Friday, January 22, 2016

འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་བཅུ་བཞི་པ།

༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག


གླུ་བྲོའི་སྐོར།
          བོད་ཡུལ་འབྲོག་སྡེ་ཕལ་ཆེར་གྱི་རྗེ་བོས་གཙོས་གླུ་ངག་འདྲ་མིན་དང་ཚིག་དོན་བསྟོད་སྨད་བར་མའི་རྣམ་པ་ཅན་གྱིས་དགའ་བའི་རྣམ་འགྱུར་ངོམས་ཤིང་གཞས་དང་ཞབས་བྲོ་བྱེད་པ་ཉུང་ངོ༌། །དབུས་གཙང་གི་ཡུལ་པ་རྣམས་ཀྱིས་ཕལ་ཆེར་རྣམ་ཐར་དང༌། ལས་ཀྱི་བྱ་བ་མི་འདྲ་བ་རྨོ་རྐོ་བརྩེགས་པ་སོགས་ཀྱི་སྐབས་སུ་ལས་མི་རྣམས་ཀྱི་ལས་དང་བསྟུན་པའི་གཞས་ཚིག་མི་འདྲ་བ་དུ་མ་དབྱངས་བཞིན་འུར་གྱིས་འགེངས་པ་དང་གཞན་ཡང་ཆང་འཐུང་བའི་སྐབས་སུ་ཁྲུང་གཞས། ཞབས་བྲོ་སོགས་ལ་གང་མིན་གྱི་དག་སྣང་བྱེད་ཅིང༌། ཁྱད་པར་དུ་གཙང་ཐོབ་རྒྱལ་དུ། འཁྲུངས་གཞིས་ཚེས་བཅུ་ཆེན་མོའི་སྐབས་སུ་ཕོ་མོ་དྲུག་ཅུའི་སྐོར་གྱིས་ཆས་ལུགས་སྔར་ལུགས་ཀྱི་གྱོན་ཆས་ཀྱིས་སྤྲས་ཏེ་ངག་དང་ལག་སྟབས་སོགས་སྒེགས་ཉམས་ཅན་སྔར་སྲོལ་མ་ཉམས་པ་ཡོད་རེད། ཡུལ་གྱི་གྲོང་གསེབ་རྣམས་ལ་སྒྲ་སྙན་རྒྱུད་སྐུད་ཉུང་ཤས་ཡོད་པ་ཞིག་ལ་བརྩེ་བ་རེད། ཁམས་ཡུལ་དུ་མི་ཕལ་ཆེར་གླུ་དང་ཞབས་བྲོ་བྱེད་ཀྱང༌། གཙོ་བོར་སྒྲུང་གཏམ་ལ་དག་སྣང་ཆེན་པོ་ཡོད་རེད། སྐབས་འགར་སྒྲུང་མཁན་ཟེར་བའི་མི་ཆས་ལུགས་མི་འདྲ་བ་དང༌། ངག་དང་སྒྲུང་ཚིག་དུ་མ་ཤེས་མཁན་དེ་འདྲ་འབོད་ནས་སྒྲུང་བཤད་པ་ཡོད་རེད། བུད་མེད་ཀྱིས་སྒྲུང་བཤད་པ་ཡང་ཡོད་རེད། ཁམས་ཡུལ་དུ་རོལ་ཆས་པི་ཝཾ་ལ་བརྩེ་བ་མང་ངོ༌། །
གནའ་དུས་ཞང་ཞུང་གི་ཡུལ་ལུགས་ཤོན་གྱི་སྐོར།
          ཤོན་རྩེད་མི་གྲངས་ཉི་ཤུ་ནས་བརྒྱ་སྐོར་བར་གང་ཡོད་ཚོ་གསུམ་དུ་བཅད་དེ་ལག་བསྣོལ་བསྒྲིལ་མ་ཟླུམ་སྐོར་ཕྱི་ནང་རིམ་པ་མི་མང་ན་གསུམ་དུ་བྱེད། ཤོན་དཔོན་དང་པོ་དེས་ལག་གཡས་ཀྱིས་༼དྷོ་རང་ཞེས༽ གཡག་དཀར་པོའི་རྔ་མ་དངུལ་གྱི་ཡུ་བ་ཅན་ཞིག་འཕྱར་བསྐོར་བྱེད་བཞིན་རྔ་ཆེ་ཆུང་དང༌། དུང༌། དུང་ཆེན། སུར་སྣ་འཁར་རྔ། སྦུབ་ཆོལ་སོགས་ཀྱི་སྒྲ་དང་བཅས། ཁ་ནས་དབྱངས་དང༌། རྐང་པས་འགྲོས་ཀྱིས་གཡས་སྐོར་དུ་བསྐྱོད་པའི་གསེབ་ཏུ་སད་༼ལྷ༽ ཅེས་ལྷ་རྟེན་དང༌། ༼ཡུལ་ལྷ་དྲེགས་པ་ཅན་གྱི་རིགས་སོགས་སོ།།༽ མཉམ་དུ་བགྲོད་ཅིང༌། ངག་གི་གླུ་དབྱངས་ནི། བྷི་ལི་བྷེ་ཧོ་ན། ༼ལག་པ་འཐུད་ནས་འགྲོ།༽ གྷོ་ལི་གྷོ་ཧོ་ན། ༼ཤོན་རྩེད་རོལ་ལ་ཕེབས།༽ ཧ་ཡ་བྷེ་ཧོ་ན། ༼སྔོན་དུ་མགྱོགས་པར་སྐྱོད་ལ་ཕྱིར་གཤེགས།༽ ཁ་གྷོ་གྷོ་རིང་འུང་དྷེན། ༼ལྷ་མཇལ་མི་ཚོ།༽ ཁ་གྷོ་གྷོ་ཙུ་ལིད་པ་ལིད། ༼ལྷ་ཁང་ལིད་པ་འདིར་འཛོམས།༽ ཟླུམ་པོ་གྷོ་རི་དུའི་དྷེན། ༼ལྷ་ཡི་དབུ་ཐོད་ཟླུམ་པོ་ཀླུབ།༽ འདིས་མཚོན་ཏེ་ཞང་སྐད་འདྲེས་མའི་སྔར་གྱི་ཡུལ་སྐད་རྙིང་པ་ལས་དབྱངས་དང་བཅས་ཏེ་འཁྲབ་པའི་ལུགས། ཁུ་ནུ་སོགས་སྟོད་ཕྱོགས་བོད་ཀྱི་མཐའ་མཚམས་ཀྱི་ཡུལ་ཁག་རྣམས་སུ་ཧ་ཅང་གི་དར་ཁྱབ་ཆེ་བ་ཡིན་ལ། འདི་ཡང་སྔར་དུས་སུ་སྟོན་པ་གཤེན་རབ་མི་བོ་བསུ་སྐྱེལ་གྱི་སྐབས་རྣམས་སུ་ཡང་འདི་ལྟར་རྩེད་པའི་ལུགས་ཡོད་པ་ཡིན་འདུག་སྟེ། ལུང་ལས། ལ་ལ་ཞིག་གིས་ཤོན་བརྩེའོ། །ཞེས་གསུངས་པའི་ཕྱིར། ད་དུང་འདིའི་སྐོར་ལ་རྩད་གཅོད་རྟོག་ཞིབ་བྱེད་རྒྱུ་ཤིན་ཏུ་མང་ངོ༌། །
          གཞན་ཡང་སྟོད་ཕྱོགས་སུ་ཞང་བོད་ཀྱི་ཡུལ་ལུགས་རྙིང་པ་ལྷག་མའི་སྐོར། ཤོན་དང༌། གར། བྲོ། གཞས་སོགས་བོད་སྐད་དུ་བསྒྱུར་ཟིན་ནས་བྱེད་ཚུལ་གྱི་རྣམ་འགྱུར་རྙིང་ལུགས་གོམས་པ་ཅན་ནི། བེད་ལེན། བེད་གླུ། གཉེན་གླུ། ཆང་གླུ། མགུར་གླུ། མགྲོན་གླུ། བསུ་གླུ། དཔའ་གླུ། དམག་གླུ། མཛའ་གླུ། ཤག་གླུ། གཞོན་ནུ་ཕོ་མོའི་དབར་ཤར་གླུ། ལམ་གླུ། གོང་གི་བླ་དཔོན་དང༌། དམག་དཔོན་ཁག་ལ་བསྟོད་གླུ་སོགས་མང་ངོ༌། །

སྨན་གྱི་སྐོར།
          གཟི་བརྗིད་ཇ་ལྡེབ་༼༥༣་་༥༩༽ དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་སྡེ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉི་ཁྲི་ཆིག་སྟོང་དཔྱད་བུ་ཁྲི་ཤེས་དང༌། དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་དོ། །ཞེས་དང༌། སྤྱིར་བཀའ་ལ་སྨན་རྒྱུད་དེ་རྣམས་ཡོད་ཀྱང་བོད་དུ་ཚང་མ་མ་འགྱུར་བས། ཡོད་ཚོད་ཀྱི་སྨན་རྒྱུད་ལ། ཨ་ཙ་ར་མི་གསུམ་གྱི་བསམ་ཡས་ནས་རྙེད་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསུངས་པའི་སྨན་མདོ། རྩ་འགྲེལ་ལེའུ་བདུན་པ་སོགས་དང༌། གཏེར་སྟོན་བུ་མཚོ་སྲིད་པའི་རྒྱལ་པོའི་གཏེར་མ་ཚེ་རིག་གམ་གསོ་རིག་སྨན་གྱི་མདོ་དགུའི་ནང་ཚན་བདུད་རྩི་བང་མཛོད་འབུམ་བཞིའི་མདོ་ལས། ཁུ་ཚ་དང་བུ་འཚོའི་གཏེར་ལུགས་གཉིས། རྩ་བ་ཐུགས་འབུམ་མཁའ་སྔོན། དེ་ལས་གྱེས་པ་འཚོ་བྱེད་སྨན་འབུམ་དཀར་པོ། འཚོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱའི་ནད་འབུམ་ནག་པོ་བཅས་བཞིའོ། །རྒྱུད་བཞི་ཟེར་བ་འདི་ཉིད་བཱཻ་རོས་བོན་ལས་བསྒྱུར་བའི་རྟགས་སུ་ཞུ་བ་པོ་འཁོར་དྲང་སྲོང་དང༌། ཟབ་བཅོས་ཀྱི་སྔགས་ཞང་སྐད་རང་སར་བཞག་པ་སོགས་ནི་བཀའ་རྟགས་སོ། །ཞེས་མཁན་ཆེན་ཉི་མའི་བཀའ་འགྱུར་སྒྲིག་ཐོ་ལས་སོ། །
          ཏུན་ཧུང་ཡིག་ཚར་ལས། P.1-144 དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མེད་དོ། །དཔྱད་ཡིག་ཐམས་ཅད་ལས་ཀྱང་བསྡུས་པའི་སྟེང་དུ་ཞང་ཞུང་གི་དཔྱད་ཕུག་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ། །ཞེས་འདི་ལྟར་འགངས་ཆེན་བྱས་ཏེ་བཞག་པ་མཐོང་ངོ༌། །ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་འམ་གཡུང་དྲུང་རྒྱལ་མཚན་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་གསོ་བ་སྨན་གྱི་རིག་པ་ལེའུ་ཆེན་པོ་བཞི་བཞུགས་པ་དང༌། མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད་པའི་སྨན་གྱི་ཕྱག་ལེན་གྱི་སྐོར་རྣམས་བོད་དུ་ཕྱིས་བརྩམས་ཡིན་ནོ། །

སྐར་ནག་རྩིས་ཀྱི་རིག་པའི་སྐོར།
          དཔྱད་གསུམ་རྩིས་རྒྱུད་ལས། གཤེན་ལོ་བཅུ་གཉིས་བཞེས་སྐབས་སའི་ལྷ་མོས་བསྟན་པ་སྤེལ་བར་གསོལ་བ་བཏབ་པའི་ཚེ། དབང་ལྡན་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་བཞེངས་པར་བཀའ་བསྩལ། སྡོང་ཟླ་ལྷ་ཀླུ་མིས་བྱས་ཏེ་རྒྱན་དྲུག་སོགས་ཀྱིས་གཟབས་ནས་གྲུབ། གནས་དེར་ས་བདག་ཀླུ་གཉན་གཏོད་འཁོར་ལ། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་སྐོར། དབང་ལྡན་དུས་ཀྱི་འཁོར་ལོའི་མདོ་རྒྱུད་གསུངས། དེ་ཡང་མདོ་ལ་བསྐལ་སྲིད་བསྒྲེས་མདོ་དང༌། རྒྱུད་ལ་སྒྲུབ་པ་མཆོད་སྦྱིན་མན་ངག་གསུམ། བསྒྲུབ་པ་དབང་དང་དྲག་པོ་རྒྱས་པ་སྟེ། འཁོར་ལོ་རོལ་པ་སྐུ་ཡི་རྒྱུད་དང་གཅིག །འཁོར་ལོ་དབང་ཕྱུག་གསུང་གི་རྒྱུད་དང་གཉིས། འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་དང་གསུམ། གཞན་ཡང་རྒྱུད་སྲུང་གེང་དང་མགོན་པོ་དང༌། དཔལ་འབར་ཨེ་ཀ་ཛ་ཏི་འཇིག་རྟེན་སྐྱོང༌། ལེའུ་སྟོང་ཕྲག་བརྒྱད་སོགས་མཐའ་ཡས་དང༌། མཆོད་སྦྱིན་དུས་ཀྱི་འཁོར་ལོ་རྩ་བའི་ལྷ། བདུན་ཅུ་རྩ་བཞི་རྒྱལ་ཆེན་ཕྱོགས་སྐྱོང་བཅས། སངས་རྒྱས་བསྟན་པ་བརྟན་ཕྱིར་མངའ་དབུལ་མཛད། མན་ངག་དུས་ཀྱི་འཁོར་ལོ་བསྐལ་སྲིད་ཀྱི། ཆགས་གནས་འཇིག་སྟོང་དུས་བཞིའི་འཕེལ་འགྲིབ་སོགས། མངོན་སྟོན་གཙུག་ལག་རྩིས་ཀྱི་རིག་པའི་སྐོར། གྲངས་མང་ས་བདག་བོན་པོ་གསེར་ཐུབ་ལ། གཉེར་དུ་གཏད་ཅིང་འོལ་གླིང་ཤམ་བྷ་ལྷར། ཤིན་ཏུ་དར་ཞིང་ལོ་ཙ་མཁས་དྲུག་གིས། རང་རང་ཡུལ་དུ་བསྒྱུར་བ་ཐ་མར་བོན་ནུབ་ཚེ། གཏེར་ལ་བཞུགས་ནས་རེ་ཞིག་མི་སྣང་མཐར། འགྲོ་བའི་བསོད་ནམས་རྟ་བདུན་སླར་ཤར་སྐབས། མཆོད་སྦྱིན་དུས་འཁོར་གཡེན་ཁམས་སེལ་མདོ་དང༌། གཙུག་ལག་དཔལ་འབུམ་ཤེལ་དཀར་ཟ་མ་ཏོག །དཔྱད་གསུམ་ཕྱི་ནང་གསང་བའི་རྩིས་རྒྱུད་སོགས། སྙན་རྒྱུད་གཏེར་དང་དག་སྣང་ལས་བྱུང་གསུངས། རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ་གྱིས། རྒྱ་གར་དུ་བསྒྱུར་དུས་ཀྱི་འཁོར་ལོ་འདི། ཚིག་གི་ཆ་ལས་དོན་ལ་ཆེར་འཕྱུགས་མེད། དེ་ཕྱིར་བོད་རྩིས་རང་ལུགས་དོན་མཐུན་འགྱུར། ཞེས་གསུངས།
          བོད་དུ་དར་བའི་རང་ལུགས་རྩིས་གཞི་ནི། གཤེན་གྱི་རྩིས་གསར་རྣམ་དག་སྐར་འབྱུང་བཅས།  གཤེན་ཚང་མཁས་གྲུབ་ཤི་ལ་དྷྭ་ཛས་མཛད། མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད་པའི་འབྱུང་རྩིས་ཀྱི་སྐོར་དང༌། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་རྩིས་གཞུང་ངོ་མཚར་འོད་ཟེར་འབུམ་ལྡན། ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་གཤེན་རྩིས་ཞག་གསུམ་གྱི་སྐོར་དང་མཁན་ཆེན་ཤེས་རབ་བློ་ལྡན་གྱིས་མཛད་པའི་གཤེན་རྩིས་འདས་ལོ་ཆུ་ཁྱི་ཅན། སྤ་ཚང་མཁས་གྲུབ་བསྟན་པ་འབྲུག་གྲགས་ཀྱིས་མཛད་པའི་ཞག་གསུམ་རྩིས་གཞི་སོགས་ནི་བོད་དུ་ཕྱིས་བརྩམས་ཡིན་པས་ཕལ་ཆེར་བོད་རྩིས་སྤྱི་མཚུངས་ལྟ་བུ་ཡིན་ནོ། །

ལྷ་བྲིས་ཀྱི་སྐོར།
          བོད་ཀྱི་སྟོད་སྨད་ཐམས་ཅད་ཀྱི་ལྷ་ཡི་ཆག་ཚད་མདོ་དང་བསྟུན་པ་ཡིན་ཡང༌། གོམས་ལུགས་ཀྱི་དབྱིབས་གཟུགས་མི་འདྲ་བ་ཡོད་ཅིང་སྟོད་ཕྱོགས་ཀྱི་ཚོན་མདངས་རིས་མོ་ཧར་ལ་རྔམ་པ་དང༌། སྨད་ཕྱོགས་པའི་ལུགས་ནི། ཞིབ་ཆ་ཆེ་ཞིང༌། འཇམ་པ། རྒྱང་ནས་མཐོང་ཚུལ་ཧ་ཅང་གི་རྔམ་པོ་མེད་ཀྱང༌། འགྲམ་ནས་བལྟས་ཚེ་ཤིན་ཏུ་སྙིང་ལ་སྡུག་པའི་རྣམ་འགྱུར་ཅན་དང༌། ཆགས་ཚད་ནི་མཛོད་སྤུ་མ་དང༌། ཤངས་རྩེ་མ་གཉིས། ཁྱུང་ཡུལ་སྟོད་སྨད་དུ་ལྷ་བྲིས་མི་རབས་མང་པོ་ནས་གྲགས་ཆེ་བའི་དབུ་ཆེན་བཞི་ཡོད་ཅིང༌། དེ་ནི་ལོ་དགའ། ལྡོང་མདོ། རྒྱ་མཁར། རག་ལ་བཅས་ཡིན་ལ། ལོ་དགའ། ལྡོང་མདོ། རྒྱ་མཁར་གསུམ་གྱི་ལྷ་ཚུགས་གཅིག་ཅིང༌། དེ་ཡང་ལྷ་ཚུགས་མདོ་དང་མཐུན་ཅིང་ཁྱད་པར་དུ་རྐོང་ཡུལ་ནས་གཏེར་ཐོན་པའི་རྟེན་དྲི་མེད་ཤེལ་སྐུ་དང་མཚུངས་སོ། །བོད་ཡུལ་ཡོངས་ཀྱི་ལྷ་བྲིས་པའི་ཕུལ་ཡིན་ཏེ། དེང་སྐབས་གུང་ཁྲན་ཏང་གིས་ཤེས་རིག་བསྐྱར་གསོའི་སྐབས་བོད་ཡུལ་ལྷ་བྲིས་ཡོངས་ཀྱི་ཨང་དང་པོ་ལྡོང་མདོ་དབུ་མཛད་ཚེ་རིང་གཡང་འཕེལ་གྱིས་ཐོབ་པར་ཐོས། རག་ལ་ནི་བོད་ཡུལ་དབུས་གཙང་གི་ལྷ་ཡི་ཆགས་ཚད་དང་བཟོ་དབྱིབས་མཚུངས་ཤིང་ཚོན་མདངས་དང་རིས་མོའི་རྣམ་འགྱུར་དེ་ལས་ཁྱད་དུ་འཕགས་པའི་ཞིབ་ཆ་ཅན་ཞིག་ཡིན་ནོ། །

ཡིག་བྲིས་སྐོར།
          དབུ་ཅན་འདི་ལ་སྔར་ནས་གྲགས་པ་ཆེ་བའི་ཁྱུང་པོ་གཡུ་ཁྲིའི་ལུགས་དང་སུམ་པ་གནོད་སྦྱིན་གྱི་ལུགས་སོགས་ནས་བརྒྱུད་པའི་བཟོ་དབྱིབས་ཡོད་ལ། དབུ་མེད། ཚུགས་མ། ཚུགས་རིང༌། ཚུགས་ཐུང༌། འཁྱུགས་ཡིག་འབྲུ་མ་འདི་ལ་ཡང་ཁྱུང་ཡུལ་སྟོད་སྨད་དུ་དར་ཁྱབ་ཆེ་བའི། སྟ་རེའི་ཁམས་དང༌། ག་ཟིའི་ཁམས། མ་ནིའི་ཁམས། སྒོ་ཧྲང་ལུགས། ཁྲ་ཁམས་སོགས་བཟོ་དབྱིབས་ཀྱི་ཁྱད་པར་མི་འདྲ་བ་ཡོད་ཅིང༌། དེ་རྣམས་ཀྱི་ནང་གསེས་སུ་ཡང་བཟང་ངན་གྱི་ཁྱད་པར་དུ་མ་ཡོད།  སྤྱིར་ན་འབྲུ་མ་འདི་ལ་ལི་ཁམས་ཟག་གསུམ་གསལ་བར་དོད་དགོས་པ་སྤྱི་ལུགས་ཡིན། །

བོན་གྱི་བཀའ་འགྱུར་པར་ཤིང་བཞུགས་གནས།
          རྒྱལ་རོང་རབ་བརྟན་རྒྱལ་པོའི་མངའ་འོག་གཡུང་དྲུང་ལྷ་སྟེང་འདི་སྔར་ནས་རྒྱ་ཡིས་གཏོར་ཟིན་ཟེར་འོན་ཀྱང་དེང་དུས་ཆ་ཚང་མེད་ཀྱང་པར་མ་དཔེ་རིང་སྤུས་ལེགས་འགའ་མཐོང་རྒྱུ་ཡོད། དེ་རྗེས་རྒྱལ་རོང་ཁྲོ་ཆེན་རྒྱལ་པོའི་ཕོ་བྲང་དྲུག་ཟུར་དུ་བཞུགས་པ་འདི་ཉིད་མཁས་དབང་ཀུན་གྲོལ་འཇའ་ཚོན་སྙིང་པོས་ཞུས་དག་གནང་སྟེ། བསྟན་སྦྱིན་ཆེན་པོ་མི་ཡི་དབང་པོ་ཁྲོ་ཆེན་རྒྱལ་པོ་ཀུན་དགའ་ཕུན་ཚོགས་བསྟན་འཛིན་གྱིས་པར་བཞེངས་གནང༌། བཀའ་བརྟེན་འགྱུར་ཆ་ཚང་མེད་ཀྱང༌། པར་ཤིང་བཞུགས་གནས། བཀྲ་ཤིས་སྨན་རི། རབ་ལེགས་གཡུང་དྲུང་གླིང༌། མཁར་དགོན་བསམ་བརྟན་གླིང༌། བདེ་ལྡན་སྒྱེའུ་ལུང༌། ཤར་རྫའི་རི་ཁྲོད། ཉག་ཁོག །ཁྱུང་པོ་དཀར་རུ་བཅས་ལ་ཡོད། རྒྱལ་རོང་ཁྲོ་ཆེན་ཕོ་བྲང་དུ། སངས་རྒྱས་ཀྱི་མཛད་ཐང་བཅུ་གཉིས། ཆོ་ག་བཅུ་གཉིས། གསས་མཁར་མཆོག་ལྔ། རྒྱ་བོད་དྲན་པའི་ཞལ་ཐང༌། ཚེ་དབང་གི་ཞལ་ཐང༌། མ་རྒྱུད་ཀྱི་ཞལ་ཐང་ལྔ་སོགས་སྤུས་ལེགས་ཡིད་རངས་བ་ཡོད། ། མུ་འགོད། ཐ་ཚན་མུ་ཙུག་སྨར་རོ།།

No comments:

Post a Comment