Wednesday, January 9, 2013

༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བཀའ་སློབ་གསེར་གྱི་ཡང་ཞུན།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་དང་། ཐེངས་གཉིས་པའི་བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་སྒྲུབ། སྐབས་བདུན་པའི་དགེ་བཤེས་མཛད་སྒོ་བཅས་ཀྱི་གཏང་རག་སྐབས་ཏེ་ ༢༠༡༣ ཟླ་ ༡ ཚེས་ ༢ ཉིན་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བཀའ་སློབ་བཀའ་དྲིན་བསྩལ་གནང་བ་སྒྲ་ཕབ་ཀྱིས་ནག་འགྲོས་སུ་བཀོད་པ་གསེར་གྱི་ཡང་ཞུན་བཞུགས།

༄༅། །ད་བཀའ་སློབ་ཟེར་ནས་རྒྱ་ཆེན་པོ་ཞུ་གཏོང་རྒྱུ་གང་ཡང་མི་འདུག་སྟེ། དོན་དག་སྐྱིད་གཏམ་སྡུག་གཏམ་འདྲ་ཞིག་རེད། སྤྱིར་བཏང་བལ་ཡུལ་དུ་སླེབས་ནས་མི་ལོ་ཉི་ཤུ་རྩ་ལྔ་རེད། ཡིན་ནའང་སྐྱབས་བཅོལ་བྱུང་ནས་མི་ལོ་ལྔ་བཅུ་ང་གྲངས་རེད་ཚར་རེད། དེ་ནས་ད་བར་དུ་སྐྱིད་སྡུག་མང་པོ་ཞིག་བྱུང་ཚར་བ་རེད། ཚང་མ་ཞུ་འདུག་དགོས་ན་ཞུ་ཚོད་ཡོད་རྒྱུ་མ་རེད། ཉི་མ་མང་པོའི་སྐད་ཆ་རེད། ད་ཡིན་ན་འདི་ན། སྐབས་ཐོག་དང་པོ་དེར་རྒྱ་གར་ནས་ལས་ཀ་མང་པོ་འདྲ་མི་འདྲ་ཞིག་ལས་ཚར་བའི་གཞུག་གུ་ལ་བལ་ཡུལ་དུ་ཡོང་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་དུས། སྤྱིར་བཏང་བོད་ལ་ས་ཐག་རིང་བ་དང་གཅིག་བྱས། ཡང་དགོས་སུ་འདིའི་ས་མཚམས་ལ་རང་རང་ཆོས་ལུགས་གཅིག་པ་ཡིན་མཁན་གྱི་ཡུལ་སྡེ་ཆགས་བསྡད་ནས་ཡོད་པ་དེ་ཚོ་ལ་དམིགས་གཏད་བྱས་ནས་ཡོང་དགོས་པའི་རྒྱུ་མཚན་གཅིག་དེ་རེད།
གཉིས་ནས། རྒྱ་གར་ལ་ཐོབ་རྒྱལ་གསར་པ་གཞི་བཙུགས་ནས་བཟུང་སྟེ་གྲྭ་རྒྱུན་ཁ་ཤས་ཡོང་མཁན་དེ་ས་མཚམས་གྱི་བོན་པོ་ཁག་ནས་ཡོང་མཁན་རེད། གློ་དང་དོལ་པོའི་རྒྱུད་ནས་ཡོང་མཁན་ཤ་སྟག་རེད། ཡིན་ན་དེ་ཚོ་ཚང་མ་གཞིས་ཆགས་ཏེ་ལོ་སྟོང་ཕྲག་གི་གོང་ལ་ཡོད་བསྡད་མཁན་གྱི་ལུང་པ་རེད། བོན་པོ་རེད། སྤྱི་ཚོགས་ཀྱི་གནས་སྟངས་བྱས་ན་སྐྱབས་བཅོལ་པ་འདྲ་བོ་ཞིག་གི་གནས་སྟངས་རེད་མ་གཏོགས་མེད་རེད། ལུང་པ་སྐྱོ་པོ་རེད། ས་རི་མཐོན་པོ་རེད། ཕན་ཚུན་གྱི་འབྲེལ་ཐག་ཞེ་དྲག་མེད་པ་བྱས། ད་གནས་སྟངས་དཀའ་ལས་ཁག་པོ་ཡོད་པའི་ལུང་པ་རེད། ཡིན་ན་རང་རང་གི་ཆོས་དང་ལུགས་སྲོལ་དེ་སྲ་ཐག་ཐག་བྱས་ནས་བསྡད་བསྡད་མཁན་གྱི་ལུང་པ་རྩ་ཆེན་པོ་ཞིག་ཡིན་པ་རེད། དེ་ང་རང་གིས་ཧ་གོ་སོང་། ང་ལུང་པ་དེའི་ཟུར་གཅིག་ལ་མ་གཏོགས་འགྲོ་མ་མྱོང་རེད་དེ་ཡིན་ན་ཧ་གོ་ཡི་ཡོད། དེ་བྱས།
དམིགས་བསལ་ད་ལན་ཞུ་རྒྱུ་ལ། དགོན་སྡེ་བདུན་འདུག་བ། དེ་ཚོ་རེད། དེའི་དགོན་པ་བདུན་པོ་དེ་ཚོ་དམིགས་བསལ་བཀའ་དྲིན་ཆེན་པོ་ག་རེ་བྱུང་བ་རེད་ཟེར་ན། ༡༩༦༠ ལོ་ལ་ང་ཚོ་སྐྱབས་བཅོལ་བྱུང་བ་རེད། སྐྱབས་བཅོལ་བྱུང་མ་ཐག་ནས་ཕྱི་ལོག་ལ་སླེབས་པ་དང་། ལོ་གསུམ་གྱི་རིང་ལ་དབྱིན་ཇི་ལུང་པ་ལ་གནས་འཁོད་སོང་བ་རེད། དེ་དུས་མི་སྡེ་ཐམས་ཅད་རེད། སྤྱིར་བཏང་ནུབ་ཕྱོགས་པ་ཡི་བསམ་སྟངས་རེད་ག་རེ་འདུག་ཟེར་དུས་བོད་པའི་ཆོས་སྐོར་ལ་ཞིབ་འཇུག་བྱེད་མཁན་ཉུང་ཉུང་རེད། དེའི་ནང་ནས་དམིགས་བསལ་གྱིས་བོན་པོ་དེ་ཞེ་དྲག་གིས་མཐོང་ཆུང་བརྩི་འདུག་རྒྱུ་ཞིག་རེད། དེ་ག་རེ་རེད་ཟེར་ན། བོད་ཀྱི་སྤྱི་ཚོགས་ཀྱི་སྟེང་ནས་བཤད་རྒྱུ་རྒྱ་ཆེན་པོ་ཞིག་ཡོད་བསྡད་དུས་དེའི་ནང་ལ་དུས་རྟག་ཏུ་སྨ་བསྡད་རྒྱུ་ཞིག་མ་གཏོགས་ལེགས་གསོལ་བརྗོད་རྒྱུ་ནི་དུས་ནམ་ཡང་ཡོད་པ་མ་རེད། དམིགས་བསལ་བོད་ཀྱི་ཕྱི་ལ་འཁོད་ཚར་བའི་ཡིག་ཆ་ཚང་མ་དེ་ལ། ཡུ་རོབ་རེད། ཨ་རི་རེད། ས་ཆ་ག་བར་ཡིན་ན་ཆོས་ལུགས་ཀྱི་ཡིག་ཆ་འདྲ་མི་འདྲ་མང་པོ་ཞིག་ཡུལ་དེ་ཚོ་ལ་ཡོད་བསྡད་མཁན་ཞིག་རེད་འདུག བོན་པོའི་ཡི་གེ་སྔ་མོ་ཡོད་ས་དབྱིན་ཇི་ལུང་པ་ལྟ་བུ་ལ་ཆ་བཞག་ན། པོ་ཏི་གཉིས་གསུམ་ཞིག་མ་གཏོགས་མི་འདུག དེ་ལ་བལྟ་རྟོག་བྱེད་མཁན་མི་འདུག ལུང་པའི་མི་ཡི་བཤད་སྲོལ་དང་། ཤེས་ཡོན་ཡོད་མཁན་ཚང་མས་བཤད་སྲོལ་དེ་ག་རེ་བྱུང་འདུག་ཟེར་ན། དེ་ལ་བོན་པོ་ཟེར་མཁན་དེ་ཀླ་ཀློ་དང་། མ་རབས། མི་ཤ་ཟ་མཁན། དམར་མཆོད་འབུལ་མཁན་སོགས་རྐྱང་རྐྱང་བརྗོད་པ་མ་གཏོགས་ལེགས་གསོལ་བརྗོད་མཁན་ནི་སུ་གཅིག་ཡོད་མ་རེད། མི་འདུག རྩ་བ་ཉིད་ནས་མི་འདུག དམིགས་བསལ་བོད་ཟེར་བ་དེ་ག་རེ་བཤད་པ་དེ་མང་ཆེ་ཤོས་ཀྱིས་ཧ་གོ་ཡི་མི་འདུག གནས་སྟངས་ཡོད་མཁན་ཁ་ཤས་ཁ་ཤས་མ་གཏོགས་ཞེ་དྲག་ཧ་གོ་ཡི་མི་འདུག དུས་སྐབས་དེ་འདྲ་ཞིག་རེད་འདུག དེའི་ནང་ནས་བོན་པོའི་ཕྱོགས་ལ་ཡོང་མཁན་དེ་ཚོ་ཡི་རྐྱེན་དེ་གར་ཞིག་རེད་མི་འདུག ང་ཚོའི་མདོ་གཟེར་མིག་གི་ནང་ལ་བྲན་ཕྲུག་འཕྲུལ་ཤེས་ཀྱི་རྐྱེན་བྱས་ཏེ་གྷ་ཧ་དྷ་ནག་པོས་མི་བསད་ནས་དམར་མཆོད་ཕུལ་བའི་ལུགས་སྲོལ་འདུག དེ་རང་ལུགས་དང་གཞན་ལུགས་ཧ་མ་གོ་ནས་ཡི་གེ་ནང་ལ་བྲིས་བཞག་པ་དེ་ཤ་སྟག་རེད་འདུག དེས་རྐྱེན་བྱས་ཏེ་བོན་པོས་མི་གསོད་ནས་དམར་མཆོད་འབུལ་མཁན་ཡོད་པ་དང། དེ་ཚོའི་རྒྱུ་མཚན་དེ་འདྲ་བཤད་ཀྱི་འདུག རྒྱུ་མཚན་མེད་པ་རེད་མི་འདུག རྒྱུ་མཚན་ཡི་གེ་ནང་ལ་ཡོད་པ་རེད། ལོ་རྒྱུས་དངོས་གནས་མ་རེད། ལོ་རྒྱུས་དངོས་གནས་འབྲི་དགོས་ཀྱི་ཡོད་ན་ཕུག་གཏུགས་ནས་འབྲི་དགོས་ཀྱི་རེད་དེ། ཕུག་གཏུགས་ནས་ཤོད་མཁན་དེ་དཀའ་ལས་ཁག་པོ་འདུག ཡི་གེ་ནང་ལ་ཁ་ཐུག་ཁ་ཐུག་ག་རེ་མཐོང་བ་དེ་སྔར་ནས་ད་བར་དུ་འབྲི་སྐྱོར་རྐྱང་རྐྱང་བཟོས་འདུག དེ་ཞིབ་འདུག་བྱེད་ཟེར་གྱི་འདུག ཞིབ་པར་འཇུག་རྒྱུ་དེ་གཞུང་ལུགས་ཁོ་རང་ལ་གོ་ཆོད་ལེ་ཞིག་དང་ཡག་པོ་ཧ་མ་གོ་བར་དུ་ཡི་གེ་ནང་ཡོད་པ་ཙམ་གྱིས་བྲིས་བཞག་པ་ཡིན་ན་འགྲིག་གི་མི་འདུག ཚང་མས་དོ་སྣང་བྱེད་དགོས་རྒྱུ་ཞིག་རེད། ཕྱི་རྒྱལ་གྱི་མི་ཡིན་ན་ཡོན་ཏན་མེད་པར་ཞིབ་འཇུག་བྱེད་ཀྱི་ཡོད་ཟེར་ཚད་ལ་ཡི་གེ་བསྟན་ཆོག་ཆོག་དང་། ཡི་གེ་དེ་ལ་ཡིད་ཆེས་བྱེད་ཆོག་ཆོག་ཅིག་རྩ་བ་ནས་བྱེད་ཉན་ས་མ་རེད་མ་གཏོགས། བསྟན་པ་ནག་འབྱམས་འགྲོ་ས་རེད། ཞབས་འདྲེན་འགྲོ་ས་རེད། སྨ་འབེབས་འགྲོ་ས་རེད། དེ་ཚོ་ཐམས་ཅད་ཚང་མ་ཡིས་ཡིད་ལ་འཇོག་དགོས་རྒྱུ་གཅིག་རེད།
དེ་ནས་ལྷག་པར་དུ་ད་ལན་གྱི་གནས་སྐབས་འདི་ལ་ང་ཚོ་སྔོན་མ་དོལ་པོ་དང་འདི་ཚོ་ཡི་དགོན་སྡེ་བདུན་པོ་དེ་བཀའ་དྲིན་ཆེན་པོ་རེད། བཀའ་དྲིན་ནང་ནས་བཀའ་དྲིན་ཆེན་པོ་ཡིན། ང་རང་ཚོའི་ཉམས་མྱོང་གི་སྟེང་ནས་བཀའ་དྲིན་ཆེན་པོ་ཡིན་པ་དེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན་ངའི་དགེ་རྒན་ཧོར་པ་དཔོན་སློབ་རིན་པོ་ཆེ་ཐེངས་མ་གཉིས་ལ་ཕེབས་པ་རེད། དེ་དུས་ཕེབས་དུས་བསམ་གླིང་ནས་འགོ་བཟུང་སྟེ་དགོན་སྡེ་བདུན་པོ་དེའི་ནང་ལ་དཔེ་རྒྱུན་ག་རེ་ཡོད་པ་དེ་བཀའ་འདྲི་ཞུས་ནས་བཀའ་གཡར་ཞུས་པ་རེད། དེ་དུས་གནས་སྟངས་ལ་ཆ་བཞག་ན་བླ་མ་རྐྱང་པ་ཞིག་དང་།  ཞབས་ཕྱི་གཅིག རྟ་གཅིག་ཁྲིད་རྒྱུ་ཡོད་པ་མ་གཏོགས་གཞན་ཅི་ཡང་མེད་ནའང་དེ་ལ་ཡིད་ཆེས་བྱས་ཏེ་དཔེ་ཆ་ག་རེ་ཡིན་ན་གང་གཟབ་གཟབ་བྱས་ནས་ཁོང་ལ་ཐུགས་འདོད་ཡོད་པའི་གཡར་དགོས་པའི་དོན་དག་ག་རེ་འདུག་ཚང་མ་དེ་བཀའ་གཡར་ཞུས་པ་རེད། བཀའ་གཡར་ཞུས་དུས་བླ་མ་མང་ཆེ་ཤོས་ཤིག་གིས་གདམ་ག་ཅི་ཆེ་བྱེད་ནས་གཡར་གྱི་འདུག ཁ་ཤས་ཀྱིས་སྐུམ་སྐུམ་བྱེད་ནས་གཡར་གྱི་འདུག ག་རེ་བྱེད་ན་མ་བྱས་ན་པོ་ཏི་བརྒྱ་སྐོར་ཞིག་བཀའ་གཡར་ཞུས་པ་རེད། དེ་ཞུས་པ་ལ་བརྟེན་ཏེ་ ༡༩༧༠ ནས་འགོ་བཟུང་སྟེ་རྒྱ་གར་ལ་པར་སྐྲུན་ཞུས་པ་རེད། པར་སྐྲུན་ཞུས་དུས་སྟབས་ཡག་བ་ཞིག་ལ་ཨ་མི་རི་ཀའི་དཔེ་ཚོགས་མཛོད་ཀྱི་མཐུན་རྐྱེན་ལ་བརྟེན་ནས་དཔེ་ཆ་པོ་ཏི་ཉི་ཤུ་རྩ་གཉིས་བླུས་གནང་བ་རེད། བླུ་ཡོན་དེས་ཡང་བསྐྱར་པར་གདབ་བྱེད་ཀྱི་མ་རྩ་བཞག་གི་ཡོད་རེད། དེ་འདྲ་བྱས་པ་རེད། གཞུག་མ་ཕར་ཚུར་བྱས་ནས་རྒྱལ་ཁབ་གཞན་པ་ཁ་ཤས་ཀྱིས་ཕར་འཐེན་སོང་ནས་པོ་ཏི་ཚར་བཅུ་གཅིག་མ་གཏོགས་བླུ་མཁན་ཡོད་མ་རེད། ད་དེ་འདྲའི་གནས་སྟངས་ཤིག་མ་གཏོགས་ཆགས་ཡོད་མ་རེད་དེ། ཡིན་ནའང་ག་རེ་བྱུང་ན་མ་བྱུང་ན་ཡི་གེ་པོ་ཏི་བརྒྱ་ཙམ་ཞིག་གཡར་བཞག་པ་དེ་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད། དེ་ནས་བཟུང་ཡི་གེ་དེ་པར་གདབ་པ་ལ་བརྟེན་ནས་ད་བོན་ཟེར་བ་དེ་ག་རེ་རེད་འདུག སྔོན་མ་བཤད་པ་ནང་བཞིན་དམར་མཆོད་འབུལ་མཁན་ཏེ། དེ་ག་ནང་བཞིན་གྱི་ཀླ་ཀློ་ཞིག་རེད་མི་འདུག་བསམ་ནས་དོགས་པ་ཟ་རྒྱུ་ཡོད་པ་ཞིག་བྱུང་ཚར་བ་རེད། ལྷག་པར་དུ་དེ་ནས་བཟུང་སྟེ་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་དང་སྨན་རིའི་མཁན་ཆེན་གསར་པ་འཁོད་འགྲོ་རྒྱུ་སངས་རྒྱས་བསྟན་འཛིན་གཉིས་ལ་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་མདོ་གཟེར་མིག་ཅིག་གཡར་རྒྱུ་བྱུང་བ་རེད། བསམ་གླིང་ནས་ཡིན་ན། ཚྭ་དགའ་ནས་ཡིན་ན་གསལ་པོ་ཧ་གོ་མ་སོང་། དེ་དུས་མདོ་དྲི་མེད་གཟི་བརྗིད་པོ་ཏི་བཅུ་གཉིས་དེ་གཡར་ནས་ཕྱི་རྒྱལ་ལ་ཁུར་སོང་བ་རེད། ཁོང་རྣམ་པས་བསྣམས་རྒྱུ་བྱུང་འདུག དེ་ཕྱི་རྒྱལ་དུ་ཁུར་བ་ལ་བརྟེན་ནས་དེའི་ནང་ལ་ཡིག་སྒྱུར་འདྲ་བོ་དེ་ཚུར་རུག་རུག་བྱས་ནས་མཁས་དབང་སི་ནེར་གྷི་རབ་ (Snell Grove) དང་མཉམ་དུ་མཉམ་ལས་ཀྱིས་དེའི་ནང་ནས་གཅེས་བཏུས་བྱས་ཏེ་བོན་གྱི་ཐེག་པ་རིམ་དགུའི་སྐོར་ (THE NINE WAYS OF BON) པར་གདབ་རྒྱུ་བྱུང་བ་རེད། དབྱིན་ཇིའི་སྐད་ལ་ཕར་བསྒྱུར་བ་རེད། དེ་ནས་བཟུང་སྟེ་བོན་པོ་ཟེར་བ་དེ་ཧ་ཅང་རང་གི་ཀླ་ཀློ་ཞིག་ཡིན་ཚོད་མི་འདུག་བསམ་སྟེ་དོགས་པ་ཟ་རྒྱུ་ཡོད་པ་ཞིག་བྱུང་བ་རེད། ད་རིམ་པས་རིས་པས་བྱུང་ནས་དེའི་རྗེས་སུ་བོན་པོ་ཚང་གི་ལྟེ་བ་འདྲ་དེ་ཅི་རེད་ཟེར་ན་སྔགས་རྫོགས་གཉིས་པོ་དེ་རེད། མདོ་དང་དེ་ཚོ་ཐམས་ཅད་ལ་འདྲ་པོ་འདྲ་པོ་མང་པོ་ཡོད་རྒྱུ་རེད། ཕར་ཁུར་ཚུར་ཁུར་མང་པོ་བཤད་ཀྱི་རེད་དེ་མཐའ་གཅིག་ཏུ་འདི་ནས་བྱུང་རེད་ཟེར་ནས་སུ་ལ་ཡིད་ཆེས་ཡོད་རྒྱུ་མ་རེད། སུས་ཁུར་སུས་མ་ཁུར། ཕ་ཟེར་བ་དེ་འཛམ་བུ་གླིང་ཚང་མའི་སྐད་ནང་འདུག་སྟེ་སུས་ཁུར་སུས་མ་ཁུར། དེ་ཚང་མ་ཕར་བཤུ་ཚུར་བཤུ་ཟེར་རྒྱུ་དེ་བྱབ་ཆུང་གི་སྐད་ཆ་རེད་འདུག དེ་འཇིག་རྟེན་གི་མི་ཟེར་བ་དེ་བྱུང་ཚར་བའི་གཞུག་གུ་ལ་ཁ་གྲགས་དུས་གྲགས་སྟངས་དེ་འདྲ་བོ་འདྲ་བོ་བྱུང་ཚར་བའི་ལུགས་སྲོལ་ཞིག་ཆགས་བསྡད་པ་ཡིན་ཡིན་པ་རེད། ག་རེ་ཡིན་ན་མིན་ན་དེ་ཚོ་བརྩད་གཅོད་བྱེད་བསྡད་རྒྱུ་དེ་བྱ་རོག་སོ་རྟོག་གི་རྣམ་ཐར་བཤད་རྒྱུ་ཡོད་པ་ནང་བཞིན་རེད། དོན་དག་མེད་པ་སྐད་ཆ་མང་པོ་བཤད་ན་ཆོ་མེད་པ་རེད།
ད་དངོས་གནས་དྲང་གནས་ལག་ལེན་འཁེལ་རྒྱུ་ཡོད་པ་དེ་ག་རེ་བྱུང་རེད། པོ་ཏི་བརྒྱ་སྐོར་ཙམ་ཞིག་པར་སྐྲུན་ཞུ་རྒྱུ་བྱུང་། དེ་ཡི་ནང་ནས་གཅེས་བཏུས་བྱས་ནས་ཐེག་པ་རིམ་དགུའི་སྐོར་ (THE NINE WAYS OF BON) ཞེས་པ་དབྱིན་ཇིའི་ལུང་པར་དབྱིན་ཇིའི་སྐད་ནང་བསྒྱུར་བ་བྱུང་། དེ་ནས་བཟུང་ཏེ་བོན་པོ་ཟེར་རྒྱུ་དེ་འདི་འདྲ་ཡིན་ཞིག་བསམ་བསམ་གྱི་དོགས་པ་ཟ་རྒྱུ་བྱུང་། དེ་ཡི་རྗེས་སུ་ (HEART DROPS OF DHARMAKAYA) ཟེར་བ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་བཞག་པའི་རྫོགས་པ་ཆེན་པོའི་ལུང་གཅེས་བཏུས་བྱས་བཞག་པའི་ལེའུ་ཆུང་ཆུང་ཞིག་རེད། དེ་ཕར་དབྱིན་སྐད་ལ་བསྒྱུར། དེ་བསྒྱུར་བཞག་པ་ལ་བརྟེན་ནས་དེ་ནས་བཟུང་སྟེ་ད་བར་དུ་ལ་རིམ་པས་རིམ་པས་བལྟ་རྟོག་བྱེད་མཁན་ཐམས་ཅད་ཀྱིས་ཧ་ཅང་རང་གིས་སྔོན་མ་གོ་བསྡད་པ་ནང་བཞིན་བྱེད་ནས་ཡིད་ཆེས་བྱེད་རྒྱུ་མི་འདུག་བསམ་སྟེ་དོགས་པ་ཟ་རྒྱུ་ཡོད་པ་དེ་འདྲ་བྱུང་བ་རེད།
དེ་བྱུང་པའི་རྒྱུ་མཚན་འདྲ་དེ། དྲིན་ཆེ་ཤོས་གློ་དང་དོལ་པོར་ཡིག་ཆ་ཉར་བསྡད་པ་དེ་ལོ་སྟོང་ཕྲག་གི་ནང་དང་སྟོང་ཕྲག་ཚུན་ཆད་ནས་རིམ་པ་བཞིན་དུ་བྱུང་བསྡད་པ་ཞིག་རེད། གསར་བཟོ་མ་རེད། དེ་ཡོད་པ་དེ་ལ་བརྟེན་ནས་བྱུང་བ་རེད། དེ་འདྲའི་ཡིག་ཆ་དེ་ལ་ག་རེ་ཡོད་པ་དེ་ཡིད་ཆེས་རུང་བ་ཞིག་ཏུ་མཐོང་གི་འདུག དེ་འདྲ་ཡིན་དུས། དེང་སང་གི་དུས་ལ་བྱས་པ་ཡིན་ན་དག་པོ་མི་འདུག་ཟེར་གྱི་འདུག ཡིག་གཟུགས་མི་འདུག་ཟེར་གྱི་འདུག ཡིན་ན་རང་རང་སོ་སོའི་ངོས་ནས་བལྟས་པ་ཡིན་ན་བཀའ་དྲིན་ཆེ་ཤོས་དང་ཁུངས་བཙུན་ཤོས་དེ་རེད་འདུག དེ་ལ་བོན་པོ་གསར་དང་རྙིང་དང་ཤེས་དང་མ་ཤེས་དང་གང་གི་བསླད་མ་ཞུགས་པ་བྱས། བྱུང་ཁུངས་ག་ནས་འབྱོར་པ་ཡིན་ན་དེ་ག་ནང་བཞིན་གྱི་ཨེ་ཐུབ་མི་ཐུབ་བལྟ་ནས་སྲུང་སྐྱོབ་བྱེད་བསྡད་པ་ཞིག་རེད་འདུག ཤིན་ཏུ་ལས་སྟངས་ཡག་པོ་ཞིག་རེད་འདུག་བསམ་ནས་ཡིད་ཆེས་བརྒྱ་ཐམ་པ་ཡོད། བོན་པོའི་ནང་ནས་ད་ལྟ་མ་རེད་བར་དུ་གཅེས་སྤྲས་བྱས་ནས་ཉར་སྡོད་མཁན་དེ་ནི་ལུང་པ་ཆུང་ཆུང་ཞིག་རེད། དེ་ལ་འགྲིམ་འགྲུལ་མང་པོ་མེད་པ་བྱས། གོ་རྒྱུ་མང་པོ་མེད་པ་བྱས། རང་རང་སོ་སོ་ལ་ཆ་བཞག་ན། ལོ་གཅིག་ལ་ཟླ་བ་བཅུ་གཉིས་རེད། སྔོན་མ་ཟླ་བ་གསུམ་བཞི་ཞིག་ལ་ཁ་བས་འགག་ཚར་ནས་ལུང་པ་ཕར་ཚུར་འགྲིམ་འགྲུལ་མེད་པ་བྱས། ད་བསམ་བློ་གཅིག་གཏོང་ན་ཁྲིམས་ཀུན་ཁྲིམས་བཟུང་ཟེར་བ་བཞིན་སྒྲིབ་སྦྱོང་ཚོགས་གསོག་གི་དུས་སྐབས་འདུག གཉིས་པའི་སྟེང་ནས་མ་བྱས་རང་བྱས་རེད་འདུག འགྲིམ་ལམ་ཚང་མ་འགག་ཚར་འདུག ཁ་བས་འགག་ཚར་དུས་འགྲོ་ས་མེད་པ་རེད། རང་འགྲུལ་མེད་པ་རེད། དུས་ཚོད་དེ་འདྲ་ཞིག་རེད། དུས་འགྲོ་དང་མཉམ་དུ་འདུག་འཇོག་དགོས་མཁན་ཞིག་རེད། ད་དེ་འདྲ་བྱེད་དུས་དུས་བབ་འདྲ་བོ་དེ་འདྲ་ཞིག་ལ་བྱུང་བ་རེད། ག་རེ་ཡིན་མིན་ན། ང་རང་གི་ངོས་ནས་བསམ་བློ་གཏོང་བ་ཡིན་ན་དོལ་པོ་ཡི་དཔེ་རྒྱུན་པོ་ཏི་བརྒྱ་སྐོར་ཞིག་པར་སྐྲུན་བྱས་ཚར་བ་རེད། པར་སྐྲུན་བྱ་རྒྱུའི་ཡི་གེ་དེ་རྣམས་གཡར་པོ་གནང་བ་རེད། དེ་ཚང་མར་ཁ་བྲིན་ཁ་ཚག་མེད་པ་བྱས་ནས་གཡར་པོ་གནང་བ་དེ་བོན་པོའི་མཐུན་རྐྱེན་བོན་པོའི་རེད་བསམ་ནས་ཉི་མ་ད་ལྟ་བར་དུ་ཁོང་རྣམ་པས་ཕྱག་ལས་གནང་དང་གནང་བཞིན་པ་རེད། མཐུན་ལམ་བྱེད། དགའ་བསུ་བྱེད། ཡིད་ཆེས་བྱེད། ད་དུང་ཡང་མ་འོངས་པ་ལ་ཡིན་ན་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་ནས་སྲུང་སྐྱོབ་བྱེད་རོགས་གྱིས། ཉམས་ཆག་མ་གཏོང་རོགས་གྱིས་ཞུ་རྒྱུ་ཡིན། དེ་མ་གཏོགས་མིག་གིས་མཐོང་གི་འདུག ཡི་གེ་རྙིང་པ་མང་པོ་ས་ཆ་ག་བར་ག་བར་སླེབས་འདུག དེ་ག་ནས་བྱུང་འདུག ཚང་མ་ནས་ཡི་གེ་ཡོད་པ་རེད། དེ་འདྲ་བྱེད་དུས་བསམ་པ་སྐྱོ་པོ་ཡོང་གི་འདུག་སྟེ། ད་གང་ཡིན་ན་མིན་ན་ད་ལྟ་ཡོད་བསྡད་པ་ལག་ལེན་ཐེབས་བསྡད་པ་དེ་ནི་ཤིན་ཏུ་བཀའ་དྲིན་ཆེན་པོ་འདུག ད་རུང་མ་འོངས་པ་ལ་ཡིན་ན་ཉམས་ཆག་མི་འགྲོ་བ་ཞིག་དང་། མཐུན་རྐྱེན་དངུལ་རེད། གནས་སྟངས་རེད། ཡར་རྒྱས་མར་རྒྱས་ཀྱི་སྐད་ཆ་ཡོད་མ་རེད། ཡོད་བསྡད་པ་དེ་སྲུང་སྐྱོབ་ཡག་པོ་ཞིག་བྱེད་རོགས་གྱིས་ཞུ་ནས་ཚང་མ་ལ་དོལ་པོའི་མི་རིགས་སྐྱ་དང་སེར་གྱི་སྐད་ཆ་མི་འདུག ག་རེ་ཡོད་པ་ཐམས་ཅད་ཀྱིས་ཕ་བཞག་བུ་འཛིན་བྱེད་ནས་ཚང་མས་སེམས་ལ་ཡག་པོ་ཉར་ནས་ཡོད་བསྡད་པ་དེ་ཡག་པོ་ཞིག་ཉར་རོགས་གྱིས། དེ་རྩ་ཆེ་ཤོས་ཤིག་རེད་འདུག དེ་འདྲ་ཞུ་རྒྱུ་ཡིན།། །།

No comments:

Post a Comment