Wednesday, January 13, 2016

འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་ལྔ་པ།



བོད་ཀྱི་ཡུལ་སྐོར་རྒྱས་བཤད།
          བོད་ཀྱི་སྐབས། གནའ་བོའི་གཏམ་རྒྱུད་ལས་འཕྲོས་པ་ཕལ་ཆེར་སྒྲུང་གཏམ་ལྟ་བུར་ངོས་བཟུང་ནས་བརྗོད་དོན་དངོས་ཡུལ་དུ་འོས་པ་མེད་ཅེས་མཐའ་གཅིག་ཏུ་བསམ་མི་རུང་སྟེ། གནས་ཡུལ་གང་ཡིན་གྱི་ལོ་རྒྱུས་རྙིང་པ་ཕལ་ཆེར་དང་པོ་སྒྲུང་གཏམ་དང་འབྲེལ་ནས་བཤད་རྒྱུ་ཡོད་པ་ཤ་སྟག་ཡིན་ཏེ། དང་པོ་ཐོག་མ་ནས་ཡིག་ཐོག་ཏུ་འཁོད་པའི་རྒྱལ་རབས་རྙིང་པ་ཆེས་དཀོན་པ་ཡིན་པས་དེ་ལྟར་བྱུང་བ་ཡིན་ལ། སྒྲུང་གཏམ་ཡིན་ན་ཡང་ཕལ་ཆེར་ལ་དང་པོ་བསམ་གཞི་ཞིག་ཡོད་པས་དེའི་ཚུལ་ལ་ཡང་བསམ་མནོ་གཏོང་ས་ཆེན་པོ་ཞིག་ཡོད་པ་ཡིན།
          བོད་ཀྱི་ཡུལ་འདི་དང་པོ་ཆུས་གང་བའི་ལོ་རྒྱུས་དེ་ཡང་དང་པོ་ལོ་སྟོང་ཕྲག་མང་པོའི་གོང་ནས་སྟོད་འབྲོག་ཞང་ཞུང་གི་ཡུལ་སྡེ་རྣམས་ཆུས་གང་ཡོད་པར་མངོན་ཏེ། དེང་སང་མཚོ་མང་པོ་ཡོད་པ་དེ་རྣམས་ཀྱི་མཚམས་སུ་ཆུ་བྲི་བའི་རིམ་པ་གསལ་བར་འདུག་ཅིང༌། དྲུ་ཟེར་བའི་ས་ཞགས་ཀྱི་རིམ་པའི་གསེབ་ཏུ་དུད་འགྲོའི་རུས་པ་རྙིང་པ་རྡོ་དང༌། བྱེ་མའི་བཟོ་ལྟ་བུ་ཐོན་གྱི་རེད། དེ་རྣམས་ཆུ་གནས་ཀྱི་རུས་པ་ཡིན། དེ་ཡང་ལོ་སྟོང་ཕྲག་ཉུང་ངུའི་ནང་དུ་དེ་ལྟར་བྲི་འགྲོ་བའི་ཐབས་མེད་པ་ལྟ་བུ་རེད། བོད་ཀྱི་སྨད་ཕྱོགས་སུ་ཆུ་བྲི་བའི་ཤུལ་ཡིན་པའི་རྟགས་གསལ་པོ་བཤད་རྒྱུ་མེད་པས་བོད་ཀྱི་སྟོད་སྨད་ཐམས་ཅད་ཀྱི་གནས་སྟངས་ས་དབྱིབས་འདྲ་བ་མིན་ནོ། །སྟོད་དུ་མཚོ་ཡི་འགྲམ་ཏུ་ཉིན་ལམ་མང་པོ་སོང་ཡང་འཐུང་ཆུ་དཀོན་ཞིང༌། མཚོ་ཆུ་ཐམས་ཅད་ཚྭ་ཆུའམ། བུལ་ཆུ་ཤ་སྟག་རེད། འཐུང་ཆུ་ཆུ་མིག་ངེས་པར་བཙལ་དགོས་འདུག །དཔེར་ན་སྟོད་ཕྱོགས་ཀྱི་ས་ཁྱོན་ཕལ་ཆེ་བ་བྱེ་མ་ཤས་ཆེ་ཞིང༌། སྤང་མཁྲེགས་པ་དང༌། ན་མར་དཀོན། རྩྭ་ཡང་བྱེ་རྩྭ་དང༌། སྒྱིད་མ། སྐྱིད་ཆུ་སློང་མ། འཐོམ་རྩྭ་སོགས་སྐྱེ་བ་དང༌། ཀླུང་དང་གཞུང་རྣམས་སུ་བྱེ་མ་དང་རྡོ་འདྲེས་པ་མང༌། བོད་ཀྱི་སྨད་འབྲོག་གི་ཡུལ་ཕལ་ཆེར་ལ་རི་མཐོ་བ་མེད་ཅིང་རི་དང་ཀླུང་རྣམས་སྤང་རི་དང༌། སྤང་ཐང་བྲག་དཀར་གྱི་དེའུ་འབུར་རྩྭ་འཇམ་གྱིས་བརྒྱན་པ། ཀླུང་དང༌། ཐང་དཀྱིལ་དུ་ན་མར་ཆུས་གཏམས་པ་ཁ་བས་ས་གཞི་གཡོགས་ཚེ་ན་མར་གྱི་རྩྭས་དུད་འགྲོ་གསོ་བ་ཕོན་ཆེན་པོ་ཡོད།
          བོད་ཀྱི་ཡུལ་ཁྱོན་སྤྱི་ལ་ཁ་བ་ལོ་མང་པོའི་ནང་རེ་འགའ་ལ་འཐུག་པོ་ཁྲུ་དོ་གསུམ་ཙམ་འབབ་ནས་དུད་འགྲོ་གངས་རགས་ཀྱིས་འཆི་བ་ལས། དུས་རྒྱུན་མཐོ་ཚད་ཡས་མར་མ་གཏོགས་འབབ་ཀྱི་མ་རེད། དེ་ཡང་བྱང་རྒྱུད་རྣམས་སུ་རླུང་གིས་ཁྱེར་ནས་ཡུན་རིང་བསྡད་ཀྱི་མ་རེད། དབྱར་དུས་སུ་ཆར་ཡང་ཧ་ཅང་གི་ཤུགས་ཆེན་འབབ་ཀྱི་མ་རེད། དགུན་ཟླ་བཅུ་གཉིས་པའི་སྐོར་ནས་བོད་ཀྱི་བྱང་བརྒྱུད་དུ་མཚོ་ཆེ་ཆུང་དུ་མ་ཡོད་པ་ཐམས་ཅད་མཚན་གཅིག་ཏུ་དར་འགྲིག་ནས་བོད་ཟླ་ལྔ་པའི་ཚེས་སྐོར་ལ་ཁ་ཕྱེ། དེའི་སྐབས་སུ་འཁྱགས་རོམ་འཐུག་པོ་ཐོག་ཚད་གཅིག་ཙམ་ཡོད་པས་མཚོ་མཐའ་ཐམས་ཅད་བསྐོར་བ་དང༌། འཁྱགས་རོམ་ཆུ་རླབས་ཀྱིས་རྒྱང་རིང་པོའི་བར་འཕེན་པ་ཡང་བྱེད་པས་ཉེ་སྐོར་དུ་དུད་འགྲོ་སོགས་ཡོད་ན་ཉེན་ཁ་ཡོད་རེད། སྟོད་སྨད་ཐམས་ཅད་དུ་སྐབས་འགར་གངས་རི་རྩེ་མོ་དགུང་གི་མཐོངས་སུ་བསྙེགས་པ་དེའི་བཟོ་དབྱིབས་ཀྱི་བཀོད་པ་ཧ་ཅང་མཚར་བ་བརྗོད་མི་ཤེས་པ་དུ་མ་བསྟར་འགྲིགས་པ་ལྟ་བུ་མཐོང་རྒྱུ་ཡོད་རེད། དེ་རྣམས་ཕལ་ཆེ་བ་ལ་སྲིད་པའི་ཡུལ་ས་གཉན་པོའི་གནས་སུ་ངོས་འཛིན་རྒྱུ་ཡོད། སྟོད་དང་སྨད་ཀྱི་བྱང་འབྲོག་གི་ཡུལ་གྱི་བརྒྱུད་ནས་རླུང་འཁོར་གྱི་ལམ་ཡང་ཆེད་དུ་ངལ་རྩོལ་དྲག་པོར་མ་བརྟེན་པར་དགུན་དུས་སུ་རང་དབང་གིས་བསྐྱོད་ནུས་ཤིང༌། དབྱར་སྟོན་རྣམས་སུ་ཆུ་འདམ་གྱི་ཉེན་ཡོད་པ་རེད། དབྱར་ནི་ཡུན་ཐུང་ངུ་བོད་ཟླ་ལྔ་པའི་སྐོར་ནས་དགུ་པའི་བར་ལས་མེད་ཅིང༌། དེའི་རིང་དུ་རྩི་མེ་ཏོག་ཁ་དོག་མི་འདྲ་བ་དུ་མས་ས་གཞི་གཡོགས་པ་ལྟ་བུ་ཉིན་ལམ་དུ་མར་ཁྱབ་པ་ཡོད།
          རྒྱ་གར་སོགས་རོང་ཆེན་དུ་དགུན་དུས་སུ་སྐྱེ་བའི་མེ་ཏོག་བོད་དུ་དབྱར་ཁར་སྐྱེ་བས་ཚ་གྲང་ཡང་དེ་དང་འདྲ་བར་ཙམ་ལས་གྲང༌། ཤིང་གི་རིགས་ནི་སྟོད་འབྲོག་གི་རྒྱུག་ཆུ་འགའ་ཞིག་གི་འགྲམ་དུ། འོམ་བུ། སྟར་བུ་ཤིང་དང་ཡུལ་འགའ་ཞིག་ལ་གྲ་མ་ཞེས་པ་སར་འབྱར་བ་དང༌། ཁྱི་སུག་རྒྱབ་ཤིང་ཙམ་མ་གཏོགས་གང་ཡང་མེད། མི་ཡི་ལྟོ་བཀོལ་བཙོ་བྱེད་པའི་བུད་ཤིང་ནི་ནོར་གྱི་གཉི་བ་སྐམ་པོ་ལ་བྱེད་ཅིང༌། དེ་ཡང་དགུན་དུས་སུ་འཁྱགས་པའི་གཉི་བ་བརྩེགས་ཏེ་ཁང་པ་ཡང་བྱེད་རུང་ཞིང༌། གཞན་ཡང་གཉི་བ་འཁྱགས་པའི་ཕུང་པོ་ཆེན་པོ་བརྩེགས་ནས་བསགས་ཏེ་སྐམ་རིམ་བཞིན་འབུད། སྟོད་འབྲོག་ཕལ་ཆེ་བས་ར་ལུག་གི་རིལ་མ་དང་དྲེག་པ་སོགས་འབུད་ཤིང་བྱེད་དོ། །
          བོད་གཞུང་དང་ཡུལ་པའམ་ཞིང་པའི་ས་ཁྱོན་ནི། ཡུལ་གཙང་གི་ཕྱོགས་སུ་གཙང་པོ་དང་ཉེ་བའི་ས་གཞི་ཡུལ་ལུང་ཕལ་ཆེར་ས་རྡོ་བྲག་སོགས་འདྲེས་པའི་རི་མཐོན་པོ་མང་པོ་དང༌། ཀླུང་རྣམས་སུ་བྱེ་མ་དང༌། ཞིང་ས་རུང་བའི་ས་མྱག་གྲོང་པའི་ཉེ་སྐོར་ལ་བཙུགས་ཤིང་ལྕང་མ་དཀར་ནག་གི་ཚོམ་བུ་རེ་ཙམ་ཡོད་པ་ལ་ལྕང་ར་ཟེར། གཞན་པའི་ཤིང་ཏོག་ཁམ་བུའི་སྡོང་པོ་ཁ་ཤས་དང་སྟར་ཁའི་སྡོང་པོ་ཉུང་ཤས་མ་གཏོགས་གཞན་ཤིང་སྐྱེས་པ་མེད། ལྷ་སར་བཙུགས་ཤིང༌། རྒུན་འབྲུམ། ཀུ་ཤུ། ལི། ལོ་གསུམ་ཁམ་བུ་སོགས་མང་པོ་སྐྱེས་ཀྱི་རེད། ལྷ་སའི་ས་ཁྱོན་རྒྱ་མཚོ་ནས་ཕུ་ཊིས་ཚད་བྱས་ན་སྟོང་ཕྲག་བཅུ་གཉིས་ཙམ་ཡོད་རེད། རི་འགའ་རེའི་ངོས་སུ་ར་ཤུག་གམ་སྤ་མ་སྐྱེས་པ་ཡོད། གཞན་པའི་ས་གཞུང་དུ་སྐྱེར་ཟེར་བའི་ཚེར་ཤིང་སྐྱ་བོ་འབྲས་བུ་ལ་ངང་པ་གསེར་སྒོང་ཟེར་བ་སྨིན་པ་དེ་དང༌། ཡོག་མོ་ཟེར་བ་རྩྭ་ཤིང་གི་རྣམ་ཅན་རྣམས་བུད་ཤིང་གི་གཙོ་བོ་རེད། གཞན་ཡང་བུད་ཤིང་རྟ་བོང་བ་ལང་སོགས་ཀྱི་སྦངས་དང་གཉི་བ་ལ་བྱེད། བ་ལང་གི་གཉི་བ་རློན་པ་གྱང་གི་ལྡེབས་སུ་སྦྱར་ནས་སྐམ་རིམ་བཞིན་འབུད་ཤིང་བྱེད། བོད་ཡུལ་གྱི་ལྷོ་ཕྱོགས་སུ་གཏོགས་པའི་རོང་ཁ་ཅིག་མ་གཏོགས་ཡུལ་པ་ཞིང་པ་ཕལ་ཆེར་གྱི་ཞིང་དུ་གྲོ། འབྲུ་སྲན་མ་ཆེ་ཆུང་སྣ་ཁ་གསུམ་ཙམ་དང༌། ཉུང་མ་ལ་ཕུག་ཞོ་གོག་སོགས་གང་ཡིན་ཞིག་ལོ་རེར་ཐེངས་གཅིག་མ་གཏོགས་སྐྱེ་གྱི་མ་རེད། ཁམས་ཡུལ་གྱི་ལུང་པ་འགའ་ལ་ལོ་རེར་གྲོང་པ་རེར་ཞིང་གང་ཡོད་ཀྱི་ཞིང་གི་ཕྱེད་འདེབས་ཤིང་སོ་ནམ་བྱེད། ཕྱེད་སྐམ་ལ་བཞག་དགོས་པ་ཡང་ཡོད་རེད། ལོ་ལྟར་བཏབ་ན་སྐྱེ་གྱི་མ་རེད་ཟེར། ཞིང་གི་ཕྱི་ནང་དུ་ཟ་ཉན་པའི་སྔོ་ཚོད་ནི། གོ་སྙོད། ལྕི་བ། ཟྭ་ཚོད། སྣེའུ། པྲི་ཡང་ཀུ། གྲོ་མ། ཏང་ཀུན། ལྕམ་པ་སོགས་ཡོད་རེད། རི་ལ་སྒོག་པ། རུག་པ། ལྕམ་བུ། སྨན་རུང་བའི་གཡའ་གྲོ། བི་མོ། དབྱར་རྩྭ་དགུན་འབུ་སོགས་ཡོད། ལྷོ་ཕྱོགས་ཀྱི་རོང༌། ཀོང་པོ། སྤོ་བོ། ཚ་རོང་སོགས་སུ་ལོ་རེར་འབྲུ་རིགས་ཐེངས་གཉིས་རེ་སྐྱེ་ཞིང༌། དེ་ཡང་གྲོ་དང༌། འབྲུ་དང༌། ཁྲེ་དང༌། ཇུ་ཙེ། མ་རྨོས་ལོ་ཏོག་སྲན་རིགས་ཆེ་ཆུང་གཉིས་གསུམ་ཙམ་དང༌། བྲ་བོ་དཀར་ནག་སེར་སོགས་སྐྱེ། ཤིང་གི་རིགས་ཀྱང༌། ཐང་ཤིང་དཀར་ནག །སྨྱུག་མ་སྟག་པ། སྟག་མ། གླང་མ། བེ་དོ། ཤུག་པ། ཀུ་ཤུ། ཁམ་བུ། ཀོ་ཡུང༌། ཀུ་ཝ། སྟར་ཁ། རྒུན་འབྲུམ། ལི། སེ་འབྲུ། ས་ཟི། སྟག་ཟི། ཁ་རྒྱུག་སྤེན་མ །སྙ་ག །ཉ་བྲེག །ཁོ་ཡོག །ཨ་ལུང༌། ཁ་སུ། བ་ལུའམ་སུ་དཀར། སུ་ནག་གཡེར་མ་ཤིང༌། དབྱི་མོང༌། སྐྱེར་པ། སེ་བ་ཤིང༌། གམ་ཤིང༌། རྒྱ་ཤིང༌། ཨ་ཀ་རུ། རྒྱ་སྤོས། དབྱར་པ། འོ་སོ་བྱར་པ། སྒྲོན་མེ་ཤིང༌། འབོ་ཏི་རྩི་ཤིང༌། ཇ་ཤིང༌། ཤོག་ཤིང༌། སྤྲག་པ། ཀོ་གླང་སོགས་སྐྱེ། སྒོ་ཕྱུགས་ཀྱི་རིགས་ནི། སྟོད་སྨད་ཀྱི་འབྲོག་སྡེ་རྣམས་ལ་གཡག་གི་སྐོར་ལ་ལོ་གཅིག་ལོན་པ་ལ་བེའུ་དང༌། ཡ་རུ། དེ་རྗེས་ཤེ་ཕོ། དེ་ནས་སོ་གཉིས་སོ་བཞི་སོ་དྲུག་ཁ་ཚང༌། དྲུས་གཅིག་དྲུས་གཉིས་སོགས་གཡག་གི་རྭ་ཡི་རི་མོར་བརྩི་ནས་གསལ་བར་ཤེས། དེ་བཞིན་མོ་ལ། ཤེ་མོ་འམ་ཐུས་མ་ཟེར་བ་མ་གཏོགས། གཞན་བརྩི་སྟངས་གཡག་དང་འདྲ། བེའུའི་མ་ལ་འབྲི་དྲུས་མ་དང༌། ཡ་རུའི་མ་ལ་ཡར་མ་ཟེར་དོན་དུ་ལོ་རེས་མོར་བྱེད་དེ་བེའུ་སྐྱེ་བ་མ་གཏོགས་ལོ་ལྟར་སྐྱེ་གི་མ་རེད། ར་དང་ལུག་རྣམས་ལ་ལོ་རེར་བུ་ཐེངས་རེ་དཔྱིད་ཀར་སྐྱེ་གི་རེད། ར་ཕོ་ལ། ར་ཕོ་དང༌། ར་མོ་ལ། ར་མ། རེའུ། རྩིད་པུ། ར་ཐོང༌། ར་ཚེར་ལ་བུ་སྐྱེ། ལུག་ལ་ཡང༌། ལུ་གུ། ལ་ག །ལུག་ཕོ་ལ་ཐོང་པ། སྙིས་པ། ཧྲུག་པ། ཆིབ་གཅིག །ཆིབ་གཉིས་སོགས་བརྩི། མོ་ལ། ཚེར་མོ། དེ་ནས་མ་མོ་སོགས་སོ། །རྟ་ཡང་ཁ་ཤས་གཉེར་གྱི་རེད། རྟ་ནི་མིས་རྐང་རྟེན་གཞོན་པ་བྱེད་རྒྱུ་མ་གཏོགས་ཤ་པགས་སྤུ་སོགས་གང་ལའང་བེད་སྤྱོད་ཡོད་མ་རེད། སྨད་འབྲོག་ལ་དུད་འགྲོ་དེ་རྣམས་ཀྱི་སྟེང་འབྲི་དང་གླང་འདྲེས་པ་ལས་ཕོ་བྱུང་ན་མཛོ། མོ་བྱུང་ན་མཛོ་མོ་ཟེར། རྟ་རྒོད་མ་དང་བོང་བུ་འདྲེས་པ་ལས་དྲེའུ་བྱུང༌། མཛོ་དང་དྲེའུ་རྣམས་རིགས་ཀྱི་དབང་གིས་གོང་ཚད་མཐོན་པོ་བྱེད་ཀྱི་རེད། ཡུལ་པའམ་ཞིང་པ་རྣམས་ཀྱི་སྒོ་ནོར་ལ། བ་དང༌། གླང༌། མཛོ། མཛོ་མོ། ར་ལུག །རྟ། དྲེའུ། བོང་བུ་སོགས་ཡོད། ཡུལ་འབྲོག་གཉིས་ཀ་ལ་ཁྱི་ཆེ་ཆུང་དུ་མ་སྤྱང་ཀུ་དང་རྐུན་མ་བསྲུང་ཕྱིར་གཉེར་གྱི་རེད། ཁྱི་བཟང་པོ་འགའ་རེ་ལ་གཡག་རེ་སྤྲད་དེ་ཉོ་དགོས་པ་ཡོད་རེད། ཞུམ་བུའམ་བྱི་ལ་ཡང་ཡོད་རེད། ཁྱིམ་བྱ་དང་ཕག་པ་གཉེར་མཁན་ཉུང་ཉུང་རེད། ཡུལ་ཁ་སྟོད་སྨད་ཀྱི་བར་མ་རྣམས་སུ་ཡུལ་འབྲོག་གཉིས་ཀའི་ལས་ཀྱིས་འཚོ་བ་བསྐྱལ་མཁན་ཡོད་རེད། དེ་རྣམས་ཀྱི་ནང་མི་ཁ་ཤས་ཀྱིས་འབྲི་གཡག་ར་ལུག་བསྐྱང་སྟེ་འབྲོག་ས་བཟུང༌། ཁ་ཤས་ཀྱིས་ཞིང་ཁང་གཉེར་ནས་ཞིང་ལས་ཀྱིས་འཚོ་བ་བསྐྱལ་བ་ཡོད་རེད། ཁང་པ་ཕལ་ཆེ་བ་ས་ཡི་གྱང་བརྡུངས་ནས་ཐོག་ལེབ་མོ་གདུང་དཔྱམ་གྱིས་འདེགས་པ་ཐོག་གཉིས་པ་དང༌། གསུམ་པ་ཅན་སོགས་ཡོད་རེད། དབུས་གཙང་གི་ས་ཁུལ་སྒེར་ཁག་མང་ཆེ་བ་དང༌། དགོན་སྡེའི་གཙུག་ལག་ཁང་སོགས་རྡོ་བཟོས་མ་དབྱིབས་ལེགས་པ་བརྩེགས་པ་ཤ་སྟག་རེད། བོད་ཡུལ་ཕལ་ཆེར་གྱི་ཁང་པར་དཀར་རྩི་གསོལ་ཞིང༌། ལྷ་ཁང་རྣམས་དམར་པོ། ས་སྐྱའི་ཆོས་བྱེད་པའི་ཡུལ་པ་མང་ཆེ་བའི་ཁང་པའི་ཕྱིར་ཚོན་དཀར་དམར་ནག་པོ་གསུམ་གྱི་རི་མོ་གྱེན་འགྲེང་བྱས་པ་ཤ་སྟག་འདུག །རི་ལ་རི་དྭགས་ཀྱི་རིགས་ནི། ཡུལ་འབྲོག་གཉིས་ཀྱི་མཚམས། ཤིང་གླང་མ་དང༌། སྟག་མ་སོགས་ཀྱི་གསེབ་ཏུའམ་སྤང་རི་སོགས་ལ། ཤ་བ་ཕོ་མོ་དང༌། གླ་བ། རྫ་རི་དང་སྤང་རི་འདྲེས་མའི་གསེབ་ཏུ། གནའ་བ་དང༌། བྱང་གི་རྫ་སྤང་གི་རི་ལ་སྙན་ཟེར་བ་རྭ་སྒོར་སྒོར་ཧ་ཅང་ཆེན་པོ་ཡོད་པ་དང༌། འབྲོང་ཕོ་མོའི་ཁྱུ། གཙོད་ཕོ་མོ། རྒོ་བ་ཕོ་མོ། རྐྱང་སོགས་སྟོད་འབྲོག་གི་ས་ལ་ཁྱུ་མང་པོ་ཡོད་རེད། གཞན་པའི་རི་བོང༌། ཨ་བྲ་ཕྱི་བ། བྱི་བ་སོགས་ཡོད། རོང་ཆེན་རྣམས་སུ་ར་རྒོད། ཕག་རྒོད། སྲིན་གཡག་རྒྱ་གོ་ར། བ་མེན། གཅན་གཟན་གྱི་རིགས་ནི། བྱང་འབྲོག་དང་ཡུལ་པ་གཉིས་ཀྱི་སར་དྲེད་མོང༌། སྤྱང་ཁུ། གསའ་གུང༌། འཕར་བ། དབྱི། རོང་གི་སར་དོམ་དང༌། སྟག་དང༌། གཟིག །སྤྲེའུ། སྤྲ། མི་རྒོད། རྟེ་ལོ་ག་མ། ཨོ་གར། སྲམ། གྲུམ་པ། ཝ།སྦྲེ། སྲེ་མོང་སོགས་ཡོད། རི་ལ་ཡོད་པའི་བྱ་རིགས་ལ། བྱང་འབྲོག་གི་སར། ཨ་གླག་གམ་ནེ་ལེ་ཟེར་བ། ཨ་བྲ་གསོད་མཁན་བྱ་ཆེན་ཞིག་དུས་རྟག་ཏུ་ཨ་ཁུང་གི་འགྲམ་དུ་འདུག་པ་ཞིག་དང༌། ཨ་ཁུང་ནང་དུ་ཉལ་ཞིང༌། ཨ་ཁུང་གི་སྒོ་ཡི་ཁ་བ་ཕྱག །ཨ་བྲ་ཡུལ་གཞན་དུ་བསྐྱལ་བར་བྱེད་པའི་ཨ་རྟ་དཀར་ཡུའམ། བྱིའུ་རྒོད་མ་ཟེར་བ་དང༌། དོང་ཧྲི་དཀར་པོ། ཁྲ། གླག །དབྱར་དུས་སུ་ཁྲུང་ཁྲུང༌། ངང་སེར། ངང་དཀར་སོགས་ཡོད། ཁུ་བྱུག །འུག་པ། སྲིན་བྱ། གོང་མོ། སྲེག་པ། ཐོ་ལེ་སྐེ་དམར། གསེར་བྱི་སེར་པོ། དངུལ་བྱི་དཀར་པོ། རྡོ་གཞག་ཁྲ་མོ། ནག་སག་ཐལ་མགོ །ཅོ་ག་ཐེ་བ། ཡུལ་པའི་སར། མཆིལ་པ། ཁང་བྱི་ཡང་ཟེར། ཕུག་རོན། སྐྱ་ག་ཁྲ་མོ། སྐྱུང་ཀ་མཆུ་དམར། བྱ་རྒོད། གོ་བོ། ཕོ་རོག་ནག་ཆུང༌། ཤིང་ནགས་ཡོད་སར་བྱ་བོན། ཁུ་ལིང༌། འཇོལ་མོ། སྣ་མང་པོ་ཡོད། ཁུག་རྟ། ཁྭ་ཏ། ཕ་བང་སྒམ་ཁྱེར། གླང་བྱི། བོན་བུ། བི་བྱིལ་སྔོ་རིལ། ནེ་ཙོ། འཕར་ཀ་བྱ་ཁོ་ཁོ། ཟེ་རེ། པུ་ཤུད། དྷི་དྷི་གོ་གོ །རི་བྱ་རྡོམ་བྱ། བྱ་ལོང༌། ཆུ་བྱ་རྐང་དཀར། ཁྲ་མ་གླག་འོལ་པ། ཡེ་ཙེ། ཁུ་བྱུག་བུ་རྫི། ཤིང་རྟ་མོ། བྱ་ཨ་བུ་ཁ་ཞེས་པ་སོགས་ཡོད། ཤ་མོང་གི་རིགས་ནི། གསེར་ཤ །འགའ་རུ། ལུག་ཤ །ར་ཤ །གངས་བྱི་ཤ །ཤ་ཁྲོ་རྒོ་ཁྲོ། གླང་ཤ །ཁྲ་ཁོག་བོང་བུ་རྣ་མཆོག །མར་བུ་ཆོ། ཤ་མོང་ར་ལྤགས་སོགས་ཡོད། །
ལོ་རྒྱུས་འཆད་ཅེས་བསྟོད་སྨད་ཆེར་འདོད་མོད། །
དངོས་པོའི་འདུག་ཚུལ་ངོ་སྤྲོད་མ་འཛོལ་བར། །
རང་རིགས་རྗེས་སྐྱེས་རྣམས་ལ་བཤད་པས་ན། །
སྐུ་བགྲེས་རྣམ་པས་མ་ཁྲེལ་ལྷོད་དེ་བཞུགས། །

          བོད་ཀྱི་ཡུལ་འདིར་གོང་དུ་བཤད་པ་ལྟར་དང་པོ་ལྷ་མ་ཡིན་དུ་མས་གང་བར་བཤད་ཅིང་དེ་དང་ལྷན་དུ་མི་ཡང་ཉུང་ངུ་གནས་ཤིང༌། གལ་ཆེ་བའི་དུས་རང་རང་གིས་བརྟེན་པའི་བདུད་དང༌། དམུ་དང༌། བཙན་དང༌། ཀླུ་དང༌། ས་བདག་སོགས་ལ་ཤ་ཁྲག་དམར་གྱིས་མཆོད་པ་བྱེད་ཅིང་ཁོང་རྣམས་ཀྱིས་ཕན་གྲོགས་ཆེན་པོ་བྱེད་པའི་ཡིད་ཆེས་བྱེད། དེའི་རྟགས་སུ་དུས་དེང་སང་གི་བར་དུ་འགའ་རེས་དགེ་བསྙེན་དང་བཙན་སོགས་ལ་མཆོད་པ་ཡིན་ཟེར་ནས་ཤ་ཁྲག་དང་དམར་མཆོད་ཀྱི་ལག་ལེན་བྱེད་པའི་སྲོལ་མདོ་སྟོད་སྨད་ཀྱི་ཁོངས་སུ་ཡོད་པ་བཞིན་ནོ། །
          དེ་ཡང་འགའ་རེས་ཆོས་ལུགས་ཀྱི་ཆ་ལག་ཏུ་བྱས་ནས་སྤྱོད། འགའ་རེས་གནའ་སྲོལ་གཅོད་མི་ཉན་པའི་འདུ་ཤེས་ཀྱིས་སྤྱོད་དོ། །ལུགས་འདི་སྔ་དུས་སངས་རྒྱས་གཤེན་རབ་མི་བོའི་བསྟན་པ་མ་དར་བའི་གོང་ནས་ཡོད་པ་ཡིན་ཏེ། སངས་རྒྱས་བོད་དུ་བྱོན་དུས་བོད་དང་ཞང་ཞུང་གི་བོན་པོ་རྣམས་ལ་ཞེས་གསུངས། དེའི་དུས་སུ་སངས་རྒྱས་ཀྱིས་བོན་གསུངས་པའི་སྐབས་ད་དུང་མེད་པས་ཞེས་གསུངས་པས་སངས་རྒྱས་ཀྱི་བོན་ལ་སྤྱོད་པའི་བོན་པོ་མེད་ཀྱང་བོན་པོ་ཡོད་པར་གསུངས་པས་བོན་པོ་ཞེས་པའི་མིང་དེ། གཡུང་དྲུང་གི་བོན་ལ་སྤྱོད་པའི་བོན་པོ་དང༌། སྤྱིར་བོན་པོ་ཞེས་པ་གཉིས་ངེས་པར་དུ་སོ་སོར་དབྱེ་དགོས་སོ། །དེས་ན་བདུད་ལ་མཆོད་པ་དང་བསྟེན་མཁན་ལ་བདུད་བོན་དང༌། བཙན་མཆོད་མཁན་ལ་བཙན་བོན་སོགས་ཡོད་པར་འདུག་གོ །
          སངས་རྒྱས་བོད་དང་ཞང་ཞུང་གི་ཡུལ་དུ་མ་བྱོན་གོང་དུ་ཡོད་པའི་བོན་པོ་དེ་རྣམས་དང་སྟོན་པས་འགྲོ་འདུལ་འོད་ཟེར་སྤྲོས་པའི་མཛད་པའི་སྐབས་སུ་སྤྲུལ་པའི་གཡེན་ཁམས་སུམ་ཅུ་རྩ་གསུམ་འདུལ་བའི་གཤེན་པོ་རྣམས་ལ་གཡེན་འདུལ་བོན་པོ་ཞེས་གསུངས་པ་དེ་རྣམས་དང༌། ལྡ་ཟོར་གནད་བསྐུལ་ལྟར། གཉན་བོན་ཐང་ཐང་ཁྲོལ་བ་དང༌། བདུད་བོན་ཁ་སྟ་འགྲེང་ཡུག །བཙན་བོན་དུམ་པ་ཚལ་ལྕགས་ཞེས་པ་དེ་རྣམས་གཏན་ནས་མི་གཅིག་སྟེ། འདི་རྣམས་གཤེན་གྱི་བསྟན་པ་ལ་སྤྱོད་པའི་བོན་པོ་ཡིན་པའི་ཕྱིར། སངས་རྒྱས་བོད་དུ་མ་བྱོན་གོང་དུ་བོད་ལ་སངས་རྒྱས་ཀྱི་བསྟན་པ་མེད། དེ་མེད་ན་དེ་ལ་སྤྱོད་པའི་བོན་པོ་མེད་པའི་ཕྱིར། རྟགས་མ་གྲུབ་སྟེ། སངས་རྒྱས་ཀྱིས་བོད་ཀྱི་བོན་པོ་རྣམས་ལ་ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། དེའི་བོན་པོ་རྣམས་སྔར་བཤད་ཟིན་པ་ལྟར། སངས་རྒྱས་ཀྱི་བོན་ལ་མི་སྤྱོད་པའི་བོན་པོ་ཡིན་པའི་ཕྱིར་ཏེ། སེམས་ཅན་གྱི་སྲོག་ལ་འཚེ་བ་བྱེད་པའི་ཕྱིར། དེང་དུས་འགའ་ཞིག་གིས་བོན་པོས་དམར་མཆོད་བྱེད་དེ། བོན་པོ་ཡིན་ཟེར་བའི་མི་ཆེ་གེ་མོས་དུད་འགྲོ་བསད་པའི་ཕྱིར། ལས་སོགས་བཤད་པ་ནི་ཁྱད་མཚར་བའི་གཏམ་སྟེ། བོད་མིས་ཤ་ཟ་བ་ཡིན་ཞིང༌། ཤ་རྣམས་སྲོག་བཅད་པ་ལས་མ་བྱུང་བའི་དངོས་པོ་ཞིག་ནི་མིན་ལ། སྲོག་གཅོད་མཁན་གྱི་ཤན་པས་ཁ་ནས་མ་ཎི་འདོན་བཞིན་གསོད་པ་མཐོང་བཞིན་མོད། དེ་ལ་ཁྱོད་ཀྱིས་ཅི་ཟེར། ལེགས་པར་སོམས་ཤིག །ཡང་མཐུ་ཆེན་མི་དགུས་དུད་འགྲོ་གྲངས་མང་པོ་བསམ་ཡས་སུ་བསགས་ནས་མཆོད་ཚོགས་བྱས་ཞེས་སོགས་བཤད་འདུག་པ་འདི་རྣམས་ལ་བསམ་ན་ཆགས་སྡང་གིས་ཀུན་ནས་བསླངས་བའི་རྐྱེན་གྱིས་བྱུང་རྒྱལ་དུ་སྨྲས་པའི་གཏམ་ཁོ་ན་སྟེ། མཐུ་ཆེན་མི་དགུ་ཞེས་པའི་གྲུབ་ཐོབ་རྣམས་ལ་མཐུ་ཆེན་གྲུབ་པའི་རྒྱུ་ཡི་དམ་གསས་མཁར་མཆོག་ལྔ་ལ་བསྙེན་བསྒྲུབ་རྟགས་ཐོན་ནས་གྲུབ་པ་ཐོབ་པ་ཡིན་པའི་ཚུལ་རིག་འཛིན་རེ་རེའི་རྣམ་ཐར་ལ་བལྟས་ན་ཤེས་སོ། །
          དེ་ལྟར་གསང་རྒྱུད་ཀྱི་དམ་ཚིག་བདེར་གཤེགས་བཀའ་འདས་ནི་རྩ་སྡོམ་ལྔ་པའི་གཅིག་ཡིན་པས། བདེ་བར་གཤེགས་པས་ཉེས་མེད་སེམས་ཅན་སྲོག་ལ་འཚེ་བ་དང༌།ཞེས་པའི་ལུང་ནི་གསང་བདག་རིག་འཛིན་མཐུ་ཆེན་མི་དགུ་སོགས་ཀྱི་ཐུགས་དམ་གྱི་བོན་ལས་བྱུང་ངོ༌། །
ལུང་བསྟན་ལུང་དོན་བརླམས་ནས་བྱུང་རྒྱལ་སྨྲས། །
གསང་ཆེན་གྲུབ་པ་རྣམས་ལ་སྐུར་པ་བཏབ། །
མི་བཟོད་རྣམ་པར་སྨིན་པས་རང་ཉིད་མནར། །
སྤྱང་ཚུལ་བསྟན་ཡང་བླུན་པོའི་རང་བཞིན་ངོམས། །
          ཡི་དམ་གསས་མཁར་མཆོག་ལྔ་ལ་ཞིབ་ཏུ་དཔྱད་ན། འཚེ་བ་ཆོས་སུ་སྨྲ་བའི་གཞུང་དུ་འདུག་མིན་གསལ་བར་ཤེས་ནུས་པས། ཕྱི་ནས་སྡིག་ཁ་ཆུང་དུ་བྱས་ན་ཅུང་མཛེས་སོ། །འདི་འདྲའི་རྣམ་བཞག་གི་ཞིབ་ཆ་མ་ཤེས་པའི་བོད་རྒན་སྐྱ་སེར་མང་པོ་རང་མགོ་བོ་འཁོར་ལོ་ལྟར་འཁོར་བཞིན་དུ། དམུས་ལོང་རྫིའི་རྗེས་སུ་འབྲངས་པའི་ཁྱུ། ངན་འགྲོའི་གཡང་སར་བསྐྱལ་བ་འདི་རྣམས་ལ་རྣམ་འདྲེན་བརྒྱ་པའི་མགོན་པོའི་ཐུགས་རྗེ་འོད་ཀྱི་ཞགས་པས་མྱུར་དུ་འཁྱུད་པར་མཛད་དུ་གསོལ།
          གཞན་ཡང་བོན་པོ་ཡིན་ན་གཡུང་དྲུང་གི་བོན་ལ་སྤྱོད་པའི་བོན་པོ་ཡིན་པས་མ་ཁྱབ་སྟེ། ཆོས་པ་ཡིན་ན་བཅོམ་ལྡན་འདས་ཀྱི་ཆོས་ལ་སྤྱོད་པ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། མུ་སྟེགས་པའི་ཆོས་སྤྱོད་པ་ཡོད་པའི་ཕྱིར། དེ་ཡོད་པ་ཐལ། མུ་སྟེགས་པ་ཡོད་པའི་ཕྱིར། །

བོད་ཀྱི་ནང་བཅུད་འགྲོ་བའི་སྐོར།

          མི་ཡི་འགྲོ་བ་གྲོལ་ཚུལ་རྒྱལ་བའི་ལུང་ལ་བརྟེན་ནས་གཙོ་བོར་བཤད་དགོས་པས། གཡུང་དྲུང་བོན་གྱི་བསྟན་འབྱུང་པོད་དང་པོའི་ལྡེབ་༼༡༡༢༽ ནས་མང་པོ་ཞིག་བཤད་ཅིང༌། མདོར་ན་མི་ལོ་སྟོང་ཕྲག་བཞི་ལྔའི་ཚུན་ནང་བོད་ཀྱི་མི་ཡི་འགྲོ་བ་བྱུང་བ་ལྟ་བུ་མི་བཟུང་སྟེ། མི་ལོ་སྟོང་ཕྲག་དུ་མའི་གོང་ནས་བོད་ཀྱི་ནུབ་ཏུ་ཞང་ཞུང༌། ཤར་རྒྱ་ནག །བྱང་ཐོ་གར་སོག་པོ། འ་ཞ་སོགས་དང༌། ལྷོར་རྒྱ་གར་དང༌། བལ་པོ་སོགས་ཀྱི་འགྲོ་བ་ཆགས་ནས་ཡོད་པར་མངོན། འོན་ཀྱང་བོད་ཀྱི་ཕྱི་ཡི་མི་རིགས་རྣམས་ཀྱིས་བོད་ཀྱི་ས་གཞི་གནས་ཡུལ་ཡིད་དུ་འོང་བ་མཐོང་ནས་ས་དེར་གཞི་གནས་གསར་ཆགས་སུ་བྱས་ཏེ་གནས་བཟུང་བ་ཡིན་སྲིད་པས་དང༌། བོད་ཀྱི་མི་ཡི་འགྲོ་བ་བྱུང་ནས་བོད་ཀྱི་ཉེ་འགྲམ་གྱི་ཡུལ་སྡེ་རྣམས་སུ་ཡང་བོད་མི་རིམ་པས་འགྲོ་འདུག་ཆགས་པ་ཡོད་པས། སྦར་མ་དང༌། རྒྱ་གར་དང་བལ་ཡུལ་གྱི་བྱང་རྒྱུད་ཀྱི་མི་རིགས་འགའ་ཞིག་བོད་ཀྱི་མི་རིགས་ཡིན་པ་བཞིན་བོད་ཀྱི་ཉེ་འགྲམ་གྱི་ཕྱོགས་གཞན་དུ་ཡང་དེ་ལྟར་བོད་མི་ཕར་འགྲོ་བ་དང༌། གཞན་མི་ཚུར་ཡོང་བ་ཡོད་ངེས་སོ། །

མུ་འགོད། ཐ་ཚན་མུ་ཙུག་སྨར་རོ།།

No comments:

Post a Comment