Thursday, April 16, 2015

གྲོས་ཚོགས་ཚོགས་དུས་དགུ་པའི་གནས་བསྡུས།



སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ
༢༠༡༥ ཟླ་ ༣ ཚེས་ ༡༦ ནས་ ༢༨ བར་ཚོགས་གནང་བའི་
གནས་ཚུལ་སྙིང་བསྡུས།

ཉིན་དང་པོ། ༢༠༡༥།༣།༡༦
          སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དབུ་བཞུགས་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་བཅས་ཚོགས་མི་རྣམས་ལྷན་འཛོམས་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ། ཚོགས་གཙོའི་དབུ་འཛུགས་ཀྱི་གསུང་བཤདཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་། རང་ལུས་མེར་སྲེག་གཏོང་མཁན་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་དང་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བཀུར་འོས་སྤྱི་འཐུས་གྲངས་ ༡༠ ཡིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོར་གནང་བ་དང་། དུས་ཡུན་གཞན་ཐོག་བགྲོ་གླེང་མུ་མཐུད་གནང་རྒྱུ་གནང་།
          ཉིན་རྒྱབ་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༥་་༡༦ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་ཚོད་དཔག་འཆར་རྩིས་ཆོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་སྦྲགས། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་བཅས། ལས་ཉིན་དང་པོར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།

ཉིན་གཉིས་པ། ༢༠༡༥།༣།༡༧
          སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོགཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡ པོ་རང་ཁོངས་ལས་བྱེད་ཀྱི་གནས་བབ་སྐོར་དྲིས་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ལན་འདེབས་གནང་། སྤྱི་འཐུས་ ༨ ཀྱིས་འཕྲོས་དོན་དྲི་བར་གནང་།
          དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༠ པ་མཐོ་སློབ་ཀྱི་གནས་སྟངས་དང་འབྲེལ་བ་དྲིས་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་། དེ་རྗེས་སྤྱི་འཐུས་ ༡༢ ཀྱིས་འཕྲོས་དོན་དྲི་བར་གནང་བ་ཁག་སོ་སོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་།
         
གཞུང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༩ པ་སྤྱི་འཐུས་གངས་ལྷ་མོ་མཆོག་གིས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་། གཞུང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་ ༢༦ གིས་ཆ་ཤས་བཞེས་ནས་བགྲོ་གླེང་ལྷུག་པོར་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེེབས་གནང་། ཉིན་རྒྱབ་ཉིན་སྔོན་མའི་ལས་རིམ་འཕྲོ་སྐྱོང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་མུ་མཐུད་བགྲོ་གླེང་གནང་བ་དང་། ཆུ་ཚོད་ ༣།༡༥ ཐོག་སྤྱི་འཐུས་བཞུགས་མོལ་ཚོགས་འདུ་ཚོགས་གནང་ཡོད་པ་བཅས།

ཉིན་གསུམ་པ། ༢༠༡༥།༣།༡༨
སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༢ པ་དྲིས་གནང་བར་ཕྱི་དྲིལ་བཀའ་བློན་མཆོག་ནས་ལན་འདེབས་གནང་བ་དང་། སྤྱི་འཐུས་ ༡༠ ཡིས་འཕྲོས་དོན་དྲི་བར་གནང་
          དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༡ པ་དྲིས་གནང་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་།
          ཡིག་ཆ་ཨང་ ༡༡ པ། སྤྱི་འཐུས་གངས་ལྷ་མོ་མཆོག་གིས་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་བཏོན། དེ་རྗེས་ཉིན་སྔོན་མའི་ལས་རིམ་འཕྲོ་སྐྱོང་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་གྲངས་ ༢༠ ཡིས་ཆ་ཤས་བཞེས་ནས་མུ་མཐུད་བགྲོ་གླེང་ལྷུག་པོར་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེེབས་གནང་།
          ཉིན་རྒྱབ་མ་ལེ་ཤི་ཡ་ (Malasia) ནས་ཕེབས་པའི་སྐུ་མགྲོན་ Datuk Dr: Ananda Kumaraseri མཆོག་གྲོས་ཚོགས་ནང་ཕེབས་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས་ཕེབས་བསུ་དང་སྦྲགས་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་སྟེ་ཚོགས་མི་ཡོངས་ནས་དགའ་བསུ་ཞུས་གནང་། ཁོང་ནི་ཤི་རི་ལང་ཀ་ (Sri lanka) མི་རིགས་ཡིན་པ་དང་རྗེས་སུ་མ་ལེཤི་ཡ་(malaysia) ཡི་མི་སེར་ཆགས་ནས་མ་ལེ་ཤི་ཡ་གཞུང་ཚབ་ལོ་ ༣༠ ཙམ་གནང་མྱོང་བ་མ་ཟད། དམིགས་བསལ་་ནང་ཆོས་ལ་སྦྱང་བ་ཆེན་པོ་གནང་ནས་དཔེ་དེབ་མང་པོ་ཞིག་ཀྱང་བརྩམས་གནང་ཡོད་པ་རེད།
          དེ་རྗེས་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པར། སྤྱི་ཡོངས་ཐོག་བགྲོ་གླེང་ལྷུག་པོ་གནང་རྗེས་མཇུག་བསྡུ་གནང་།
          ཡིག་ཆ་ཨང་ ༡༢ པ། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་གནས་བབ་ལ་ཞིབ་འཇུག་དགོས་པའི་སྐོར་ལ་བགྲོ་གླེང་དང་གཏན་འབེབས་གནང་བ་བཅས་ལས་ཉིན་གསུམ་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།

ཉིན་བཞི་པ། ༢༠༡༥།༣།༡༩
          སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༣ པ་རང་བདེན་ཚོགས་ཆུང་ལ་ཟབ་སྦྱོང་སྤྲོད་ཕྱོགས་སྐོར་དྲིས་གནང་བར་དཔལ་འབྱོར་བཀའ་བློན་མཆོག་ནས་ལན་འདེབས་གནང་བ་དང་སྤྱི་འཐུས་ ༦ གིས་འཕྲོས་དོན་དྲི་བ་གནང་
         
དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༢ པ་བོད་ནང་གཉེན་འཕྲད་འགྲོ་མཁན་མང་པོ་ཡོད་སྐོར་དྲིས་གནང་བར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་བ་དང་སྤྱི་འཐུས་ ༦ གིས་འཕྲོས་དོན་དྲི་བ་གནང་
          དེ་རྗེས་ཉིན་སྔོན་མའི་ལས་རིམ་འཕྲོ་སྐྱོང་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་གི་དྲི་བ་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཐུབ་བསྟན་ལུང་ རིགས་མཆོག་རྣམ་གཉིས་ཀྱིས་ལན་འདེབས་གསལ་བཤད་གནང་། གནད་དོན་གཞན་གྱིས་རྐྱེན་པས་ཚོགས་གཙོ་མཆོག་གྲོས་ཚོགས་ནས་ཕྱིར་ཐོན།
         
ཉིན་རྒྱབ་ཚོགས་གཞོན་མཆོག་གིས་གཙོ་སྐྱོང་འོག་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་བཅས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མ་ལག་དང་། བཀའ་དྲུང་ཡིག་ཚང་བཅས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་སྔོན་རྩིས་གཏན་འབེབས་གནང་མུས་བཅས།

ཉིན་ལྔ་པ། ༢༠༡༥།༣།༢༠
          སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་སྐབས་གསལ་བཤད་དང་རེ་སྐུལ་གནང་བ།
          ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གྱི་བྱུང་རིམ་དང་འབྲེལ་བའི་ཐོག་ནས་ཚོགས་གཙོས་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་ཞེས་ཟེར་ནས་ཕྱིར་ཐོན་བྱས་པ་རེད། དེའི་རྗེས་སྤྱི་འཐུས་མང་པོ་ཞིག་ཕེབས་སོང་ལ། དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པའང་ཕེབས་ནས་དགོངས་པ་རྒྱ་ཆེན་པོ་བཞེས་རོགས་གནང་ཞེས་རེ་འདུན་བཏོན་གནང་་རེད། དེ་རྗེས་ཉིན་རྒྱབ་ནས་གྲོས་ཚོགས་ནང་སྤྱི་འཐུས་ནམ་རྒྱུན་ལྟར་ཚོགས་གཙོ་གཞོན་པས་སྟངས་འཛིན་གནང་ནས་ཆུ་ཚོད་ ༣།༠༠ པ་བར་གྲོས་ཚོགས་ཚོགས་པ་དང་། དེ་ནས་ཆུ་ཚོད། ༣༣༠ ནས་ ༥།༠༠ བར་དུ་སྤྱི་འཐུས་བཞུགས་མོལ་ཚོགས་འདུ་གནང་ཡོད་རེད། ཚོགས་འདུའི་ནང་ལ་སྤྱི་འཐུས་རྣམ་པ་ཚོའི་བཀའ་མོལ་ལྷུག་པོ་གནང་ནས་མཐའ་མའི་དགོངས་ཚུལ་གང་ཡོད་པ་དེ་ཚོགས་གཙོ་གཞོན་པས་ང་ལ་གསུངས་བྱུང་། དེ་ཡིན་དུས་ནམ་རྒྱུན་ནས་གཞན་ལ་བཤད་པའི་སྐབས་ལ་མཁྲེགས་བཟུང་བྱེད་རྒྱུ་ཡོད་མ་རེད། ཁོག་པ་ཆེ་ཙམ་བྱེད་དགོས་ཡོད། སྤྱི་ཚོགས་ནང་གནས་ཚུལ་འདྲ་མིན་ཡོང་གི་རེད། དེ་སྐབས་སུ་གནས་ཚུལ་ཆེན་པོ་རྣམས་ཆུང་ཆུང་བཟོ་དགོས་པ་དང་། ཆུང་ཆུང་རྣམས་མེད་པ་བཟོ་དགོས་རེད། བཅས་ནམ་རྒྱུན་ནས་བཤད་མཁན་ཡིན་པའི་ཆ་ནས། དེ་རིང་དེར་ཚོགས་གཙོས་མཁྲེགས་བཟུང་བྱེད་ནས་བསྡད་པ་ཡིན་ན། གྲོས་ཚོགས་དང་མང་ཚོགས་ནང་ལའང་བརྡབ་གསིག་གང་ལ་གང་འཚམས་ཞིག་འཕྲད་ས་རེད་བསམ་ནས་བསམ་ཚུལ་བྱུང་། དེ་ག་ནང་བཞིན་གྲོས་ཚོགས་གལ་སྲིད་འཚོགས་མ་ཐུབ་པའི་གནས་སྟངས་ཆགས་པ་ཡིན་ནའང་སྔོན་རྩིས་ཀྱི་གྲོས་ཚོགས་ཡིན་པ་དང་།  ད་རེས་གྲོས་ཚོགས་ནང་སྔོན་རྩིས་གཏན་འབེབས་བྱེད་མ་ཐུབ་ན། འཛིན་སྐྱོང་བཀའ་ཤག་ནས་ཀྱང་ཕྱི་ཟླ་ ༤ ཚེས་ ༡ ནས་ལས་ཀ་བྱེད་ཐུབ་ཀྱི་ཡོད་མ་རེད། ང་ཚོའི་བཅའ་ཁྲིམས་བསྐྱར་བཅོས་ཕྱིན་པ་ནས་བཀའ་རྩ་ཁྱབ་བསྒྲགས་ཀྱི་ལམ་ཁ་མེད་སྟབས། དེའི་ལས་དོན་ལམ་ལྷོང་ཡོང་ཆེད་གཅིག་དང་། ལྷག་པར་དུ་ད་ལྟ་བོད་ནང་ལ་གཉན་འཕྲང་གི་དུས་ཚོད་ཅིག་དང་གནས་སྟངས་སྡུག་པོ་ཡིན་པ་དེ། ཁ་སང་ང་ཚོས་ཉིན་གཉིས་གསུམ་ཞིག་བགྲོ་གླེང་བྱས་ཟིན་པ་རེད། གཉན་འཕྲང་གི་དུས་ཚོད་དེ་འདྲ་ཞིག་ལ་བོད་གཞིས་ལུས་ཚོ་བློ་ཕམ་བྱུང་བ་ཡིན་ན། ཏག་ཏག་ཅིག་བསྡད་ཀྱི་མི་འདུག་ཟེར་བཀའ་ཤག་གིས་གསུང་སྐབས་དེ་ལབ་པ་རེད། བོད་ནང་གི་མི་མང་ཚོས་ང་ཚོ་བོད་མིའི་སྒྲིག་འཛུགས་ལ་རེ་བ་ཞིག་བརྒྱབ་བསྡད་ཡོད་སྟབས། དགོངས་པ་རྒྱ་ཆེ་ཙམ་ཞིག་བཞེས་རོགས་གནང་། དེ་ཚོ་སེམས་ལ་གཞི་བཞག་ཡིན། གནས་ཚུལ་བྱུང་བའི་རྗེས་ལའང་མང་ཚོགས་ནང་ས་ཆ་མང་པོ་ནས་ཚོགས་གཙོ་ལ་ཐད་ཀར་ཁ་པར་བཏང་མཁན་བྱུང་། མང་ཚོགས་སེམས་འཚབ་ཆེན་པོ་འདུག
          དེ་ག་ནང་བཞིན་བོད་ནས་ཀྱང་དགོངས་པ་མ་ཞུ་རོགས་ཞེས་ཐད་ཀར་མེད་ནའང་བརྒྱུད་ནས་ཞུ་མཁན་བྱུང་སོང་། འདི་དག་ཚང་མ་གཞི་བཞག་པའི་ཐོག་ནས་ཚོགས་གཙོས་དགོངས་པ་མ་ཞུ་ཡ་ཐག་གཅོད་རྗེས། དེ་རིང་གྲོས་ཚོགས་ནང་བཅར་དགོས་པའི་རྒྱུ་མཚན་དེ་ཡིན། གཙོ་བོ་ང་ཚོ་ཚང་མ་མི་མང་གིས་བདམས་ནས་སྤྱི་པའི་ལས་དོན་བསྒྲུབ་ཆེད་འདིར་སླེབས་ཡོད་སྟབས། ང་ཚོ་ཚང་མས་དེའི་ཐོག་ལ་ནུས་ཤུགས་སྤུངས་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། གལ་སྲིད་གནས་སྟངས་མི་འདྲ་བ་ཞིག་ཆགས་པ་ཡིན་ན་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་རེད། དེ་རིང་ཚོགས་གཙོས་བློ་སྤོབས་ཆེན་པོའི་ཐོག་ནས་ཞུ་རྒྱུ་ཞིག་ལ་ཚང་མ་ཐུགས་འཚབ་མ་གནང་རོགས་གནང་། ང་ཚོ་མུ་མཐུད་འཕྱར་བ་གྲུ་འདེགས་ཐོག་ནས་ཚང་མས་ཧུར་ཐག་བྱས་ཏེ་སྤྱི་པའི་ལས་དོན་བསྒྲུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་ཞུ་རྒྱུའི་འདོད་པ་བྱུང་།
          གནས་ཚུལ་དེ་དང་འབྲེལ་བའི་ཐོག་བརྒྱུད་ལམ་ཁག་ནང་ནས་གང་ལ་གང་འཚམས་ཞིག་སླེབས་ཀྱི་ཡོད་པ་རེད། བརྒྱུད་ལམ་ནང་སླེབས་པའི་སྐབས་ལ་ཕྱོགས་གཉིས་ཀའི་གནས་ཚུལ་སླེབས་ཀྱི་ཡོད་རེད།  མང་ཚོགས་ནས་དགོངས་པ་བཞེས་རྗེས་བརྒྱུད་ལམ་ཁག་ནང་གནས་ཚུལ་འདི་རྩ་བ་ཉིད་ནས་བཏང་མི་ཆོག་ཅེས་ཚོགས་གཙོས་བཀའ་བཏང་ཐུབ་ཀྱི་མ་རེད། ཡིན་ནའང་རེ་བ་ཞུ་རྒྱུ་ཞིག་ལ། གནས་ཚུལ་དེ་ཆེན་པོ་མ་བཟོས་པའི་ཐོག་ནས་ད་ལྟ་འདི་ཞི་འཇམ་བྱུང་བ་བཞིན་སྤྱི་ཚོགས་ནང་ལའང་ཞི་འཇམ་ཡོང་བའི་རེ་བ་ཞུ་ཡི་ཡོད། ཅེས་ཞུ་རྒྱུ་འདོད་པ་བྱུང་གསུངས།
          དེ་རྗེས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༤ པ་གསར་འབྱོར་ཚོར་ལས་རིགས་སློབ་སྦྱོང་གང་སྤྲད་སྐོར་དྲིས་གནང་བར་དཔལ་འབྱོར་བཀའ་བློན་མཆོག་ནས་ལན་འདེབས་གནང་བ་དང་སྤྱི་འཐུས་ ༣ གྱིས་འཕྲོས་དོན་དྲི་བ་གནང་།
          ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༨ པ་གསར་འབྱོར་ཚོར་ཁང་པ་སྐྲུན་ཕྱོགས་སྐོར་དྲིས་གནང་བར་ནང་སྲིད་བཀའ་བློན་གྱིས་ལན་འདེབས་གནང་བ་དང་འཕྲོས་དོན་དྲི་བ་ཁག་གནང་།
          ཉིན་རྒྱབ་ཕྱི་རྒྱལ་ནས་ཕེབས་པའི་ཕྱི་དྲིལ་ལས་ཁུངས་ཀྱི་སྐུ་མགྲོན་ Ms lisa Jansson དང་། ཁོང་གི་ལས་རོགས་ ༡༦ (Swedish tibet group) གྲོས་ཚོགས་ནང་ཕེབས་ཡོད་པ་དང་ཚོགས་མི་ཡོངས་ནས་དགའ་བསུ་ཞུས།
          དེ་རྗེས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། བཀའ་དྲུང་ཡིག་ཚང་འཆར་འགོད་ལྷན་ཁང་། བདེ་སྲུང་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་། ཕྱི་དྲིལ་ལས་ཁུངས་མ་ལག་བཅས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་སྔོན་རྩིས་གཏན་འབེབས་གནང་མུས།

ཉིན་དྲུག་པ། ༢༠༡༥།༣།༢༡
          སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་ ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༥ པ་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སྐོར་དྲིས་གནང་བར་སྲིད་སྐྱོང་མཆོག་ནས་ལན་འདེབས་གནང་བ་དང་སྤྱི་འཐུས་ ༡༡ གིས་འཕྲོས་དོན་དྲི་བ་གནང་
          ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༧ པ་གསར་འབྱོར་ལ་ལས་རིགས་སློབ་སྦྱོང་སྐོར་དྲིས་གནང་བར་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གནང་བ་དང་སྤྱི་འཐུས་ ༨ ཀྱིས་འཕྲོས་དོན་དྲི་བ་གནང་
          ཉིན་རྒྱབ་མན་ཌི་དང་མཚོ་པདྨ་གཉིས་ནས་ཕེབས་པའི་འཕགས་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ Mr Vishal takur དང་། ཁོང་གི་ལས་རོགས་ ༩ གྲོས་ཚོགས་ནང་ཕེབས་ཡོད་པ་དང་ཚོགས་མི་ཡོངས་ནས་དགའ་བསུ་ཞུས།
          དེ་རྗེས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་བཅས་ཕྱི་དྲིལ་ལས་ཁུངས་ཁྱབ་འོག་དོན་གཅོད་ཁག འོས་བསྡུ་ལས་ཁང་། འདེམས་བསྐོ་ལྷན་ཁང། རྩིས་ཞིབ་མ་ལག་དང་བཅས་པ། དཔལ་འབྱོར་ལས་ཁུངས། རང་ཚོགས་ཁག ཆོས་རིག་ལས་ཁུངས་བཅས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་ཟིན།
          ཚོགས་དྲུང་སྟོབས་རྒྱལ་མཆོག་ནས་སྤྱི་འཐུས་རྣམ་པའི་དགོངས་ཤོག་དང་། བདུན་རྗེས་མའི་ལས་རིམ་རགས་ཟིན་སྙན་སྒྲོན་གནང་བ་བཅས།

ཉིན་བདུན་པ། ༢༠༡༥།༣།༢༣
          སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༦པ་འཕྲོད་བསྟེན་སྐོར་དྲིས་གནང་བར་འཕྲོད་བསྟེན་བཀའ་བློན་མཆོག་ནས་ལན་འདེབས་གནང་བ་དང་སྤྱི་འཐུས་  གྱིས་འཕྲོས་དོན་དྲི་བ་གནང་།
          ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་  པ་༸གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་དྲིས་གནང་བར་བདེ་སྲུང་བཀའ་བློན་མཆོག་གིས་ལན་འདེབས་གནང་བ་དང་སྤྱི་འཐུས་ ༣  གྱིས་འཕྲོས་དོན་དྲི་བ་གནང་།
 དེ་རྗེས་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་ཡིག་ཆ་ཨང་ ༡༧ པ་དང་། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༡༩ པ། ༢༠། ༢༡། ༢༢། ༢༣། ༢༤། ༢༦ ༢༧། ༢༨།   ༢༩། ༣༠། ༣༡། ༣༢། ༣༣། ༣༤། པ་བཅས་སྙན་སྒྲོན་དང་སྦྲགས་བརྗོད་པ་དང་པོ་ཟིན།   
          བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམས་གཞུང་འབྲེལ་ལས་དོན་བསྐྱོད་ཕྱོགས་ཀྱི་གཞུང་འབྲེལ་སྒྲིག་གཞི་ཁྲིམས་འཆར་ཡིག་ཆ་ཨང་ ༣༥  པ་སྙན་སྒྲོན་རྗེས་བརྗོད་པ་དང་པོ་ཟིན།  གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣༦ པ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་གིས་སྙན་སྒྲོན་གནང་བགྲོ་གླེང་ཐོག་སྤྱི་འཐུས་ ༣  གྱིས་ཆ་ཤས་བཞེས་གནང་བ་མ་ཟད་རྗེས་སུ་མུ་མཐུད་ནས་བགྲོ་གླེང་གནང་རྒྱུ་གནང་།
          ཡིག་ཆ་ཨང་ ༣༧ པ།  དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་ཕྱི་རྒྱལ་ཁག་ནང་གནས་འཁོད་བོད་རིགས་དཔྱ་དངུལ་འབུལ་ཆད་རྣམས་ལ་ཆག་ཡང་གོ་སྐབས་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྙན་སྒྲོན་གནང་བ་དང་སྤྱི་འཐུས་ ༡༢ ཀྱིས་ཆ་ཤས་བཞེས་ནས་བགྲོ་གླེང་ལྷུག་པོར་གནང་བ་དང་གཏན་འབེབས་རྗེས་སུ་གནང་རྒྱུ།  
          དེ་རྗེས་ཉིན་སྔོན་མའི་ལས་རིམ་འཕྲོ་སྐྱོང་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་སྔོན་གཏན་འབེབས་གནང་བ་བཅས

ཉིན་བརྒྱད་པ། ༢༠༡༥།༣།༢༤
          སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་འཇིགས་མེད་འབྱུང་གནས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༣ པ་འདས་ལོའི་སྔོན་རྩིས་ཀྱི་བྱུང་སོང་གསལ་བཀོད་དགོས་སྐོར་དྲིས་གནང་བར་དཔལ་འབྱོར་བཀའ་བློན་མཆོག་ནས་ལན་འདེབས་གནང་།
          མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པའི་ལས་བསྡོམས་དང་། རྒྱབ་གཉེར་སྙན་ཐོ་ཤོག་གྲངས་ ༡༨༦ ཡོད་པ་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་ ༡༡ གིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོས་མཇུག་བསྡུ་གནང་།
          ཡིག་ཆ་ཨང་ ༤༥ པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་བའི་ཆེས་མཐོའི་སྨན་པའི་ ལྷན་ཚོགས་ཀྱི་ཁྲིམས་ཡིག་བསྐྱར་བཅོས་ལ་ཞིབ་འཇུག་སླད་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་སྙན་སྒྲོན་གནང་བ་དང་ཁྲིམས་ཡིག་གི་འཆར་ཟིན་རྣམས་གྲོས་ཚོགས་རྗེས་མར་བསྣམ་རྒྱུ་གནང་བ་བཅས།

ཉིན་དགུ་པ། ༢༠༡༥།༣།༢༥
སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་འཇིགས་མེད་འབྱུང་གནས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༤ པ་ནང་སྲིད་ལས་ཁུངས་ཀྱི་ཆོད་གན་ལས་བྱེད་སྐོར་དྲིས་གནང་བར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་ལན་འདེབས་གནང་བ་དང་སྤྱི་འཐུས་ ༣ གྱིས་འཕྲོས་དོན་དྲི་བ་གནང་
          འཇིགས་མེད་འབྱུང་གནས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༥ པ་བར་བརྒལ་ངལ་སེལ་སྐོར་དྲིས་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་བ་དང་སྤྱི་འཐུས་ ༨ ཀྱིས་འཕྲོས་དོན་དྲི་བ་གནང་
ཁྲིམས་སྒྲིག་བསྐྱར་བཅོས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༡༨ པ་བརྗོད་པ་དང་པོ་ཟིན།
          སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་རྙོག་གླེང་དང་འབྲེལ་བའི་གནད་དོན་ཐོག་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་བྱེད་ཕྱོགས་ཐད། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་བ་དང་སྦྲགས་དེའི་ཐོག་སྤྱི་འཐུས་ ༡༤ ཡིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོར་གནང་།
          དེ་རྗེས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་བཅས་ཤེས་རིག་ལས་ཁུངས་དང་། ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་གནང་བ་བཅས

ཉིན་བཅུ་པ། ༢༠༡༥།༣།༢༦
          སྔ་དྲོ་ཕྱག་ཚོད་ ༡༠།༡༥ ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་འཇིགས་མེད་འབྱུང་གནས་མཆོག་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༦ པ་གྲོས་འདྲི་བའམ་གྲོས་སྟོན་པའི་སྐོར་དྲིས་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ལན་འདེབས་གནང་བ་དང་སྤྱི་འཐུས་ ༩ ཡིས་འཕྲོས་དོན་དྲི་བ་གནང་
          དེ་རྗེས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་བཅས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་ཀྱི་སྔོན་རྩིས་གཏན་འབེབས་ཡོངས་སུ་གྲུབ།
ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གཉིས་པའི་ཁོངས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་ཡིག་ཆ་ཨང་ ༡༨ ནང་གསལ་ཇོ་ནང་ལ་སྤྱི་འཐུས་མ་ཐོབ། རྒྱ་བལ་འབྲུག་གསུམ་ཕུད་ཨེ་ཤ་ཡ་དང་། ཨོ་སེ་ཀྲེ་ལི་ཤི་ཡ་ཁོངས་སྤྱི་འཐུས་གཅིག་གྱི་ཐོབ་ཐང་སྤྲད། གཞན་ཁྲིམས་ཡིག་བསྐྱར་བཅོས་མང་པོའི་བརྗོད་པ་གཉིས་པ་གྲུབ།
          ཉིན་རྒྱབ་ Nadi. gopalpur དང་ Sudher ( Gram panchayat) ས་ཁུལ་གསུམ་ནས་ཕེབས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་འགོ་འཁྲིད་པ་ Avit kumar nehria མཆོག་དང་། ཁོང་གི་ལས་རོགས་འགོ་འཁྲིད་པ་དང་འཐུས་མི་ ༢༡ གྲོས་ཚོགས་ནང་ཕེབས་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས་ཕེབས་བསུ་ཞུས།
          ཁྲིམས་བཟོའི་ལས་དོན་ཁག་གཅིག་གི་བརྗོད་པ་དང་པོ་དང་། གཉིས་པ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༢༥ པ་དོན་ཚན་ཁག་གཅིག་རྣམས་ངོ་ཡོད་སུམ་་གཉིས་ཐོག་གཏན་འབེེབས་གནང་།
          ཡིག་ཆ་ཨང་ ༥༡ པ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་། བདེ་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་སྙན་སྒྲོན་གནང་བ་དང་སྦྲགས་བརྗོད་པ་དང་པོ་དང་གཉིས་པ་གཉིས་མཉམ་དུ་འགྲོ་བཞིན་པ་བཅས

ཉིན་བཅུ་གཅིག་པ། ༢༠༡༥།༣།༢༧
          ཉིན་རྒྱབ་ཕྱག་ཚོད་ ༢།༠༠ པའི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་ཡིག་ཆ་ཨང་ ༥༡ པ་དང་། ༥༢ པགཞུང་འབྲེལ་ཁྲིམས་འཆར་བརྗོད་པ་དང་པོ་དང་གཉིས་པ་གཉིས་མཉམ་དུ་མང་མོས་ཐོག་ཟིན།
          ཡིག་ཆ་ཨང་ ༤༡ པ་ཁྲིམས་དྲུང་ལས་ཁུངས་དང་། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཐད་བསྐོས་ལས་བྱེད་རྣམས་ལས་བྱེད་སྤྱིའི་སྒྲིག་གྲལ་དུ་ཟླ་སྒྲིལ་གཏོང་ཕྱོགས་སླད་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་བ་དང་དེའི་ཐོག་སྤྱི་འཐུས་ཁག་གིས་བགྲོ་གླེང་གནང་སྟེ་སྤྱི་འཐུས་རྒྱུན་ལས་ནས་སླར་ཡང་འབྲེལ་ཡོད་གོ་བསྡུར་བྱ་རྒྱུ་ངང་འཐེན་གནང་།
          ཡིག་ཆ་ཨང་ ༥༦ པ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་ཁྲིམས་འཆར་བརྗོད་པ་གཉིས་པ་ཟིན།
          གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ཡིག་ཆ་ཨང་ ༣༧ པ་ཕྱི་རྒྱལ་ཁག་ནང་གནས་འཁོད་བོད་རིགས་དཔྱ་དངུལ་འབུལ་ཆད་ཡོད་རིགས་རྣམས་ལ་ཆག་ཡང་གོ་སྐབས་གནང་རྒྱུའི་ཐོག་ལ་གྲོས་ཆོད་དེ་མང་མོས་ཐོག་གཏན་འབེབས་གནང་བ་བཅས།

ཉིན་བཅུ་གཉིས་པ། ༢༠༡༥།༣།༢༨
         སྔ་དྲོ་ཚོུད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་གཞུང་འབྲེལ་གྲོས་ཆོད་ཁག་གསུམ་སྟེ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་འབྲེལ་བའི་སྐོར་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པ་གསར་འཛུགས་སྐོར། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༦ པའི་སྙན་ཐོ་ལག་བསྟར་གནང་ཕྱོགས་དང་རྗེས་འབྲེལ་ཚོགས་ཆུང་འཛུགས་དགོས་སྐོར།


ཁྲིམས་སྒྲིག་བསྐྱར་བཅོས་ཁག་ལས་བཅའ་ཁྲིམས་དང་། བོད་མི་མང་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞི། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི།  ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། བོད་མིའི་སྒྲིག་འཛུགས་ལས་བྱེད་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་འབུལ་འབབ་ཀྱི་ཁྲིམས་ཡིག བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ཕོགས་ཐོབ་དང་། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང་། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང་། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང་། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་གྱི་སྒྲིག་གཞི་བཅས་ཀྱི་དོན་ཚན་བསྐྱར་བཅོས་ཕྱིན་པ་ཁག་གི་བརྗོད་པ་གསུམ་པ་གཏན་འབེབས། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༤༌༌༌༡༥ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༥༌༌༌༡༦ ལོའི་གཏོང་ལེན་ཁྲིམས་ཡིག་གཏན་འབེབས། ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་དང་། གྲོས་ཚོགས་གྲོལ་བརྡ་བཅས་ཀྱིས་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་མཇུག་སྒྲིལ་བ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་ནང་བཀོད་ཐོན་བྱུང་བ་རྣམས་ཟུར་འདོན་གྱིས་ལེགས་བཅོས་དང་ཁ་སྣོན་ཕྲན་བུ་བྱས་ཡོད་པ་བཅས།།

No comments:

Post a Comment