Monday, April 14, 2014

མཆོད་སྤྲིན་གཏེར་གྱི་ཚོམ་བུ།


ཨ་ལགས་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་དུས་སྟོན་དང་བསྟུན་བྲིས་པ་ཞིག་ཡིན།
བོན་དབྱིངས་སྤྲོས་བྲལ་གདོད་མའི་ཀློང་ཡངས་ནས།།
མ་འགག་རང་གསལ་རྫོགས་པའི་དཔལ་ཤར་ཏེ།།
གཉིས་མེད་རྩལ་སྣང་སྒྱུ་འཕྲུལ་གར་རོལ་བ།།
དགེ་ལེགས་ལྷུན་གྲུབ་རྒྱ་མཚོར་གུས་པས་འདུད།།                        
                           གངས་ཅན་ཤར་ཕྱོགས་ཨཀྟ་རོང་གི་ཞིང་།།

                          གསེར་ལྗོངས་རིག་པ་འབྱུང་བའི་གནས་མཆོག་ཏུ།།
                          མཚན་དཔེའི་དཀྱིལ་འཁོར་བསྟན་འགྲོའི་དཔལ་དུ་བཞད།།
                          གོང་མའི་སྤྲུལ་པར་གསར་རྙིང་བོན་གསུམ་མཐུན།།
ཐུན་མོང་བཅུ་ཕྲག་རིག་པའི་ཟབ་བཅུད་རོལ།།
ཐུན་མིན་མདོ་སྔགས་སེམས་གསུམ་གཟིགས་སྤྱན་ཡངས།།
ཡང་དགོས་བསྙེན་སྒྲུབ་ལས་སྦྱོར་མཐར་སོན་པའི།།
བོན་མང་ཕུར་ཐོགས་སྟོང་གི་གཙུག་ན་བརྗིད།།
                          རང་དོན་ཐོས་བསམ་སྒོམ་པས་རྒྱུད་དུལ་ཞིང་།།
                          གཞན་དོན་འཆད་རྩོད་རྩོམ་པས་བཀའ་འཁོར་བསྐོར།།
                          གཉིས་དོན་རྒྱལ་གཤེན་བསྟན་པའི་གསལ་སྒྲོན་བཏེགས།།
                          མདོ་སྨད་བྱང་རྒྱུད་བོན་བསྟན་བདག་ཉིད་དངོས།།
དུས་ངན་ཁུག་སོར་འོ་རྒྱལ་ཅུང་འཕྲད་ཀྱང་།།
གཞན་ཕན་བདེན་མཐའ་གསལ་བས་དཀར་འདོན་རྗེས།།
ཕྱོགསཀྱི་གནས་རི་ངེས་མེད་འགྲིམས་གནང་སྟེ།།
འདིར་སྣང་སྤྲོས་པའི་འདུ་འཛི་བཀག་པར་མཛད།།
                          གུ་ཡངས་སྲིད་ཀྱི་སྣང་བ་འཕེལ་བའི་མཚམས།།
                          སྣང་མཐའི་གར་རོལ་པཎ་ཆེན་མཆོག་དང་མཇལ།།
                          བོན་བརྒྱ་སྨན་རིའི་འདུ་གནས་སླར་གསོ་མཛད།།
                          འདུལ་སྔགས་རིག་འཛིན་འདུས་པའི་སྡེ་ཚོགས་བསྐྱངས།།
གསུང་སྐྱེས་སློབ་ཚོགས་མདོ་དབུས་ཁམས་གསུམ་ཁྱབ།།
དབང་ལུང་ཁྲིད་གདམས་བོན་འཁོར་ཕྱོགས་མཐར་བསྐོར།
དངོས་འབྱོར་མཆོད་སྤྲིན་དགོན་སྡེ་དུ་མར་སྦྱར།།
རིས་མེད་སྐྱེས་ཆེན་རྣམས་དང་དག་སྣང་སྦྱངས།།
                 ཐེག་དགུ་མཛོད་ལྔ་ཕྱི་ནང་གསང་གསུམ་གྱི།།                      
                 དགོངས་འགྲེལ་གསལ་བྱེད་ལེགས་བཤད་འོད་སྟོང་སྤྲོས།།
                 སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པ་སོགས།།
                 སྐལ་ལྡན་སྐྱེ་འགྲོ་ཡོངས་ཀྱི་བགོ་སྐལ་བཞག །
སྲོལ་རྒྱུན་ཚུལ་གསུམ་རིགས་པའི་རྣམ་གཞག་དང་།།
དེང་རབས་དཔྱད་ཞིབ་གསར་པའི་ལམ་སྲོལ་གཉིས།།
ཟུང་དུ་འབྲེལ་བའི་རིན་བྲལ་དཔྱད་རྩོམ་རྣམས།།
རྒྱལ་སྤྱིའི་མཁས་པའི་དབུས་ན་གྲགས་པ་འབར།།
                 ཁྱེད་ཀྱི་གསང་གསུམ་མཛད་པའི་འཕྲིན་ལས་ཀུན།།
                 བརྗོད་པའི་སྨྲ་ལྕེ་བདག་ལ་མི་མངའ་ཡང་།།
                 མཛད་བཟང་ཆུ་ཐིགས་ཙམ་ཞིག་དྲངས་པ་འདི།།
                 མི་བརྗེད་དྲན་པའི་ངོགས་སུ་གསལ་འདེབས་ཡིན།།
གང་སྐུ་མཚན་དཔེའི་དཔལ་ཡོན་མངོན་འཛུམ་ནས།།
བགྲང་བྱ་བཅུ་ཕྲག་བརྒྱད་ལ་ཕེབས་ན་ཡང་།།
བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་བཞིན་དུ།།
གསང་གསུམ་མཚན་དཔེ་རྒྱས་འདི་ཨེ་མ་རྨད།།
                 འཕྲུལ་ངག་བོན་གྱི་བསྟན་སྲོག་འཚོ་བ་དང་།།
                 སྐལ་ལྡན་གདུལ་བྱའི་རེ་འདོད་བསྐང་བའི་ཕྱིར།།
                 གང་སྐུ་མི་འགྱུར་བསྐལ་བརྒྱར་བརྟན་བཞུགས་ཕྱིར།།
                 མཆོད་སྤྲིན་གཏེར་གྱི་ཚོམ་བུ་འདི་ཉིད་བཏེགས།།

No comments: