Tuesday, January 19, 2016

འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་བཅུ་གཅིག་པ།


༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག


ཁྲི་སྲོང་ལྡེ་བཙན་གྱི་སྐོར།

          ཁྲི་རྗེ་གཙུག་བརྟན་དང་རྒྱ་མོ་ཀོང་ཇོ་གཉིས་ལ་སྲས་ཁྲི་སྲོང་ལྡེ་བཙན་བྱུང༌། རྒྱལ་པོ་འདི་དང་དུས་མཉམ་དུ་ཡོངས་རྩེ་ཀློང་ཆེན་ལས་གསུངས་པ། བླ་ཆེན་དྲན་པ་ནམ་མཁའ་དང༌། སྙ་ལི་ཤུ་སྟག་རིང་བཞུགས་པའི་དུས། ཞེས་དང༌། ཞང་ཞུང་སྙན་རྒྱུད་ལས། ཞང་ཞུང་ལ་གྲུབ་པ་ཐོབ་པ་མང་ཡང༌། སྤ་ཇི་ཁྲོམ་དཀར་པོ་བཞུགས་པའི་དུས་སུ། ཞང་ཞུང་ན་རྒྱལ་པོ་ལིག་མི་རྐྱ་བཞུགས། ཞང་ཞུང་གི་རྒྱལ་པོ་སྐུ་འཚོ་བའི་གཤེན་པོ་གུ་རིབ་སྣང་བཞེར་ལོད་པོ་བཞུགས། བོད་ཀྱི་སྐུ་གཤེན་མཁས་ཤིང་རིག་པ་དང་ལྡན་པ་དྲན་པ་ནམ་མཁའ་བཞུགས། ཞེས་གསུངས། ཞང་ཞུང་གི་དྲན་པ་ནམ་མཁའ་ཞང་ཞུང་ལ་སྔར་བཞུགས་ཟིན། འདི་བོད་ཡུལ་དྭགས་པོའི་ཡུལ་དུ་འཁྲུངས་པའི་དྲན་པ་ནམ་མཁའ་ཡིན་ནོ། །
རྒྱལ་པོ་འདིའི་རིང་དུ་བོད་དང་ཞང་ཞུང་གཉིས་ཀའི་ཡུལ་དུ་བོན་བསྣུབས་པ་ཡིན་ལ། ནུབ་པའི་རྒྱུ་རྐྱེན་ནི། གྲི་གུམ་གྱི་དུས་དང་མི་མཚུངས་ཤིང༌། ཡུལ་དབུས་སུ་ནད་མུག་གིས་མི་བདེ་བ་ཆེན་པོ་ཞིག་བྱུང་བས། དེ་ཅིས་ལན་ཞེས་སྤེ་ན་གུ་བྱ་བའི་མོ་མ་ཞིག་ལ་དྲིས་པས། དེས་ནལ་ཕྲུག་ལོ་བཅོ་ལྔ་ལོན་པ་ཞིག་ལ་ལྕགས་སྣ་བཙུགས་ནས་འདིས་ལན་ཟེར། དེ་བོན་པོས་རུས་སེལ་བྱས་ཏེ་ཁ་ཆེའི་ཡུལ་དུ་སྤྱུགས་པས། དེས་ཆོས་བསླབས་པས་མཁས་པར་བྱུང་སྟེ་མིང་ཡང་བྷོ་དྷཱི་ས་ཏྭོར་བཏགས་སོ། །ཞེས་གསུངས་ཤིང་འདི་མཁན་ཆེན་བྷོ་དྷཱི་ས་ཏྭོར་འདོད་མཁན་འདུག་ཀྱང་མ་ངེས་སོ། །དེ་མོ་མ་དང་བོན་པོ་གཉིས་ལ་སྙིང་ན་ནས་བོད་ཀྱི་རྒྱལ་བློན་རྣམས་ལ་བོན་བསྣུབས་ཆོས་སྤྱོད་ཅིག་པའི་ཕྲ་མ་བརྫངས་སོ། །ཞེས་གབ་པའི་འགྲེལ་བཞི་ལས་སོ། །བསྒྲགས་བྱང་ལས། བློན་པོ་གཡུ་སྒྲ་ནེ་ན་བྱ་བ་ཡིས། རྗེ་ལགས། ཡབ་མེས་ལས་ལྷག་པའི་ལས་སྟབས་ཤིག་དགོས་པས། ཡབ་ཀྱི་གཙུག་ལག་ཁང་ཐོག་གིས་བཤིགས་པ་འདི་གསོ་འཚལ། དེའི་ཆ་རྐྱེན་དུ་རྒྱ་དཀར་དུ་ཆོས་བྱ་བ་བོན་དང་མི་འདྲ་བའི་བྱ་བ་སླ་བ་ཁུར་ཡང་བ་ཞིག་ཡོད་པ་འདུག་པས། དེ་བོད་འདིར་གདན་འདྲེན་འཚལ། ཟེར་རོ། །བློན་པོ་འཆིམས་རྡོ་རྗེ་བྲེ་ཆུང་ན་རེ། བོན་འདི་བཀུར་བ་ཡང་ལྕི། བསླབ་ཏུ་ཡང་རྒྱ་ཆེ། བསྒྲུབ་ཏུ་ཡང་གཏིང་ཟབ་ལྷ་སྲུང་ཡང་རུ་འཐུར་བས། བསྣུབ་འཚལ། ཟེར་རོ། །རྗེ་ཡང་ཡབ་མེས་ལས་ལྷག་པའི་བྱ་བ་བཞེད་ནས། འཕྲིག་པ་ཟོས་སོ། །ཞེས་དང༌། སྐབས་འདིར་དར་རྒྱས་གསལ་སྒྲོན་དུ་འདུལ་བའི་གནས་སྡེ་ཆེན་པོ་བཞི་ནང་འཁྲུགས་ལང་ནས་སོ་སོར་བརྩོད་པས། ཞེས་སོགས་གསུངས་ཀྱང་འདུལ་བའི་གནས་སྡེ་རྣམས་འདི་དུས་སུ་ཞིག་ནས་མེད་པར་མངོན། འདི་དུས་བན་བོན་ཤག་འགྲན་བྱས་ཚེ་བོན་གཤེན་གྱིས། ཕ་བཙས་མགོ་བོ་ཡུ་བོར་བྲེགས་ཞེས་སོགས་ཀྱིས་སྨད་པའི་ཤུགས་ལས་རང་ལུགས་ལ་རབ་བྱུང་བ་མེད་པར་མངོན། བསྣུབས་པའི་ཚུལ་ནི། རྣམ་འབྱེད་འཕྲུལ་ལྡེ་ལས། རྒྱལ་པོ་ཁྲི་སྲོང་གིས་བློན་པོ་རྣམས་བསགས་ནས་གསུངས་པ། ངའི་བླ་མཆོད་དུ་རྒྱ་དཀར་ནས་ཆོས་ཤིག་གདན་འདྲེན་དགོས་གསུངས་པ། བོན་ལ་དགའ་བའི་བློན་པོ་འགོས་ཁྲི་བཟང་དང༌། ངམ་སྟག་ར་ཀླུ་གོང་དང༌། མ་ཞང་ཁྲོམ་པ་སྐྱེས་ལས་སོགས་པས་བོན་མི་བསྣུབས་པའི་ཞུ་བ་ཕུལ་ཡང་མ་གསན་ནོ། །རྒྱལ་པོའི་ཞལ་ནས་ཆོས་བྱས་ན་རྒྱ་དཀར་རྒྱལ་པོ་ལོ་སྟོང་ཐུབ་ཟེར། རང་རེའི་ཚེ་བསྲིང་བ་ལ་ཡང་དགོས། ཤི་ཡང་བོན་བཞིན་དུ་འདུར་མི་དགོས་པར། སྨོན་ལམ་རེ་བཏབ་པས་ལྷར་སྐྱེ་ཟེར། དེ་ནས་བོན་བསྣུབས་པའི་སྙད་དུ། ཁྱེད་བན་བོན་གཉིས་མཐུ་དང་བྱིན་རླབས་གང་ཆེ་བལྟ་དགོས་གསུངས་ནས། བོན་པོའི་ཁ་འཛིན་ལ། མ་ཞང་ཁྲོམ་པ་སྐྱེས་དང༌། ངམ་སྟག་ར་ཀླུ་གོང་གཉིས་བསྐོས། བན་དེའི་ཁ་འཛིན་ལ། ཤཱཀྱ་བྲ་བ་དང༌། སྟག་བཙན་ལྡང་གཟིག་གཉིས་བསྐོས། སྤྱི་ལ་སྒོས་ཁྲི་བཟང་ཡབ་ལྷ་དང༌། རྡོ་རྗེ་སྤྲེའུ་ཆུང་གཉིས་བསྐོས། རྒྱལ་པོ་ནི་གོང་ན་བཞུགས། བོན་པོའི་ཤག་མཁན་དྲན་པས་མཛད། བན་དྷཻའི་ཤག་མཁན་རྨ་ཨ་ཙ་ར་རིན་ཆེན་མཆོག་གིས་མཛད། དེ་ལ་རྒྱལ་པོས་སྔོན་ལ་མཐུ་འགྲན་དགོས་གསུངས། བན་བོན་རྣམས་མཐུ་འགྲན་བྱས། མཐུ་རྩལ་ནི་བོན་པོ་ཆེ་བར་བྱུང༌། རྒྱ་གར་གྱི་དབུ་ཟླུམ་རྣམས་ནི་སྨྲ་མཁས་ལ་ལྗགས་བདེ། བོད་འབངས་ཕལ་པ་རྣམས་ནི་བོན་སྤྱོད་པ་ལ་དགའ་རྒྱལ་པོ་ནི་སྔར་མཆོད་རྟེན་བརྩེགས་པའི་ལས་སྨོན་དབང་གིས་ཆོས་ལ་དད། དེ་ནས་རྒྱལ་པོས་གཤེན་པོ་རྣམས་བསགས་ནས་གསུངས་པ། ཁྱེད་བོན་པོ་རྣམས་ཀྱིས་ང་ཡི་མངའ་རིས་འཕྲོག་པར་འདུག་པས། ཁྱེད་རྣམས་ཆོས་ལ་ཞུགས་ནས་བན་དྷེ་བྱེད་དམ། བོད་རུ་བཞི་ལས་འདས་པར་གཤེགས་སམ། ཆབ་གསོལ་ལམ། གང་གདམ་པ་ཞིག་དོམས་ཟེར་རོ། །དུས་དེར་གྲུབ་པ་ཐོབ་པ་རྣམས་ནི་ནམ་མཁའ་ལ་འཕུར་ནས་གཤེགས་སོ། །ལ་ལ་གཡའ་རི་གངས་བྲག་ལ་བྱོན་ནོ། །ཁ་ཅིག་ནན་འོག་ཏུ་བཅུག་སྟེ་ཡིད་བོན་ལ་བསམ་ཞིང་ཁ་ལུས་ནི་ཆོས་ལ་སྤྱད་དོ། །དྲན་པ་ནམ་མཁའི་ཡུལ་དགས་པོ། ཡབ་དམུ་གཤེན་དགས་པ། ཡུམ་བདའ་ཟ་མཁར་ལྕམ་དགུང་ལོ་ལྔ་ནས་དད་པའི་སེམས་དང་ལྡན། ལོ་དགུ་ནས་འབྲི་ཀློག་ཚད་དུ་ཕྱིན། བཅུ་བདུན་ལོན་ནས་རྒྱ་གར་ཡུལ་དུ་བྱོན། དགུང་ལོ་བཞི་བཅུ་ཞེ་བདུན་ལ་གསེར་ཕྱེ་བྲེ་གསུམ་ཁྱེར་ནས་བླ་མ་ལ་ཞབས་ཏོག་འབུལ་དུ་བྱོན། ཚེ་ཡི་དངོས་གྲུབ་ཐོབ་ནས་བོད་ལ་ལོ་བདུན་བཞུགས། དེ་ཚེ་ཆོས་དར་བོན་བསྣུབས་བོན་རྣམས་གཏེར་དུ་སྦས་ཞེས་དྲང་དོན་སྒྲོན་མ་མུན་སེལ་ལས་སོ། །གབ་འགྲེལ་ལས། དེའི་དུས་སུ་བླ་ཆེན་དྲན་པ་ནམ་མཁའ་ནི། ལོ་སུམ་ཅུ་རྩ་བདུན་ནན་བན་བཅུག་ཞེས་དང༌། རྒྱལ་པོའི་སྐུ་འཚོ་བའི་རྐྱེན་དུ་ཁྱུང་པོའི་བོན་པོ་གྱེར་ཆེན་ཟླ་མེད་དང༌། ཕ་བ་ཁྲི་སྙ་རྒྱལ་ཆུང་གཉིས་ལས་མི་བཞུགས་སོ། །ཞེས་སོ། །གལ་མདོ་ལས། བཱཻ་རོ་ཙ་ནས། བདག་འདྲ་མུ་ཙ་ལོ་ཙ་སྨྲ་མཁས་ཀྱིས། ཚེ་སྟོད་གཡུང་དྲུང་བོན་གྱི་སྒོར་ཞུགས་སྤྱད། མིང་ཡང་བ་གོར་རིན་ཆེན་གསས་སུ་བཏགས། ཚེ་སྨད་དམ་པ་ཆོས་ཀྱི་སྒོར་ཞུགས་སྤྱད། མིང་ཡང་བ་གོར་བཱཻ་རོ་ཙ་ནར་བཏགས། ཞེས་སོགས་གསུངས། གཞན་ཡང་སྐབས་འདིར་གྲུབ་ཐོབ་མཐུ་ཆེན་མི་དགུ་དང་བོན་ཆེན་བཞི་བཅུ་སོགས་བཞུགས། ཞང་སྣ་ནམ་ལྷ་སྣང་གི་བུ་བཙན་བཞེར་དབུ་རིང་བྱ་བ། ལྷ་སྲས་མུ་རུག་བཙན་པོའི་ཕྱག་ཏུ་ལྷུང་བའི་༼བསད་པའི་བརྡ༽ དུས་སུ་ལྷ་སྲས་དེ་ལ་བཀའ་ཆད་ཕབ་སྟེ། ཡུལ་དུ་བཞུགས་པའི་དབང་མེད་ནས། དགུང་ལོ་ལྔར་སྨེ་བསངས་༼དོན་དུ་མཐར་སྤྱུགས་སྤ་གྲོར༽ དེ་ནས་ཡབ་ཡུམ་ཟུར་མཁར་དུ་གཤེགས་པའི་ཤུལ་དུ། སྲས་ཚུར་ལོག་སྟེ་བོད་འབངས་རྣམས་ལ་ཐུགས་མུག་ནས། ཡབ་ཀྱི་བཀོར་མཛོད་ནས། བོན་སྡེ་རྣམས་བསྣམས་ཏེ་ཁྱུང་པོ་གྱེར་ཟླ་མེད་དང་གཉིས་སྦྲགས་ནས། ལྷོ་སྤ་གྲོ་ཕུག་གཅལ་གྱི་གཡོན་ངོས། བྲག་སོག་པོ་དམག་ལ་ཆས་པ་འདྲ་བའི་སྐེད། སེང་གེ་དཀར་མོ་ཁ་གདངས་པ་འདྲ་བའི་འོག་ཏུ་སྦས་སོ། །ཞེས་སོ། །དེ་དུས་བོན་པོ་མང་པོ་ཡར་ཆབ་ལ་བསྐུར་བས། གྲུབ་པ་མ་ཐོབ་པ་རྣམས་ནི་ཚེ་ཡི་འདུ་བྱེད་དུ་སོང་ངོ༌། །དུས་དེར་བན་དྷེ་རྣམས་ཀྱིས་བོན་གྱི་མདོ་སྡེ་འགའ་རེ་དང༌། གསང་སྔགས་ཁ་ཅིག་ཆོས་སུ་བསྒྱུར་རོ། །ཞེས་སོ། །

          ཁ་ཅིག་གིས་བོན་པོས་ཆོས་ཀྱི་མདོ་སྔགས་འགའ་ཞིག་བོན་དུ་བསྒྱུར་བ་ལ་རྒྱལ་པོས་གསན་ནས་བོན་པོ་མང་པོ་སྐེ་བཅད་ཅེས་བཤད་པ་བྱེད་འདུག་ཀྱང༌། འདིའི་སྐོར་ལ་བསམ་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ས་རྟ་ལོར་འཁྲུངས། ལྕགས་རྟ་ལོར་ལོ་བཅུ་གསུམ་དུས་རྒྱལ་སྲིད་བཟུང༌། བཅུ་བདུན་ནས་ཆོས་ཀྱི་བསམ་པ་སྐྱེས། བཅུ་དགུ་ལོར་མཁན་ཆེན་བོད་དུ་ཕེབས། ས་སྟག་ལོར་ཉེར་གཅིག་དུས་སློབ་དཔོན་བོད་དུ་ཕེབས། ས་མོ་གླང་གི་ལོར་བཙན་པོ་དགུང་ལོ་སོ་གཅིག་དུས་བོན་བསྣུབས་པའི་འགོ་བཙུགས། གཏེར་གྱི་རྒྱལ་པོ་ལྔ། བློན་པོ་བཞི། ཡང་བློན་གཅིག་གསང་གཏེར་ཆ་ལྔ། གཏེར་ཕྲན་སྟོང་དང་བདུན་བརྒྱ་སྦས། བསྒྲགས་བྱང་ལས། ལོ་དེར་ལི་ཤུ་སོགས་གྲུབ་པ་ཐོབ་པ་རྣམས་ཕལ་ཆེར་མཁའ་སྤྱོད་དུ་གཤེགས། ཞེས་གསུངས་པ་དང༌། རྒྱལ་པོ་དགུང་ལོ་ལྔ་བཅུ་ང་དགུ་པ་ལ་འདས། ཞེས་པས། སློབ་དཔོན་བོད་དུ་ཕེབས་ནས་རྒྱལ་པོ་མྱ་ངན་མ་འདས་པར་ལོ་སོ་དགུ། དེའི་རིང་དང་པོ་བོད་ཕྲུག་རྣམས་ལ་རྒྱ་དཀར་གྱི་སྐད་བསླབས། དེ་ནས་ཆོས་བསྒྱུར་ཆོས་དེ་དམངས་ཁྲོད་དུ་དར་ཁྱབ་མ་བྱུང་བར་བོན་པོས་བཤུ་རྒྱུ་མི་ཐོབ་པས། ཆོས་དཔེ་མང་རབ་ཅིག་བཤུ་འབྲི་གྲུབ་ནས་བོན་པོས་སླར་བཅོས་དགོས་པ་ཡིན་ན། དུས་དེའི་རིང་དུ་རྒྱལ་ཁྲིམས་ཀྱི་འོག་ཏུ་བོན་པོ་ཚོས་ཆོས་བཅོས་པའི་གོ་སྐབས་རྙེད་པ་དཀའ། དེ་ཡང་གལ་སྲིད་གོ་སྐབས་རྙེད་ཀྱང་བོན་པོ་ཚང་མ་འབྲི་བཀོད་ནུས་པའི་ཡོན་ཏན་ཅན་ཤ་སྟག་མིན་ངེས་པས། མཁས་གྲུབ་ཚད་ལྡན་མང་རབ་ཅིག་གནས་འཕོས། མཐར་སྤྱུགས། ཕལ་པ་མང་ཆེ་བས་བསྒྱུར་བཀོད་བྱེད་པའི་ཡོན་ཏན་མེད། མ་ཟད་རང་གི་རྟེན་གསུམ་སྔར་ཡོད་རྣམས་རྒྱལ་པོའི་དྲུང་དུ་བསྡུས་ནས་མེད་པར་བྱས་པ་སོགས་ལ་བརྟེན་ནས་གསར་བསྒྱུར་བྱེད་པའི་སྤོབས་པ་བྲལ་བ་སོགས་དངོས་པོའི་བབ་ལ་བརྟགས་ན་རྟོགས་ནུས། དེས་ན་གང་བྱུང་སྒྲོ་བཏགས་པ་ལས་ཁུངས་མ་མཐོང་ངོ༌། །

          གཞན་ཡང་དེ་དུས་ཆོས་ལ་མོས་པ་ཡོད་པ་རྣམས་ཆོས་ལ་གཞུག་མི་མོས་པ་རྣམས་ལ་བཀའ་ཆད་དང་བཅས་པའི་ཁྲིམས་ཡོད་བཞིན་དུ་ཆོས་ལ་བོན་མིང་དུ་བཅོས་པས་ཅི་བྱ། རྒྱ་གར་ནས་ཆོས་བསྒྱུར་བའི་འགོ་མ་བརྩམ་པར། བོན་གྱི་གསུང་རབ་ལེགས་བཤད་རྣམས་གཏེར་དུ་སྦས་ཟིན་པ་དང༌། མ་སྦས་པ་རྣམས་རྒྱལ་པོས་མཆོད་རྟེན་དུ་བྱེད་གསུངས་ཏེ་ཕོ་བྲང་བསྭེ་སྒོ་ཅན་དུ་བཅུག་པར་གསུངས་པ་དང༌། ཁྲི་སྲོང་གི་དུས་སུ་བོན་གཏེར་ཐེངས་གཅིག་སྦས་པ་མ་གཏོགས་སྐྱར་དུ་མ་སྦས་སོ། །ཆོས་རྣམས་བོད་དུ་བསྒྱུར་ནས་རྗེ་འབངས་ཉེར་ལྔ་འཛོམས་དུས་སུ་བཱཻ་རོ་ཙ་ན་དང༌། དྲན་པ་ནམ་མཁའ་སོགས་ཀྱིས་བོན་ཆོས་གཉིས་ཀའི་བཟོ་དབྱིབས་ཡོད་པའི་དཔེ་རྒྱུན་བརྩམས་པ་དང༌། དག་སྣང་ལས་བྱུང་བ་དང༌། རྒྱལ་བ་གོང་མའི་བྱིན་གྱིས་བརླབས་པ་སོགས་ཀྱི་མིང་ཅན་དེ་རྣམས་དེ་དུས་སུ་སྤྱོད་པའི་དབང་མེད་པའམ། གང་ལྟར་གཏེར་དུ་བཞག་ནས་དུས་ཕྱིས་བླ་ཆེན་དྲན་པ་ཡབ་སྲས་བཱཻ་རོ་དང་བཅས་པའི་ཡང་སྲིད་སྤྲུལ་སྐུ་རྣམ་བཞི་སོགས་སྤྲུལ་པའི་སྐྱེས་བུ་དམ་པ་དུ་མས་གཏེར་ནས་དྲངས་པའི་གསར་བོན་ཤིན་ཏུ་མང་པོའི་རིང་ལུགས་མདོ་སྨད་དུ་དར་ཁྱབ་ཏུ་ཡོད་དོ། །

          གཞན་གྱིས་ཆོས་བོན་དུ་སྒྱུར་མཁན་མང་པོའི་སྐེ་བཅད་གསུངས་པ་དེ་བདེན་པ་ཡིན་ན་དྲན་པ་ནམ་མཁའ་དང༌། པད་མ་འབྱུང་གནས། ཚེ་དབང་རིག་འཛིན། བཻ་རོ་ཙ་ན་སོགས་ལས་གཞན་གྱིས་བསྒྱུར་བ་མེད་པས་དེ་རྣམས་སྐེ་བཅད་པ་ཡིན་ནམ། ལེགས་པར་སོམས་ཤིག །མགོས་ཁྲི་བཟང་ཡབ་ལྷག་ན་རེ། ཀྱེ་ལྷ་སྲས་ནི་སྐུ་གཞོན་པ་ལགས།མེས་གྲི་རུམ་བཙན་པོས་ཀྱང་བོན་ཐང་ཅིག་བསྣུབས་པས་སྐུ་ཚེ་ཐུང་སྟེ། སུམ་ཅུ་རྩ་དྲུག་པ་ལ་འབངས་ལོ་ངམ་རྟ་རྫིས་བཀྲོངས། ཡབ་སྲོང་བཙན་སྒམ་པོས་ཀྱང་བསྣུབས་ཆུས་མཛད་པས། སྐུ་ཚེ་ཐུང་སུམ་ཅུ་རྩ་དྲུག་པ་ལ་གཤེགས། གཙུག་ལག་ཁང་ཐོག་གི་བཤིགས་པས། ཡབ་མེས་ཀྱི་སྲི་ཁ་ལང་པར་མཆིའོ།། ཞེས་ཞུས་པས། ང་ཡི་ལས་འཕྲོ་ཆོས་ཡིན་པས། ཅིས་ཀྱང་གདན་འདྲེན་དགོས་གསུངས་སོ། །མགོས་ཁྲི་བཟང་ཡབ་ལྷག་ན་རེ། དེ་སྔོན་གདུང་རབས་སུམ་ཅུ་རྩ་༼བརྒྱད༽ དྲུག་ཡན་ཆད་ལ། དམ་པ་ཆོས་ཀྱི་བཀའ་དྲིན་ནོད་མ་མྱོང༌། ངས་ཤེས་དང་མི་ཤེས། སློབ་དང་མི་སློབ། ལྷ་སྲས་མངའ་ཆེ་གང་དགྱེས་མཛོད་ཟེར་ནས། བྱང་སྟོད་རྟ་ནག་མཁར་ཐབས་ཀྱི་བྲག་ལ་བསྒོམ་པར་གཤེགས་སོ། །དེ་དུས་བོན་ལ་དགའ་བའི་ངམ་སྟག་ར་ཀླུ་གོང་ཅུང་མི་ཉན་པ་ལ། ༼ཡི་གེ་འགའ་རེར་ངམ་སྟག་ར་ཀླུ་ཁོང་ཡང་ཟེར་༽ མཆིམས་ལས་སོགས་པས། རྗེ་ལགས་ངམ་སྟག་ར་འདི་མི་སྤྱུགས་ན། བོན་བློན་མཐོ་བསྡེབས་ནས། རྗེའི་མངའ་ཐང་འཕྲོག་ངེས་ཞུས་པས། བློན་པོ་ངམ་སྟག་ཟ་ཀླུ་གོང་བྱ་བ་བྱང་དུ་སྤྱུགས་སོ། །ཕྱི་མ་རྣམས་ཀྱིས་ཨུ་རྒྱན་པདྨ་གདན་དྲངས། ཁ་ཆེ་ནས་བྷོ་ཏི་ས་ཏྭ་གདན་དྲངས་ནས་ཨ་ཙ་ར་ཀླུའི་རྒྱལ་མཚན། བཀའ་བ་དཔལ་བརྩེགས་དང༌། རྨ་རིན་ཆེན་མཆོག་དང་གསུམ་བཅས་པས། དབུས་ཀྱི་བསམ་ཡས་ཀྱི་ལྷུན་པོ་རྩེ་དང༌། མཐའ་འདུལ་དང༌། རུ་ནོན་གྱི་གཙུག་ལག་ཁང་རྣམས་བཞེངས་སུ་གསོལ། ཆོས་ཀྱི་མདོ་སྡེ་འགའ་རེ་བསྒྱུར་རོ། །ཞང་ཞུང་གི་བོན་པོ་རལ་ཁྱུང་དང༌།བོད་ཀྱི་བོན་པོ་ཁྱུང་པོ་གྱེར་ཟླ་མེད་ཀྱིས། རྗེ་ཡི་སྐུ་འཚོ་ཡིན་བཞུགས་པ་ལ། རྗེ་བསྒྱུར་ཁ་ཡང༌། བློན་པོ་འཕྲ་མ་མཁས། འབངས་གསར་འགྲོགས་ཆེ། བོན་པོ་ཁོངས་ཡངས་པ་ལ་བརྟེན་ནས། བཙན་པོ་ལ་འཕྲ་མ་ཡང་ཡང་བཅུག་པས། གཡུང་དྲུང་གི་བོན་ཡང་ཐེངས་གཅིག་བསྣུབས་སོ། །གཤེན་པོ་རྣམས་ཀྱིས་ཀྱང་དྲག་པོའི་འཕྲིན་ལས་མཛད་ན། རྒྱལ་འཁོར་བརླག་ཏུ་གཏུབ་ན་ཡང༌། ཐུགས་ཉིད་ཞི་བའི་ངང་དང་ལྡན། མཉམ་པ་ཉིད་ཀྱི་ངང་ལ་བཞུགས་སོ། །དེ་ནས་ཕྱིས་སུ་རྒྱལ་པོ་ཐུགས་འགྱོད་ན་ཡང༌། བོད་ལ་ཁྲིམས་རྒྱ་ཡོད་པས། སྔ་ཚིག་ཤོར་བ་ལ་བསྒྱུར་ཐབས་མེད་དོ། །ཐུགས་དགོངས་ལ་གཡུང་དྲུང་གི་བོན་འདི་ཡང་གཏན་ནས་ནུབ་པར་འཕངས་ནས། རྗེའི་ཞལ་ནས་ད་ཁྲིམས་ཀྱིས་བཅད་པས་བོན་པོ་རྣམས་སྐད་རིགས་མི་གཅིག་པའི་སར་གཤེགས་པར་ཞུ། གསུང་རབ་རྣམས་བདག་གིས་མཆོད་པའི་རྟེན་བྱ་ཡིས། འདིར་ཁྱེར་ལ་བྱོན་ཅིག་བྱས་པས། དེ་དུས་མཐའ་བཞི་ཁྲི་གསལ་འོད་ཆུང་གིས། བོན་པོ་རྣམས་ཀྱི་ཡོན་བདག་བྱས་ཏེ། ཁྲི་མུན་ཁང་བུ་ན་མར་མེ་གསལ་བ་ལྔ་བཅུ་བཏེགས་ནས། ལ་ལས་དར་དཀར་གྱི་བྱང་བུ་ལ་མཚལ་གྱིས་བྲིས་སོ། །ལ་ལས་རྒྱ་ཤོག་དང་བོད་ཤོག་ལ་ཚོན་ཁས་བསྒྱུར་ནས། སྣག་ཚས་བྲིས་སོ། །འབྲི་མ་ཁོམ་པ་རྣམས་རྒྱལ་པོ་ལ་གསང་སྟེ་གཏེར་དུ་སྦས་སོ། །འབྲི་ཁོམ་པའི་མ་དཔེ་རྣམས་རྒྱལ་འབངས་བཙུན་མོ་ལ་གཏད་པས། ཤིན་ཏུ་ཟབ་པ་རྣམས་ཁྲོ་ཆུ་འབར་བས་རྒྱས་བཏབ་སྟེ། ཕོ་བྲང་བསེ་སྒོ་ཅན་དུ་རྒྱལ་པོའི་ཐུགས་དམ་དུ་བཞག་གོ །བློན་པོ་གདུག་པ་ཅན་དང༌། བན་བཙུན་ཕྲག་དོགས་ཆེ་བ་རྣམས་ཀྱིས། བོན་གསང་སྡེ་གཅིག་ཆོས་སུ་བསྒྱུར། གབ་འགྲེལ་ལས། གཡུང་དྲུང་གི་བོན་དམ་པ་རིན་པོ་ཆེ་རྣམས། ལ་ལ་ཆུ་ལ་བསྐུར། ལ་ལ་མེ་ལ་བསྲེགས། ལ་ལ་ས་ལ་སྦས། ལ་ལ་གཡའ་གོང་གངས་གོང་དུ་ཁྱེར་ནས་རླུང་ལ་བསྐུར་རོ། །ཞེས་དང༌། གསས་ཁང་མཆོད་རྟེན་རྣམས་ལ་ཉིང་ཞལ་བྱས་ཏེ། གཙུག་ལག་ཁང་དུ་མིང་བསྒྱུར། ཞེས་དང༌། ཞང་ཞུང་ཝེར་སྟག་དང༌།ཞུ་ཏྲོང་བྱ་ཞུ་ཅན་དང༌། སྟག་ལོ་བྱ་རུ་ཅན། སུམ་པ་དབལ་དགོད་དང་བཞིས་འགོ་བྱས་པའི་མང་པོ་ཞིག་ནི། རྫུ་འཕྲུལ་དང་པྲ་རྟགས་ཀྱི་བོན་རྣམས་དུད་འགྲོ་ལ་བཀལ་ནས་ཤར་ཕྱོགས་ཧོར་དང༌། འཇང་དང༌། རྒྱ་ལ་བྱོན་ནོ། །སུམ་པ་ཁ་ཚེར་བྱ་ཐུལ་ཅན་་ལ་སོགས་པས་ནི། བོན་རྣམས་ཟངས་ཀྱི་གའུར་བཅུག་ནས་ཀུ་ཧྲང་ལ་བཀལ་ནས། ༼རྐྱང་ཟེར་ཡང་རྟ་ལ༽ སོག་པོ་སྤྲེལ་སླག་ཅན་གྱི་ཡུལ་དུ་བྱོན། ཞང་ཞུང་རལ་ཅན་དང༌། མཐའ་བཞི་འུམ་བུ་ཆུང་ནི་ཤར་རྒྱལ་མོ་རོང་དུ་བྱོན། ཚེ་བོན་དོན་འགྲུབ་དང༌། སྣང་བོན་སྟག་ཐུལ་དང༌། སོག་བོན་ཁྱབ་རྩེ་དང༌། གཤེན་ཚད་མ་མི་གསུམ་ལས་སོགས་པ་འགའ་ནི། མཛད་ཁྲིམས་དང་འདུལ་བའི་ཤོག་རིལ་ཕང་རེ་ཁྱེར་ནས། སྟག་གཟིག་ཏུ་བྱོན་ནོ། །མུ་ཟི་གསལ་བཟང་འདི་སྐབས་འགོག་པར་བཞུགས་པ་བཤད་འདུག་ཀྱང༌། སྤྱིར་མུ་ཟི་འགོག་པར་བཞུགས་པ་གསུངས་པ་ཡིན་ན་འཐད་ཀྱང༌། འདི་དུས་སུ་གསར་དུ་བཞུགས་པ་མི་འཐད་དེ། ཁྲི་སྲོང་གི་དུས་སུ་བོད་ཀྱི་བོན་ལ་འདུལ་བརྒྱུད་ཆད་ནས་མེད་དོ། །འདུལ་བ་ཁྱེར་ནས་སྟག་གཟིག་ལ་བྲོས་པ་དང༌། མུ་ཟི་བཅས་ཀྱི་ལོ་རྒྱུས་སྔ་མ་རྣམས་འདིར་འདྲེས་ཡོད་པ་ཡིན་པ་འདྲ། དར་རྒྱས་གསལ་སྒྲོན་དུ་བྱམས་མ་དང༌། བསྒྲགས་བྱང་སོགས་ཀྱི་ལུང་དྲངས་པའི་དོན་ཡང་ཁྲི་སྲོང་གི་དུས་སུ་འདུལ་བ་ཡོད་པའི་རྒྱུ་མཚན་དུ་མི་འདུག་གོ །དབལ་ལྷ་ཁྲི་དང་མེ་ཉག་སྟག་གསས་དང༌། ཁྱུང་པོ་ནེ་ཁྲོམ་གྱིས་འགོ་མཛད་པ་རྣམས་ནི། བྱང་མྱང་ངམ་ལ་བྱོན་ནོ། །ཏོང་གྱེར་རྒྱུང་དང་ཉང་དཔལ་མཐོང་ལས་སོགས་ནི། ལྷོ་བྲག་གི་གཏིང་དུ་བྱོན་ནོ། །༼ཕལ་ཆེར་འབྲུག་ཡུལ་ཡིན་པ་འདྲ༽ སྙ་གྱེར་རྒྱུང་དང༌། ཞང་ཞུང་སྟག་ཐུལ་ཅན་ལས་སོགས། བལ་པོ་དང་སེ་རིབ་ལ་བྱོན་ནོ། །ཞེས་སོ། །ཡོངས་རྩེའི་འགྲེལ་བ་ལས། གླང་ལོ་དཔྱིད་ཟླ་ར་བའི་གདུགས་ལ་བོན་རྣམས་སྡེ་དང་ཚན་དུ་སོ་སོར་ཕྱེས་ནས། གཏེར་གྱི་རྒྱལ་པོ་གཅིག་བློན་པོ་བཞི། ཡང་བློན་གཅིག་དང་དྲུག་ཏུ་སྦས།  ཁྱད་པར་དུ་གསང་གཏེར་ཆེན་པོ་ཆ་ལྔ་སྦས། གཏེར་ཕྲན་སྟོང་དང་བདུན་བརྒྱ་སྦས། རྗེའི་གཙུག་ལག་ཁང་རྣམས་སུ་བོན་སྡེ་རེ་རེ་སྦས། དེ་བཞིན་དུ་རི་བྲག་མཆོད་རྟེན་ལ་སོགས་སུ་གཏེར་ཁ་ཤིན་ཏུ་མང་བར་སྦས་སོ། །དར་རྒྱས་གསལ་སྒྲོན་ལས། གཏེར་གྱི་ཡང་བླ་ཆེན་པོ་ནི་བོད་ཡུལ་དབུས་ཀྱི་ལྷ་སའི་ཡང་དབེན། ཡེར་པའི་རྫོང་ལ་སྦས། གཏེར་གྱི་རྒྱལ་པོ་བཞི་ནི་བསམ་ཡས་ཀྱི་མཆོད་རྟེན་ནག་པོ། མཆིམས་ཕུ་ཡུལ་གྱི་གད་པ་སྟག་འགྲེང༌། ར་ས་འཕྲུལ་སྣང་བྱེ་མ་གཡུང་དྲུང་དང་བཞི་ལ་སྦས་སོ། །ཞེས་སོ། །བོན་གྱི་ཐེམ་བྱང་ནི་ཞིབ་པ་སྒ་སྟོན་གྱི་གཏེར་གྱི་ཁ་བྱང་དང་དར་རྒྱས་གསལ་སྒྲོན་གྱི་ལྡེབ་༼༦༨༠༽ ནས་གསལ་ལོ། །འདི་དང་གཏེར་གྱི་གནས་སོགས་སྔོན་མ་གྲི་གུམ་གྱི་དུས་དང་འདི་གཉིས་མ་ནོར་བ་འབྱེད་ཤེས་དགོས། འདིའི་དུས་གཏེར་གནས་བསམ་ཡས་དང་ལྷ་སའི་རི་བཞི། རྗེ་ཡི་གཙུག་ལག་ཁང་རྣམས་སུ་སྦས་པ་མང་ངོ༌། །

          གཞན་ཡང་སྤ་གྲོ་དང༌། སྟོད་ཕྱོགས་གངས་ཏི་སེ་སོགས་དང༌། ཅོག་རོ། ཟང་ཟང་སོགས་སུ་སྦས་པ་གསུངས་ཀྱང༌། སྔར་དང་གཏེར་ཁུངས་གཅིག་མིན་པར་ངེས་སོ། །གཏེར་སྦེད་ཁར་གཤེན་པོ་རྣམས་ཀྱིས་གཡུང་དྲུང་བོན་འདི་བཀའ་བདེན་པ་མ་ཡིན་ན། གཏན་དུ་ནུབ་པར་ཤོག་བཀའ་བདེན་པ་ཡིན་ན། རྒྱལ་བློན་བན་དྷེས་སྤྱོད་དུ་མ་སྟེར་བ་ཡིན་པས། རྒྱལ་རྒྱུད་གྲོང་སྤྲང་བྱེད་ཅིང་འབངས་ཀྱིས་ཆབ་གསོལ་བར་ཤོག །བློན་པོའི་གྲོས་གསང་ཉམས་ནས་རྒྱལ་ཁམས་སྐྱོ་མས་དཀྲུག་པར་ཤོག །ལ་སོགས་པའི་སྨོན་ལམ་དཀར་ནག་མང་དུ་བཏབ་བོ། །ཡང་སྤེ་ནེ་གུ་དང༌། བྷེ་ཤོད་ཀྲམ་དང༌། པར་བུ་བསེ་ཤོད་དང་སུམ་པ་མུ་ཁྱུད་དང་བཞི། བསེ་ཡི་ལྡན་དཀར་དང༌། རྔ་གཤང་བཅས་གྲུ་ནང་དུ་བཅུག་སྟེ། ཡར་ཆབ་ཀྱི་གཞུང་ལ་བསྐྱོན་ནས་བཏང་དུས་སྨོད་བཙུགས་ཏེ། རྗེ་ཡི་མགུར་ལྷ་ཞལ་སྒྱུར་ཅིག་ཡར་ཆབ་གྱེན་ལ་ལོག་ཅིག །བོད་ཡུལ་དུ་ཆོ་འཕྲུལ་སྣ་ཚོགས་ཐོངས་ཤིག །ཅེས་གསུངས་ནས་གཤེན་པོ་རྣམས་ནམ་མཁའ་ལ་འཕུར་ནས། ཡུལ་གཡའ་མགུར་གྱི་ཕུར་བབས་ནས་བདེ་སྐྱིད་དང་ལྡན་པར་བཞུགས་སོ། །

          དུས་དེར་ཡར་ལྷ་དང་ལྡོང་ལྷ་ཐང་ལྷ་པོམ་ར་རྣམས་ཀྱིས་ཞལ་ཕྱིར་གཟིགས། བླ་གཡུའི་བཀྲག་ཉམས། བླ་མཚོ་སྐམ། མངའ་རིས་སུ་ནད་ཡམས་མི་བདེ་བ་སྣ་ཚོགས་བྱུང༌། རྒྱལ་པོ་བསྙུངས། མངའ་ཐང་རྒྱ་ཁབ་ཀྱི་རྩེ་མོ་ལྟར་སོང༌། སྐར་ཆུང་ཐོག་གིས་བཤིགས། རྒྱལ་བུ་དོན་འགྲུབ་ཐོག་གིས་བཀུམ། བན་དྷེ་མི་བདུན་ཐོག་གིས་བསད་དོ། །ཞེས་སོ། །རྒྱལ་པོ་འདིས་དྭང་ར་ཁྱུང་རྫོང་དུ་བཞུགས་པའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཀྲོངས། དེ་ནས་བཟུང་ཞང་ཞུང་བོད་ཀྱི་མངའ་འོག་དུ་ཚུད་ནས་སླར་འཁྲུགས་མ་ནུས་སོ། །སྔར་སྲོང་བཙན་གྱི་དུས་སུ་འཁྲུགས་པའི་ཞང་རྒྱལ་ལིག་མི་རྐྱ་ཁྱུང་ལུང་དུ་བཞུགས། འདི་དུས་སུ་དྭང་ར་ཁྱུང་རྫོང་དུ་བཞུགས་པ་གཉིས་དུས་ཚིགས་དང་མི་གཅིག་མིན་ནོ། །ཞང་ཞུང་རྒྱལ་པོའི་སྐུ་གཤེན་སྣང་བཞེར་ལོད་པོའི་ཐུགས་རྗེ་མཐུ་སྟོབས་ལ་བརྟེན་ནས་ཞང་ཞུང་གི་བོན་སྡེ་ཉེན་འཇིགས་ལས་བསྲུངས། དེའི་སྐབས་རྒྱལ་པོ་ཡང་བསྙུང་གིས་ཟིན། ཡུལ་སྡེ་ཡང་མི་བདེ་བས། རྒྱལ་པོའི་ཐུགས་ལ་རྟོག་པ་སྐྱེས་ཏེ། དར་རྒྱས་གསལ་སྒྲོན་ལས། དུས་དེར་མོ་བཏབ་ཕྱྭ་བཀླགས་པས། བོན་པོ་སྤྱུགས་པ་དང༌། བོན་བསྣུབས་པས་ལན། ད་བོན་པོ་གདན་དྲོངས་ལ། རྗེའི་མགུར་ལྷ་གསོལ། དྲན་པ་ནམ་མཁའ་ནན་བན་ནས་བཏོན་ན་ཕན་ནོ་ཟེར་བ་ཀུན་མཐུན་པར་བྱུང་ངོ༌། །དེར་བྲག་མཁར་བ་ཅན་ན་ཅོ་ཟ་བོན་མོ་རྩིགས་འོག་ན་ཆུད་པར་ཡོད་པ་ལ་ཅི་བྱེད་ཞུས་པས། བདག་གིས་མིང་པོ་གཤེན་པོ་རྣམས་སྤྱན་འདྲེན་དགོས་གསུངས། ལ་ལ་ན་རེ་བོན་པོ་རྣམས་མྱ་ངམ་དུ་ཤི་ནས་མེད་ཟེར། ཅོ་ཟ་ན་རེ་གཤེན་པོ་རྣམས་ནི། བྱང་སྤང་གོང་གི་ཁྱིམ་ན། བྲག་སྲིན་མིག་དམར་འཁོལ། རི་དྭགས་སྤུ་སྡུག་གི་ཞོ་བཞོ་ཡིན་ཡོད། ཟེར་རོ། །འོ་ན་ཅོ་ལྕམ་བཞུད་ལ་བོན་པོ་རྣམས་སྤྱན་དྲོངས་ཞུས་ནས། གསེར་དངུལ་བྱ་༼རྫ་མ༽ བོ་གང་ཕུལ་བས། བོན་མོས་དྲེའུ་འཕར་མ་དགུ་སྐྱོད་ཅིག་ཆིབས་ནས། ལྡོང་ལྷ་གསོལ་ཞིང་བྱོན་པས། གཤེན་པོ་རྣམས་དང་མཇལ་ལོ། །བོད་དུ་མི་བདེ་བ་སྣ་ཚོགས་བྱུང་བས། གཤེན་པོ་རྣམས་སྤྱན་འདྲེན་དུ་མཆིས་པས་གཤེགས་འཚལ་ཞུས་པས། གཤེན་པོ་རྣམས་གཤེགས་པར་མ་གནང་སྟེ། བོད་ལ་བོན་མི་དགོས་པར་ངེས་གསུང༌། མེ་ཉག་ལྕེ་ཚ་མཁར་བུས་ན་རེ། བོན་ལ་འགྲོ་དོན་ལས་མེད། སེམས་ཅན་སྙིང་རྗེ་བས་འགྲོ་དགོས་གསུངས་ནས། གཤེན་པོ་རྣམས་བྱོན་ནོ། །དེའི་ཚེ་བསམ་ཡས་ཀྱི་ཕྱི་རུ་ཕེབས། དེའི་རྟེན་དང་བརྟེན་པ་རྣམས་མཇལ། སུམ་པ་མུ་ཕྱས་སྟོང་གསུམ་དབྱིངས་སུ་གཟིགས་ན་ལྷ་ཁང་ཡིན་གསུངས་ནས་ཁོང་གི་བྲང་ཤག་གི་སློག་ནས་བསྟན་པས། ཐུགས་ཁ་ནས་གཙོ་བོ་ཡབ་ཡུམ་འཁྲིལ་སྦྱོར་དུ་ལམ་མེར་གདའོ། །དེ་ནས་ཕྱག་རྩེ་སྤྲད་དུ་མཛད། བེ་དཀར་གླིང་དུ་གསས་ཁང་གྲུ་བཞི་ཞིག་བཞེངས། མཆོད་རྟེན་ནག་པོ་བོན་ལུགས་སུ་བཞེངས། དྲན་པ་ནམ་མཁའ་ནན་བན་ནས་བཏོན། རྗེ་ལ་ཚེ་དབང་བསྐུར་བས་བསྙུན་པ་དྭངས། དེར་བོན་པོ་ལ་སྐུ་རྒྱལ་དུ་ཡུལ་གསུམ་ཕུལ་ཏེ། སྟོད་འོལ་ལུང༌། སྨད་དུ་རྐོང་ཡུལ་བྲེ་སྣ། བར་དུ་ཡར་འབྲོག་ཐུན་གསུམ་མོ། །ལྷ་ས་ཐང་གསུམ་ནི་སྣང་གཤེན་པའི་ལྷ་གསོལ་ས། ཡར་ལུང་སོག་ཁ་བཞུགས་པའི་རྟེན་ས། རྟ་ལུག་གཡག་གསུམ་ནི་མཐུན་པའི་རྐྱེན་དུ་ཕུལ་ལོ། །གཤེན་པོ་ཕྱི་མ་ཡང་སྤྱན་དྲོངས་ལ་སྔར་གྱི་བོན་གཏེར་རྣམས་འདོན་པར་ཞུ། བོན་ཆོས་གཉིས་ཀ་སྤྱད་པར་བྱ་གསུངས་ནས། ལོ་གསུམ་ཙམ་བོན་ཆོས་ལྷན་མར་སྤྱད་པ་ལ། བྷོ་ཏེ་སྭ་ཏྭོ་ལས་སོགས་ཉན་དུ་མ་འདོད་དོ། །མཁས་བཞི་དང་བཱཻ་རོ་ཙ་ན་བཅས་བོད་དུ་བཞུགས་མ་བདེ་ནས་ཡུལ་གཞན་དུ་གཤེགས་སོ། །

          རྒྱུད་ཀྱི་ལུང་དར་རྒྱས་གསལ་སྒྲོན་དུ་ལུང་དྲངས་པ་ལས། ཡུམ་གྱིམ་ཤང་ཟ་ཨང་ཆུང་དང༌། བཙུན་མོ་ཚེ་སྤུངས་ཟ་དམར་རྒྱན་གྱིས་དུག་བཏང་ནས། མངའ་བདག་སུམ་ཅུ་རྩ་དྲུག་པ་ལ་བཀྲོངས་སོ། །ཞེས་པའང་འདུག །རྒྱལ་རབས་གསལ་བའི་མེ་ལོང་ལས། ཁྲི་སྲོང་ལྡེ་བཙན་དེ། དགུང་ལོ་ལྔ་ཅུ་ང་དྲུག་པ་ཤིང་མོ་གླང་ལ་ཟུར་མཁར་དུ་གཤེགས་སོ། །དེའི་བང་སོ་མུ་ར་རི་ལ་བརྩེགས། གྲལ་ནི་ཡབ་ཀྱི་རྒྱབ་གོང་གཡས་ན་ཡོད། དེ་ནི་མ་གྲོངས་གོང་དུ་ཉིད་ཀྱིས་བརྩེགས། དེའི་རྩ་ན་རྡོ་རིང་ཞིག་ཀྱང་ཡོད། ། མུ་འགོད། ཐ་ཚན་མུ་ཙུག་སྨར་རོ།།

No comments:

Post a Comment