་དུས་སུ་སྨིན་ཏེ་པ༵དྨ༵་འོད་ཀྱི་ཞིང་ཁམས་ནས།།

ཞི་བསིལ་བདེ་དགའི་དཔལ་ཡོན་སྟེར་བའི་རིན་ཆེན་ནོར༵་བུ༵འི་འོད་སྟོང་གྲོལ།།

གང་འདུལ་འགྲོ་བློའི་ཁམས་དང་བསྟུན་ཕྱིར་ཐོས་བསམ་སྒོམ་པའི་བྱི་དོར་གཟབ།།

རྒྱལ་བསྟན་མི་ནུབ་སྲིད་མཐར་གནས་ཕྱིར་འཆད་རྩོད་རྩོམ་པའི་འོད་མདངས་བཀྱེས།།

སྲིད་ཞི་ཕན་བདེའི་དཔལ་ལ་སྦྱོར་ཕྱིར་འཁོར་ལོ་གསུམ་གྱི་ཆར་ཆེན་དབབ།།

མཛད་སྙན་གྲགས་པའི་བ་དན་མཐོན་པོ་འཕགས་ཡུལ་ལྷོ་མཐའི་སྤོ་ནས་གཡོས།།



ལྟ་གྲུབ་མི་གཅིག་ཆོས་ལུགས་དུ་མར་དག་སྣང་ནོར་བུའི་དཔལ་ཡོན་སྟེར།།

ཤར་ནུབ་མི་གཅིག་འབུམ་ཕྲག་གདུལ་བྱའི་དགོས་འདོད་རེ་བ་ཡིད་བཞིན་བསྐང༌།

གངས་ལྗོངས་ཆོས་སྲིད་མི་རིགས་ཆེད་དུ་ཐམས་ཅད་མཁྱེན་པའི་ཐུགས་སྲོག་བཟུང༌།།

གྲུབ་དབང་དམ་པའི་མཛད་འཕྲིན་བརྗོད་ལ་ཐོས་ཆུང་བདག་འདྲ་ངལ་བའི་རྒྱུ།།



ཁྱེད་ཀྱི་མཛད་འཕྲིན་མུ་མེད་ཁྱོན་ལས་ཆ་ཕྲན་ཙམ་ཞིག་དྲན་པའི་མོད།།

རིས་བྲལ་དད་གདུང་མོས་གུས་ཟབ་མོས་རྩེ་གཅིག་གསོལ་བ་བཏབ་པའི་མཐུས།།

གྲུབ་དབང་དམ་པའི་ཐུགས་དགོངས་རྫོགས་ཤིང་རྗེས་འཇུག་གདུལ་བྱའི་རེ་འབྲས་བསྐང༌།།

རིས་མེད་བསྟན་པའི་ཉི་གཞོན་འབུམ་ཕྲག་སྲིད་འདིར་འཛུམ་པའི་བྱིན་རླབས་སྩོལ།།
            རྩོམ་ཡིག་འདི་ནི་སྔ་འགྱུར་རྙིང་མའི་དབུ་ཁྲིད་བླ་ཆེན་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་དུས་དྲན་དང་བསྟུན་ལྷོ་ཕྱོགས་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་ ༢༠༡༠ ལོར་པར་བསྐྲུན་གནང་བའི་(རྗེ་བཙུན་བླ་མའི་གསང་གསུམ་རྗེས་སུ་དྲན་པ་)ཞེས་པའི་ཕྱག་དེབ་ཐོག་བཀོད་ཐོན་བྱུང་ཡོད།

No comments:

Post a Comment