Thursday, August 30, 2012

འཇུ་ཆེན་ཐུབ་བསྟན་གྱི་ལོ་རྒྱུས་སྙིང་བསྡུས།


༄༅། །དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་
སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས།

༄༅། །དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༣༠  བོད་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོར་མདོ་ཁམས་འབྲི་ཆུ་ཤར་རྒྱུད་སྡེ་དགེའི་ཁོངས་རྨེ་ཤོད་དུ་སྡེ་དགེ་ཚང་གི་མདུན་འཁོར་འཇུ་ཆེན་ཚང་དུ་སྐུ་འཁྲུངས་པ་དང༌།  ཆུང་དུས་ནས་དགེ་བའི་བཤེས་གཉེན་བསྟེན་ཏེ་བོད་ཀྱི་བརྡ་དག་རིག་གནས་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང༌། དགུང་ལོ་ ༡༧ ཐོག་ལྷ་ས་དང་ས་སྐྱ་སོགས་ལ་གནས་གཟིགས་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་སྟེ་དགུང་ལོ་ ༡༩ ཐོག་རང་ཡུལ་དུ་ཕེབས།
       ༡༩༥༥ ལོར་ཁམས་ཁུལ་དམངས་གཙོའི་བཅོས་བསྒྱུར་ཞེས་པ་ལག་བསྟར་བྱེད་སྐབས་ལས་འགུལ་དེར་ངོ་རྒོལ་འཐབ་འཛིང་བྱས་པ་དང་སྡེ་དགེ་ཚང་གི་གནས་སྟངས་གཞུང་སར་སྙན་གསན་དང༌། སྡེ་དགེ་ཁུལ་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱ་རྒྱུར་བོད་གཞུང་གིས་མཚོན་ཆའི་མཐུན་འགྱུར་ཡོང་བ། དེ་བཞིན་གཞུང་གི་མཛད་བྱུས་དང་འབྲེལ་བའི་ལམ་སྟོན་ཇི་ཡོད་དང་ཆུ་སྒང་གི་སྒེར་ལངས་སྐོར་བཅས་ཤེས་རྟོགས་སླད་ལྷ་སར་ཐེངས་ལྔ་ཙམ་མངགས་པ་ལྟར་ཕེབས།
༡༩༥༩ ལོའི་ལོ་སྟོད་དུ་ལྷ་ས་ནས་ཕ་ཡུལ་དུ་ཐེངས་རྗེས་མ་ཕེབས་ལམ་ཆབ་མདོར་འབྱོར་སྐབས་ཁམས་ཤར་ནུབ་སྟོད་སྨད་གང་ས་ནས་རྒྱ་དམར་ལ་རྒོལ་འཛིང་བྱས་ཟིན་སྟབས་ཆབ་མདོ་ནས་ཕར་ཕེབས་མ་ཐུབ་པར་ལྷ་སར་ཕེབས། ཉིན་ཉི་ཤུ་ཙམ་གྱི་རྗེས་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་སྒེར་ལངས་ཆེན་མོ་བྱུང་བར་བརྟེན་ནོར་གླིང་དུ་དང་བླང་མི་དམངས་ཀྱི་ཁོངས་ཕེབས་ནས་སྡེ་དགེ་ཤོག་ཁག་གི་མི་གྲངས་ ༢༠༠ སྐོར་གྱི་འགོ་ཁྲིད་གནང༌།
ྋགོང་ས་མཆོག་ནོར་གླིང་ནས་ཆིབས་ཐོན་གནང་བའི་ཕྱི་ཉིན་ནོར་གླིང་དམག་སྤྱི་ཁང་གི་བཀའ་བཀོད་ལྟར་ར་མ་སྒང་གྲུ་ཁར་རྒྱ་དམག་རྗེས་དེད་དུ་འགྲོ་མཁན་བཀག་འགོག་ཆེད་འགྲོ་སྐབས་རྒྱ་དམག་སྔོན་འབྱོར་ཟིན་པར་འཁྲུག་འཛིང་དང༌། དེ་ནས་ཆུ་ཤུལ་དང་ཡར་འབྲོག་མཚོ་ཁ། གཉན་སྦྱོར་ར། ཁ་བཏགས་དགོན་སོགས་སུ་རྒྱ་དང་འཁྲུག་འཛིང་ལན་མང་གནང་མཐར་རྨ་སྒོ་ལ་བརྒྱུད་རྒྱ་གར་ལ་ཕེབས་ནས་མི་ས་མ་རི་དང་ཀ་སྦུག་ལ་བཞུགས།
༡༩༦༠ ལོར་རྒྱ་གར་ལྷོ་ཕྱོགས་མའི་སོར་གཞིས་ཆགས་སུ་ཕེབས་ཏེ་བཅུ་དཔོན་དང་མི་མང་གི་འཐུས་མི་གནང༌། ༡༩༦༣ ནས་ ༡༩༦༥ བར་རྡོར་གླིང་ཁུལ་དུ་བཞུགས། ༡༩༦༥ ལོར་མའི་སོར་དུ་ཕྱིར་ཕེབས་ཀྱིས་སྡོད་སྒར་གཉིས་པའི་སྤྱི་མི་ལོ་བརྒྱད་དང༌། མཉམ་འབྲེལ་བལྟ་རྟོག་ཚོགས་མི་ལོ་དགུ་གནང༌། ༡༩༧༢ ལོར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གནང༌།
༡༩༧༢།༡༢།༢༥ ནས་ ༡༩༧༦།༥།༥ བར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་གནང་སྐབས་སྤྱི་འཐུས་ཚོགས་གཙོའི་མཛད་འགན་ཡང་བཞེས། ༡༩༧༦།༥།༡༡ ཉིན་དྲིལ་བསྒྲགས་བཀའ་བློན་དུ་བསྐོས། དེ་རྗེས་རྒྱུན་བཞུགས་བཀའ་བློན་གྱི་འགན་ཁུར་བཞེས། ༡༩༧༩ ལོར་རྒྱ་ནག་བརྒྱུད་བོད་ནང་ལྟ་སྐོར་སྐུ་ཚབ་ཐེངས་དང་པོའི་ཚོགས་གཙོར་ཕེབས། ལོ་དེ་གའི་ནང་རྒྱུན་བཞུགས་བཀའ་བློན་ཡིན་མུས་ཁར་ཤེས་རིག་བཀའ་བློན་དུ་བསྐོ་བསྩལ་ལྟར་ ༡༩༨༠།༨།༢༤ ནས་ ༡༩༨༥ ཟླ་དང་པོ་བར་དང༌། དེ་རྗེས་བཀའ་བློན་ཁྲི་པ་ཡིན་མུས་ཁར་  ༡༩༨༧ ཟླ་ ༩ ནས་ ༡༩༨༨ ཟླ་ ༡༡ བར་བཅས་ཤེས་རིག་བཀའ་བློན་གྱི་མཛད་ཁུར་ཐེངས་གཉིས་བཞེས། ༡༩༨༢ ལོར་ཡང་བསྐྱར་རྒྱ་ནག་ཏུ་སྐུ་ཚབ་མི་གསུམ་བཏང་བའི་གཙོ་བོར་ཕེབས། ༡༩༨༣།༣།༡༡ ཉིན་ནས་ཆོས་དོན་དང་ནང་སྲིད་བཀའ་བློན་བཅས་འཕར་སྣོན་དུ་བསྐོ་བསྩལ་ལྟར་ཕྱག་ལས་གནང༌། དེ་རྗེས་  ༡༩༨༤ ལོར་སླར་ཡང་རྒྱ་ནག་ཏུ་འབྲེལ་མཐུད་ཉམས་ཞིབ་ལས་དོན་མཇུག་སྐྱོང་ཆེད་སྐུ་ཚབ་མི་གསུམ་བཏང་བའི་གཙོ་བོར་ཕེབས། ༡༩༨༣ ནས་བཟུང་བཀའ་བློན་ཁྲི་པའི་འགན་ཁུར་ལོ་བརྒྱད་དང༌། ཁྱོན་བསྡོམས་བཀའ་བློན་གྱི་མཛད་ཁུར་ལོ་ངོ་ ༡༥ བཞེས། ལས་ཡུན་དེའི་རིང་ཤེས་རིག་ལས་དོན་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་མི་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ ༡༩༩༢ བར་གནང་། བོད་ཀྱི་ཟློས་གར་ཚོགས་པའི་འགན་ལྷན་ཚོགས་གཙོ་ ༡༩༩༥ ལོ་བར་དང་། མ་སུ་རི་བོད་ཁྱིམ་འགན་ལྷན་གྱི་ཚོགས་མི་དང་། རྡ་ས་བོད་ཁྱིམ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་སྐུ་མ་གཤེགས་བར་གནང་།
༡༩༩༠ ནས་ལོ་གཅིག་ཙམ་རིང་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་དང། དེ་རྗེས་ ༡༩༩༡ ཟླ་ ༦ པ་ནས་ ༡༩༩༥ བར་བོད་ཀྱི་རྩ་ཁྲིམས་བསྐྱར་ཞིབ་འཆར་ཟིན་ཚོགས་ཆུང་གི་འགན་འཛིན་གནང་སྟེ་རྩ་ཁྲིམས་ཟིན་བྲིས་འཆར་འབུལ་ཞུས།  ༡༩༩༩ ནས་ ༢༠༠༡ བར་ལོ་གཉིས་དང་ཟླ་བ་དྲུག་རིང་ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་གི་འགན་འཛིན་དང་། ༢༠༠༠ ནས་ལོ་གཅིག་རིང་བཀའ་འབྲེལ་མདོ་སྟོད་ཆུ་སྒང་རྒྱལ་ཡོངས་འོས་འདེམས་ཚོགས་ཆུང་གི་ཚོགས་གཙོ་གནང་སྟེ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཆ་ཡོངས་ནས་མདོ་སྟོད་རྒྱ་ཆེའི་མང་ཚོགས་ཚང་མས་དབུས་རྒྱུན་འོས་འདེམས་གནང་སྲོལ་གྱི་མང་གཙོའི་མིག་དཔེ་འོས་པ་ཞིག་བསྐྲུན།
        ༢༠༠༡ ལོ་དང་ ༢༠༠༦ ལོ་སོ་སོར་བཀའ་བློན་ཁྲི་པ་གནང་རྒྱུའི་ཆེད་དུ་མ་ཡིན་པར། བཅའ་ཁྲིམས་དགོངས་དོན་འོས་མི་ཉུང་མཐར་གཉིས་དགོས་པ་ལྟར་ཁྲིམས་ལུགས་གཞི་བཟུང་བཀའ་ཁྲི་འོས་འདེམས་ཀྱི་ལས་དོན་ལག་བསྟར་དང་གཞུང་གི་ཕྱག་གྲོན་ཆུད་ཟོས་སུ་མ་འགྲོ་བའི་ཆེད་དུ་མི་མང་ནས་ཐད་ཀར་འོས་འདེམས་གནང་བའི་བཀའ་བློན་ཁྲི་པའི་འོས་འདྲར་བཞེངས་གནང་མཛད།
གཞན་ཡང་༸གོང་ས་མཆོག་གི་བཀའ་སློབ་སྤྱི་བསྩལ་ལྟར་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་བོད་ཀྱི་གནས་བབ་སྤྱི་དང་། ཉེ་རབས་ཀྱི་གནས་སྟངས་བཅས་ཞིབ་ཕྲ་དེབ་ཐེར་བཅུ་ཕྲག་གཅིག་ཡས་མས་ཤིག་བྲིས་གནང་བ་སོགས་བོད་སྤྱིའི་རྩ་དོན་དང་གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བསྟན་སྲིད་སྤྱི་སྨན་གྱི་མཛད་འགན་རྒྱ་ཆེར་བཞེས་གནང་མཛད། མདོར་ན་དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་རེད། ༢༠༡༡ ཟླ་ ༩ ཚེས་ ༡ ཉིན་ཁོང་གི་སྐུ་ཕུང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་སྦིར་ཅོན་ཏ་ར་འཇུ་ཆེན་གཟིམ་ཤག་ཏུ་འབྱོར་སྐབས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲོན་འབུལ་གནང་བ་མ་ཟད། གཞན་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དབུས་བོད་གངས་ཅན་པའི་ཆོས་སྲིད་ཀྱི་ཆེ་རྒུ་དུ་མ་ཆེད་ཕེབས་ཀྱིས་དགེ་བསྔོའི་འདས་མཆོད་རྒྱ་ཆེ་བསྒྲུབས་གནང་དང་། ཤུལ་ལུས་ནང་མི་གཉེན་འཁོར་རྣམས་ལ་ཐུགས་གསོ། སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༢ པར་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་འཇོག་གནང་མཛད། ཞེ་དགུའི་བདུན་ཚིགས་ ༤ པའི་ནང་དཔལ་ལྡན་ཆོས་རིག་ལས་ཁུངས་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་ཐུན་མོང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པ་ལྷན་འཛོམས་སྐབས་དམ་པ་དེའི་ཆེད་བསྔོ་སྨོན་མཆོད་འབུལ་ཡང་གནང་། རྗེས་ཤུལ་ནང་མི་རྣམས་ཀྱིས་ཀྱང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་དུ་མའི་བླ་སྤྲུལ་དགེ་འདུན་རྣམས་ལ་བསྙེན་བཀུར་གསོལ་སྨོན་རྒྱ་མི་ཆུང་བ་ཞུས་པ་དང་། རྗེས་དྲན་བྱང་ཆུབ་མཆོད་རྟེན་ཡང་བཞེངས་བསྐྲུན་གྲུབ་ཡོད་པ་བཅས།།

No comments:

Post a Comment