དམ་པ་གོང་མས་བྱིན་གྱིས་བརླབས་པའི་གནས།།
མདོ་སྨད་ཐེ་ཆུའི་བྲག་དཀར་ཉེ་ཕྱོགས་སུ།།
རྟེན་བཟང་པ༵ད་མ༵འི་འཛུམ་མདངས་ལྷུག་པར་གྲོལ།།
ཤེས་པའི་གཞི་མ་ཡི་གེ་འབྲི་ཀློག་དང་།།
ཕྱི་ནང་གསང་གསུམ་སྒོ་བཞི་མཛོད་ལྔ་སོགས།།
བཅུ་ཕྲག་རིག་པའི་གནས་ཆེན་མཐའ་དག་གི
།
གདམས་ངག་བུམ༵་པ༵་གང་བྱོའི་ཚུལ་དུ་གསན།།
ཐོས་བསམ་སྒོམ་པའི་ཆུ་གཏེར་ལེགས་འཁྱིལ་ཞིང་།།
འཆད་རྩོད་རྩོམ་པའི་རླབས་ཕྲེང་མཁར་གཡོས་ནས།།
ཕན་བདེའི་རིན་ཆེན་མཛོད་ལ་དབང་བསྒྱུར་བའི།།
སློབ་ཚོགས་གསེར༵་ཉ༵འི་ཁྱུ་ཚོགས་ཕྱོགས་མཐར་ཁྱབ།།
དུས་ངན་རླུང་འཚུབ་དྲག་ཏུ་འཕྱོ་བའི་ཁྲོད།།
སྡོམ་གསུམ་པད་མོའི་དྲི་བསུང་མ་ཡལ་ཞིང་།།
རང་གཞན་དོན་གཉིས་མཐར་རུ་མ་བོར་བར།།
གྱེར་བསྟན་རྒྱལ༵་མཚ༵ན་མི་ནུབ་མཁའ་རུ་འཕྱར།།
ཐུན་མོང་བཅུ་ཕྲག་རིག་པའི་གནས་ཆེན་དང་།།
ཐུན་མིན་མདོ་སྔགས་སེམས་གསུམ་བོན་སྡེ་ཡི།།
གསལ་འགྲེལ་མཁས་རྒུ་དགྱེས་པའི་དཔལ་འབར་བའི།།
རྩོམ་རིག་དུང༵་སྒྲ་གོ་ལའི་ཁྱོན་དུ་བསྒྲགས།།
ཕྱི་རུ་མདོ་དོན་ཟབ་མོའི་གདར་ཤ་ཆོད།།
ནང་དུ་བསྙེན་སྒྲུབ་ཡི་དམ་ལྷ་ཞལ་ཁུམས།།
གསང་བ་ཡེ་དབྱིངས་བླ་མེད་དགོངས་རྩལ་རྫོགས།།
ཐུགས་བཅུད་དཔ༵ལ་བེའུ༵ར་བརྒྱད་ཁྲིའི་བོན་བཅུད་བལྟམས།།
འཆད་པས་གདུལ་བྱའི་རེ་བ་ཡིད་བཞིན་བསྐངས།།
རྩོད་པས་ལོག་རྟོག་མ་རིག་དྲུངས་ནས་ཕྱུངས།།
རྩོམ་པས་རྒྱལ་བསྟན་གསལ་བའི་སྒྲོན་མེ་བཏེགས།།
བཀའ་ཡི་འཁོར༵་ལོ༵ས་བསྟན་འགྲོའི་ལེགས་ཚོགས་བསྐྱངས།།
ཁྱེད་ཀྱི་གསང་གསུམ་མཚན་དཔེའི་དཔལ་ཡོན་ལ།།
ཉེར་འཚེའི་དྲི་རྡུལ་ཙམ་གྱིས་མ་གོས་པར།།
མི་འགྱུར་གཡུང་དྲུང་གཏམས་པའི་བྲག་ཐོག་ཏུ།།
གཟུགས་སྐུའི་གདུག༵ས་དཀ༵ར་སྲིད་མཐར་བརྟན་གྱུར་ཅིག
།
སྙིགས་དུས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་མཆོག་ཏུ་བཀའ་དྲིན་ཆེ་བའི་སྐྱེས་ཆེན་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་ཚིགས་དང་བསྟུན་རིན་པོ་ཆེ་མཆོག་བསྟན་དང་འགྲོ་བའི་མགོན་དཔུང་དམ་པར་སྐུ་ཚེ་མི་འགྱུར་གཡུང་དྲུང་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་སུ་གསོལ་བའི་ཤིས་སྨོན་དང་བཅས་ལྷོ་མཐའ་ནས་ཁྱུང་དཀར་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་གུས་ཕུལ།།
ཐ་ཚན་མུ་ཙུག་སྨར་རོ།།
གོང་གསལ་རྩོམ་ཡིག་འདི་གྱ་དེབ་ཚེ་རིང་ལོ་བརྒྱའི་ནང་འཁོད་ཡོད།
No comments:
Post a Comment