Monday, March 21, 2016

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦༌༌༡༧ ལོའི་ཚོད་དཔག་ཚོགས་ཆུང་གི་སྙན་ཐོ།



བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡་་༢༠༡ལོའི་
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་
འཆར་རྩིས་ཚོགས་ཆུང་གི་སྙན་ཐོ

དང་པོ། ཚོགས་མི་བསྐོ་གཞག
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡ཟླ་ ཚེས་ འཁོད་བཀོད་ཁྱབ་ཕེབས་དགོངས་སུ་རྩིས་ལོ་ ༢༠༡༦༌་་༢༠༡ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར།
༡༽     སྤྱི་འཐུས་ཀརྨ་ཡེ་ཤེས།
༢༽     སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།
༣༽     སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས།
༤༽    སྤྱི་འཐུས་འཇམ་དབྱངས་བཟོད་པ།
༥༽     སྤྱི་འཐུས་བསོད་ནམས་རྒྱལ་མཚན་བཅས་བསྐོ་གཞག་གནང་སྟེ་ཚོགས་ཆུང་གི་ལས་དོན་ཕྱི་ལོ་ ༢༠༡ཟླ་ ༢ ཚེས་ ༢༩ ནས་འགོ་འཛུགས་དགོས་པ་དང་། གྲུབ་དོན་སྙན་ཐོ་ཟླ་ ༣ ཚེས་ ༡༩ ཉིན་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་གོང་དུ་ཚོགས་དྲུང་ལས་ཁུངས་སུ་འབུལ་དགོས་སྐོར་གསལ་བ་དང་། དེ་རྗེས་ ༢༠༡༦ ཟླ་ ༢ ཚེས་ ༢༩ འཁོད་བཀོད་ཁྱབ་ནང་སྤྱི་འཐུས་འཇམ་དབྱངས་བཟོད་པ་དགོངས་ཞུ་གནང་སྟབས་ཚོགས་ཆུང་གི་ཚོགས་མིར་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་བསྐོ་གཞག་གནང་།
             གཉིས་པ།     ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས།
     ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་དགོངས་དོན་ཕྱི་ལོ་ ༢༠༡ཟླ་ ༢ ཚེས་ ༢༩ སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་གཙོར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང༌།   ཚོགས་དྲུང་དུ་སྤྱི་འཐུས་ཀརྨ་ཡེ་ཤེས་གཉིས་སྤྱི་མོས་བྱུང༌། ཆུ་ཚོད་ ༡༠།༠༠ པའི་ཐོག་ཚོགས་ཆུང་གི་སྤྱི་སྲོལ་ལྟར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་ཞལ་སྔར་ཆེད་བཅར་གྱིས་ལམ་སྟོན་ཁག་ཞུས་རྗེས་ཟླ་ ༣ ཚེས་ ༡༦ བར་ལས་ཉིན་གྲངས་ ༡༣ རིང་ལས་བཅར་གྱིས་བཀའ་ཤག་གི་ཕྱོགས་བསྡོམས་འགྲོ་གྲོན་རྒྱབ་གཉེར་ཁ་ཤོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༦༌༌༌༢༠༡ལོའི་རྒྱུན་གྲོན་དང༌། དམིགས་བསལ། ཟུར་བཀོལ་གསུམ་སོ་སོའི་སྔོན་རྩིས་ཁ་ཤོག་དང༌། རྒྱབ་ལྗོངས་ཡིག་ཆ་བཅས་ཀྱི་ཡིག་སྣོད་གྲངས་ ༢༧ དང་། དེ་བཞིན་དགོས་དངུལ་རང་ཁུངས་ནས་གཏོང་དམིགས་ཡོད་ཀྱང་བཀའ་འཁྲོལ་ཞུ་ཡུལ་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་འགོ་འཛིན་ལས་ཁང་ཁག་ ༥ དང་། སྦེང་ལོར་ལྷོ་སྤྱི་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་ ༢ བཅས་ཀྱི་སྔོན་རྩིས་འབྲེལ་ཡོད་ལས་དབུས་ནས་འཆར་འབུལ་ལ་བཀའ་ཤག་གིས་རྒྱབ་གཉེར་ཞུས་པའི་ཡིག་སྣོད་གྲངས་ ༣ རང་ཚོགས་ཁག་གི་རྒྱབ་ལྗོངས་ཡིག་སྣོད་གྲངས་ ༡ བཅས་བསྡོམས་ཡིག་སྣོད་གྲངས་ ༣༡ དང་། གཞན་ཡང་རྩིས་ལོ་ ༢༠༡་་༢༠༡ལོའི་སྔོན་རྩིས་ཡིག་སྣོད་གྲངས་ ༣ བར་བརྒལ་དང་ཁ་བསྒྱུར་བཅས་ཀྱི་ཡིག་སྣོད་གྲངས་ བཅས་རེ་རེ་བཞིན་ལ་ཞིབ་འཇུག་ཞུས
༢༽     ཞིབ་འཇུག་སྐབས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་ཐེངས་གཉིས་དང་། དཔལ་འབྱོར་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་དང་ལས་རོགས་གཉིས་ཐེངས་འགའ། ལས་ཁུངས་ཁག་གི་དྲུང་ཆེ་ དང་།  དྲུང་ཆེ་ལས་ཚབ་  དྲུང་འཕར་  ཟུང་དྲུང་  རྩིས་དཔོན་དང་རྩིས་པ་བསྡོམས་ ༢༤ གཞན་སྡེ་ཚན་སོ་སོའི་འབྲེལ་ཡོད་ལས་བྱེད་ ༡༡ བཅས་ཁྱོན་མི་གྲངས་ ༥༧ གདན་ཞུ་དང་འབྲེལ་འདྲི་རྩད་དགོས་ཁག་བྱས་ཏེ་ཞིབ་འཇུག་མཐིལ་ཕྱིན་ཞུས་ཡོད།

གསུམ་པ     ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་དང༌། ཞིབ་འཇུག་ཇི་ཞུས།
༽    སྲི་ཞུའི་ལས་བྱེད་རྣམས་དང་། འཕྲོད་བསྟེན་ལས་བྱེད་བཅས་ཀྱི་གསོལ་ཕོགས་སྤར་ཆེད་སྤོམ་དངུལ་ཞུས་འདུག་པའི་གནས་སྟངས་སྐོར།
འདི་ནས་ཞིབ་འཇུག་ཞུས་སྐབས། སྲི་ཞུའི་ལས་བྱེད་རྣམ་པའི་གསོལ་ཕོགས་སྤར་ཆེད་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་གསར་འཛུགས་གནང་སྟེ་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་ཐོན་རྗེས་ཞིབ་ཕྲ་ཕྱག་བསྟར་གནང་འཆར་རེད་འདུག ལྷག་པར་བར་བརྒལ་ངལ་སེལ་བརྒྱ་ཆ་ ༣རྩ་ཕོགས་ཐོག་སྣན་དགོས་སྐོར་གྲོས་ཚོགས་སྔ་རྗེས་ནང་བསམ་འཆར་བྱུང་བའི་ཐོག ལས་བྱེད་རྣམ་པས་རེ་འདུན་གནང་བ་བཅས་ལ་བརྟེན་དགོངས་བཞེས་གནང་འཆར་ཡིན་འདུག་པ་དང་། ཕོགས་རིམ་ལ་བསྐྱར་བཅོས་བྱུང་སྐབས་ད་ཡོད་ཡུལ་ཐང་གུན་གསབ་རྣམས་ཀྱང་རྩ་ཕོགས་ཐོག་བསྣན་རྗེས་ལོ་རེའི་ཡུལ་ཐང་གུན་གསབ་ཐེངས་གཉིས་ལའང་རང་བཞིན་སྤར་ཆ་ཡོང་རྒྱུ་ཡིན་པ་བཅས་ལ་དགོངས་བཞེས་ཀྱིས་སྤོམ་དངུལ་བཞག་པ་ཞིག་དང་། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ལས་བྱེད་རྣམ་པའི་ཕོགས་ཀྱི་བར་ཁྱད་ལས་ཁུངས་གཞན་དང་བསྡུར་ན་ཚད་མཉམ་མེད་པའི་གནས་སྟངས་ཐད་ལའང་ཚོགས་ཆུང་བཙུགས་ཏེ། ཚོགས་ཆུང་གི་རྒྱབ་གཉེར་གཞིར་བཟུང་ཕོགས་སྤར་གནང་ཆེད་དཔལ་འབྱོར་དང་འཕྲོད་བསྟེན་ལས་ཁུངས་གཉིས་ཀའི་ནང་སྤོམ་དངུལ་ནས་བཀའ་འཁྲོལ་ཞུས་པ་ཞིག་རེད་འདུག
༢༽    ནང་སྲིད་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཆེད་རྒྱ་གར་དབུས་གཞུང་ནས་མ་དངུལ་གནང་བཞིན་པའི་འགྲོ་གྲོན་གཏོང་ཕྱོགས་སྐོར།
མ་དངུལ་གྱི་བརྒྱ་ཆ་ ༢༥ ཕོགས་ཐོག་གཏོང་དགོས་པ་དང་། དེ་མིན་འགྲོ་གྲོན་གཏོང་སའི་རྩིས་འགོ་བརྒྱད་ཙམ་གཏན་འབེབས་ཡོད་པ་གཞིར་བཟུང་ནང་སྲིད་ནས་སྔ་འདོན་བཏང་སྟེ་རྒྱ་གར་ཆེས་མཐོའི་རྩིས་ཞིབ་པས་རྩིས་ཞིབ་གྲུབ་མཚམས་རྒྱ་གར་གཞུང་ནས་མ་དངུལ་ཆ་ཚང་གསོལ་སྩལ་གནང་བཞིན་པ་ཞིག་རེད་འདུག
༣༽    སཾ་བྷོ་ཊའི་ཁྱབ་ཁོངས་སུ་བོད་སློབ་འཛིན་ཚོགས་ཀྱི་གཞི་རིམ་སློབ་གྲྭ་ ༤ ཡི་རྒྱུན་གྲོན་སྔོན་རྩིས་ལོ་འདིའི་ནང་གསར་དུ་འཆར་འབུལ་ཞུས་འདུག་པས། བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་རྩིས་ལེན་ཟིན་པ་རྣམས་ཀྱི་འགྲོ་གྲོན་གཏོང་ཕྱོགས་སྐོར།
བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སྔོན་སློབ་ཁག་དང་། དམའ་རིམ་སློབ་གྲྭ་ཁག་ཅིག་རྩིས་ལེན་ཟིན་པའི་འགྲོ་གྲོན་རྣམས་ཐོག་མསཾ་བྷོ་ཊ་བོད་སློབ་ཚོགས་པ་ནས་སྔ་འདོན་གཏོང་དགོས་པ་དང་། རྗེས་སུ་རྒྱ་གར་ཆེས་མཐོའི་རྩིས་ཞིབ་པས་རྩིས་ཞིབ་གྲུབ་མཚམས་འགྲོ་གྲོན་ཇི་སོང་འབྲེལ་ཡོད་ལས་ཁུངས་ནས་ཕལ་ཆེར་ཕྱིར་སྩོལ་གནང་བཞིན་པ་ཡིན་འདུག
༤༽   འདས་པའི་རྩིས་ལོའི་ནང་དགོས་དངུལ་བཀའ་འཁྲོལ་བཏང་བའི་ལས་གཞི་རྣམས་ལག་བསྟར་བྱུང་ཡོད་མེད་སྐོར།
གཞན་དབང་སྟབས་བསྟུན་གྱིས་རྒྱ་གར་ས་གནས་འབྲེལ་ཡོད་ལས་ཁུངས་ནས་ལུགས་མཐུན་བཀའ་འཁྲོལ་མ་ཐོབ་པ་དང་། ལས་གཞི་འགོ་འཛུགས་གནང་སྟེ་མཇུག་སྐྱོང་བཞིན་པ་ཁག་ཅིག་མ་གཏོགས་གཞན་ལས་གཞི་ཕལ་ཆེ་བ་དགོས་དངུལ་བཀའ་འཁྲོལ་གནང་བ་གཞིར་བཟུང་ལག་བསྟར་གནང་དང་གནང་བཞིན་པ་ལས་འདི་ལོའི་སྔོན་རྩིས་ནང་བསྐྱར་ཞུ་བྱས་པ་ཉུང་ཉུང་རེད་འདུག
༥༽    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་སྔ་མའི་སྙན་ཐོར་མཇུག་གནོན་མ་བྱུང་བ་ཡོད་མེད་སྐོར།
སྔ་ལོའི་སྙན་ཐོའི་འབྲུ་དོན་རེ་རེ་བཞིན་ལ་ཞིབ་འཇུག་བྱས་པས་དོན་གནད་ཆུང་ཁག་རེ་ཟུང་ལས་དམིགས་བསལ་མཇུག་གནོན་མ་བྱུང་བའི་རིགས་མི་འདུག
༦༽    དེ་སྔ་སྔོན་རྩིས་འཆར་འབུལ་སྐབས་དང་ཁ་བསྒྱུར་སྐབས་ཀྱི་གནས་སྟངས་ཇི་ཆགས་ཐོག་ཞིབ་འཇུག་དགོས་སྐོར
འདི་ལོའི་སྔོན་རྩིས་འཆར་འབུལ་སྐབས་བཀའ་ཤག་ནས་རྒྱུན་གྲོན་གྱི་གནས་བབསྐོར་ཁ་བསྒྱུར་ལ་གཞི་བཅོལ་ཏེ་རྒྱབ་གཉེར་བཀའ་འཁྲོལ་གནང་འདུག་པས་ཚད་ལྡན་བྱུང་འདུག

༧༽    ཟུར་བཀོལ་དང་ཕྱོགས་བསྡོམས་མ་དངུལ་གྱི་འགྲོ་གྲོན་གཏོང་ཕྱོགས་འཕར་ཆག་ཇི་བྱུང་སྐོར།
               རྩིས་ལོ་ ༢༠༡༤༌༌༌༡༥ ལོའི་ལས་ཁུངས་ཁག་གི་སྔོན་རྩིས་བཀའ་འཁྲོལ་ཐོག་བར་བརྒལ་བཀའ་འཁྲོལ་ཞུས་བསྩལ་བསྣན་པའི་ཕྱོགས་བསྡོམས་སྒོར་ ༢,༡༥༣,༡༥༣,༩༤༩ ཁོངས། ཟུར་བཀོལ་སྒོར་ ༡,༧༢༦,༦༩༢,༡༣༦ དང་། ཕྱོགས་བསྡོམས་མ་དངུལ་སྒོར་ ༤༢༦,༤༦༡,༨༡༣ གསལ་གྱི་འདུག་པས་ཕྱོགས་བསྡོམས་མ་དངུལ་གྱིས་བརྒྱ་ཆ་ ༡༩༌༨ ཟིན་གྱི་འདུག
རྩིས་ལོ་ ༢༠༡༥༌༌༌༡༦ ལོའི་ལས་ཁུངས་ཁག་གི་སྔོན་རྩིས་བཀའ་འཁྲོལ་ནང་ཕྱོགས་བསྡོམས་སྒོར་ ༢,༠༡༨,༠༣༩,༡༡༠ ཁོངས། ཟུར་བཀོལ་སྒོར་ ༡,༥༩༩,༨༥༤,༡༧༦ དང་། ཕྱོགས་བསྡོམས་མ་དངུལ་སྒོར་ ༤༡༨,༡༨༤,༩༣༤ གསལ་གྱི་འདུག་པས་ཕྱོགས་བསྡོམས་མ་དངུལ་གྱིས་བརྒྱ་ཆ་ ༢༠༌༧ ཟིན་གྱི་འདུག
རྩིས་ལོ་ ༢༠༡༦༌༌༌༡༧ ལོའི་ལས་ཁུངས་ཁག་གི་སྔོན་རྩིས་འཆར་འབུལ་རྒྱབ་གཉེར་ནང་ཕྱོགས་བསྡོམས་སྒོར་ ༢,༢༣༨,༨༣༢,༤༥༧ ཁོངས། ཟུར་བཀོལ་སྒོར་ ༡,༧༥༡,༢༢༨,༣༧༣ དང་། ཕྱོགས་བསྡོམས་མ་དངུལ་སྒོར་ ༤༨༧,༦༠༤,༠༨༤ གསལ་གྱི་འདུག་པས་ཕྱོགས་བསྡོམས་མ་དངུལ་གྱིས་བརྒྱ་ཆ་ ༢༡༌༧ ཟིན་གྱི་འདུག

བཞི་པ།       བཀའ་ཤག་གིས་རྩིས་ལོ་ ༢༠༡་་༢༠༡ལོར་འགྲོ་གྲོན་རྒྱབ་གཉེར་གནང་ཕྱོགས།
༽    འགྲོ་གྲོན་རྒྱབ་གཉེར།
       བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༦་་༡༧ ལོའི་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་ ༢༢༣༨་༨༣ འཆར་འབུལ་གནང་བ། རྩིས་ལོ་ ༢༠༡༥་་༡༦ ལོའི་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་སྒོར་ས་ཡ་ ༢༠༡༨་༠༣ བྱས་པ་ལས་སྒོར་ས་ཡ་ ༢༢༠་༨༠ དང་བརྒྱ་ཆ་ ༡༠་༩༤ མང་བ་བྱེད་ཀྱི་འདུག
       གོང་གསལ་ནས་སྒོར་ས་ཡ་ ༡༧༥༡་༢༢ ཟུར་བཀོལ་ནས་གཏོང་རྒྱུ་ཕུད་འཕྲོས་སྒོར་ས་ཡ་ ༤༨༧་༦༠ སྔོན་རྩིས་མ་དངུལ་ནས་གཏོང་རྒྱུ་འཆར་འབུལ་གནང་འདུག
       ས་འཐུས་མེད་པའི་ས་གནས་འགོ་འཛིན་ལས་ཁང་ཁག་ ༥ དང་ལྷོ་སྤྱི་ལས་ཁུངས་བཅས་ཀྱི་འགྲོ་གྲོན་བསྡོམས་སྒོར་ས་ཡ་ ༣༩་༧༧ དང༌། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང༌། སྨན་ཁང་གཉིས་བཅས་ཀྱི་འགྲོ་གྲོན་སྒོར་ས་ཡ་ ༧་༥༤ བྱས་པ་སོ་སོར་རྒྱབ་གཉེར་གནང་བ་གོང་གསལ་ཕྱོགས་བསྡོམས་འགྲོ་གྲོན་ཁོངས་ཚུད་མི་འདུག

༽    རྒྱབ་གཉེར་གནང་ཕྱོགས།
       ལས་ཁུངས་སོ་སོའི་རྒྱུན་གྲོན་དགོས་དངུལ་འཕར་ཆག་ལ་གཞིགས་པའི་རྒྱུ་མཚན་ཡོད་ན་ལས། དེ་མིན་འདས་པའི་རྩིས་ལོ་ལྔའི་ངོ་སོང་དང༌། རྩིས་ལོ་ ༢༠༡༥་་༡༦ ལོའི་སྔོན་རྩིས་བཀའ་འཁྲོལའགྲོ་བཞིན་པའི་རྩིས་ལོའི་ཕྱི་ཟླ་ ༡༢ བར་གྱི་ངོ་སོང་བཅས་ལ་གང་ཐུབ་གཞི་བཅོལ་གྱིས་དགོས་དངུལ་འདང་ངེས་རྒྱབ་གཉེར་གནང་བ་དང་། དམིགས་བསལ་དང། ཟུར་བཀོལ་དུ་གསལ་བའི་ལས་འཆར་ཁག་དགོས་ངེས་དང༌། རྩིས་ལོའི་ནང་ལག་བསྟར་ཐུབ་རིགས་རྒྱབ་གཉེར་ཞུས་ཡོད་སྐོར་གསལ་འདུག
       ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་སྔོན་རྩིས་ཡུལ་ལུང་སོ་སོའི་དངུལ་འབབ་ཐོག་འཆར་འབུལ་ཞུ་ལམ་ཡོད་པ་ལྟར་ཞུས་ཏེ། ཕྱོགས་བསྡོམས་རྒྱབ་གཉེར་ཧིན་སྒོར་ནང་ཞུ་དགོས་སྟབས། ཡུལ་སྒོར་སོ་སོའི་འཛའ་ཐང་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ནས་ ༢༠༡༥ ཟླ་ ༡༡ ཚེས་ ༡༥ བར་གྱི་ཆ་སྙོམས་འཛའ་འབབ་དང༌། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༥ ཉིན་གྱི་འཛའ་ཐང་གཉིས་ནས་གང་ཉུང་བ་ལྟར་ཧིན་སྒོར་ནང་འཛའ་བསྒྱུར་ཞུས་འདུག
       སྔོན་རྩིས་ཁ་ཤོག་གི་མཐའ་མའི་བཀའ་འཁྲོལ་རེའུ་མིག་ནང་རྩིས་ལོ་ ༢༠༡༥་་༡༦ ལོའི་སྔོན་རྩིས་བཀའ་འཁྲོལ་དང༌། དེ་རྗེས་ཀྱི་བར་བརྒལ་བཀའ་འཁྲོལ་ཆ་ཚང་བསྣན་པའི་གྲངས་འབོར་འགོད་འབུལ་དང༌། ༢༠༡༥ ཟླ་ ༤  ནས་ ༢༠༡༦ ཟླ་ ༡ ཚེས་ ༣༡ བར་གྱི་བར་བརྒལ་བཀའ་འཁྲོལ་ཟུར་བཀོལ་ཁོངས་ཡོང་འཆར་སྒོར་ས་ཡ་ ༣༣༧་༢༢ དང༌། འགྲོ་འཆར་སྒོར་ས་ཡ་ ༣༠༠་༡༣ དེ་བཞིན་དམིགས་བསལ་ཁོངས་འགྲོ་འཆར་སྒོར་ས་ཡ་ ༤་༥༦ དང༌། སྔོན་རྩིས་ཡོང་དམིགས་ལ་ཕན་པ་ཡོང་འཆར་སྒོར་ས་ཡ་ ༡༣༡་༦༣ བཅས་བཀའ་འཁྲོལ་བསྩལ་བའི་ཞིབ་གནསམཉམ་འབུལ་གནང་འདུག་པ་དང་། སྔོན་རྩིས་གཏན་འབེབས་རྗེས་སྒྲིག་གསལ་རྒྱུན་གྲོན་རྩིས་འགོ་ཕན་ཚུན་ཁ་བསྒྱུར་བཀའ་འཁྲོལ་ཞུས་བསྩལ་ཇི་བྱུང་ལྟར་ཕྱོགས་བསྒྲིགས་ཀྱིས་འགོད་འབུལ་གནང་འདུག
ང        འཆར་འགོད་ལྷན་ཁང་གི་རྩིས་ལོ་ ༢༠༡༥་་༡༦ ལོའི་སྔོན་རྩིས་སུ་ཟུར་བཀོལ་དངུལ་ལྷག་དང་སྐྱེད་འབབ་ཡོང་འཆར་སྔོན་རྩིས་མ་དངུལ་ལ་ཕན་སྦྱར་ཞུ་རྒྱུའི་འཆར་འབུལ་ཞུས་པའི་བཀའ་འཁྲོལ་ལས་གཞན་པའི་རྩིས་ལོ་ ༢༠༡༦་་༡༧ ལོའི་གཏོང་ཡོང་སྔོན་རྩིས་འཆར་འབུལ་གང་ཡང་མི་འདུག
ཅ        འཕྲོད་བསྟེན་ཁྱབ་ཁོངས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་ཕོགས་གྲོན་དེ་སྔ་ས་གནས་རང་ཁོངས་ནས་བཏང་འདུག་ཀྱང་འདི་ལོ་འཕྲོད་བསྟེན་ལས་ཁུངས་ནས་གཏོང་རྒྱུ་འཆར་འབུལ་གནང་འདུག
ཆ       འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭའི་སྔོན་རྩིས་སུ་ས་གནས་ཀྱི་ཐད་ཀར་ཡོང་འཆར་ལ་གཞིགས་པའི་འགྲོ་གྲོན་མ་གཏོགས། ལས་འཆར་དང་རྒྱུན་གྲོན་འཕྲོད་བསྟེན་ལས་ཁུངས་ནས་གཏོང་རྒྱུ་འཆར་འབུལ་གནང་འདུག
ཇ        སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ཁོངས་སུ་དེ་སྔ་བོད་ཁྱིམ་གྱི་ཁྱབ་ཁོངས་སྔོན་འགྲོའི་སློབ་གྲྭ་ ༨ ཀྱི་ཕོགས་གྲོན་དང༌། བོད་སློབ་འཛིན་ཚོགས་ཀྱི་གཞི་རིམ་སློབ་གྲྭ་ ༤ ཡི་རྒྱུན་གྲོན་སྔོན་རྩིས་ལོ་འདིའི་ནང་གསར་དུ་འཆར་འབུལ་གནང་འདུག
ཉ        ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་ ༢༠༡༦ ཟླ་ ༣ ཚེས་ ༣༡ ནས་ཁུ་བསྡུ་གནང་འཆར་ཡིན་འདུག་པ་བཞིན་རྩིས་ལོ་ ༢༠༡༦་་་༡༧ ལོའི་སྔོན་རྩིས་འཆར་འབུལ་གང་ཡང་གནང་མི་འདུག
        བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པའི་ཕོགས་ཐོབ་རྒྱག་སྤྲོད་ཐད་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་བསྐྱར་ཞིབ་དང་འབྲེལ་ཕོགས་སྤར་ཆེད་དགོས་དངུལ་སྒོར་ས་ཡ་ ༣༠་༠༠  དང༌། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་གི་ལས་བྱེད་པའི་ཕོགས་འབབ་ལའང་བསྐྱར་ཞིབ་ཀྱིས་ས་གནས་ལས་བྱེད་གཞན་གྱི་ཕོགས་འབབ་དང་དོ་མཉམ་པ་ཞིག་བཟོ་རྒྱུའི་ཆེད་དགོས་དངུལ་སྒོར་ས་ཡ་ ༥་༠༠ བཅས་དཔལ་འབྱོར་ལས་ཁུངས་ཀྱི་དམིགས་བསལ་ཁོངས་རྒྱབ་གཉེར་གནང་འདུག

ལྔ་པ།  རྩིས་ལོ་ ༢༠༡་་༢༠༡ལོའི་སྔོན་རྩིས་འཆར་འབུལ་ལ་ཞིབ་འཇུག་རྗེས་སྤྱི་ཡོངས་
མཐོང་ཚུལ་དང་རྒྱབ་གཉེར་ཞུས་ཁག
༡༽     བཀའ་ཤག་གིས་སྔོན་རྩིས་ལ་བཀའ་འཁྲོལ་རྒྱབ་གཉེར་གནང་སྐབས་ལས་ཁུངས་སོ་སོའི་རྒྱུན་གྲོན་དགོས་དངུལ་འཕར་ཆག་ལ་གཞིགས་པའི་རྒྱུ་མཚན་ཡོད་ན་ལས། དེ་མིན་འདས་པའི་རྩིས་ལོ་ལྔའི་ངོ་སོང་དང༌། རྩིས་ལོ་ ༢༠༡༥་་༡༦ ལོའི་སྔོན་རྩིས་བཀའ་འཁྲོལའགྲོ་བཞིན་པའི་རྩིས་ལོའི་ཕྱི་ཟླ་ ༡༢ བར་གྱི་ངོ་སོང་བཅས་ལ་གང་ཐུབ་གཞི་བཅོལ་བ་དང་། དམིགས་བསལ་དང། ཟུར་བཀོལ་དུ་གསལ་བའི་ལས་འཆར་ཁག་དགོས་ངེས་དང༌། རྩིས་ལོའི་ནང་ལག་བསྟར་ཐུབ་རིགས་བཅས་ལ་རྒྱབ་གཉེར་གནང་ཡོད་གནས་གསལ་འདུག་པས། ཚོགས་ཆུང་གིས་སྤར་གཅོག་གི་གནད་དོན་གཙོར་བཟུང་བྱས་མེད་ཀྱང་། དགོས་ངེས་ཀྱི་སྤར་གཅོག་ཁག་ཅིག་བྱས་པ་རྣམས་ཀྱི་ཞིབ་ཕྲ་རེའུ་མིག་ཟུར་ཕུལ་ལྟར་སྤར་ཆ་ཧིན་སྒོར་ ༡,༢༧༦,༣༦༠ དང་། གཅོག་ཆ་ཧིན་སྒོར་ ༡,༡༩༦,༣༣༦ ཞུས་ཡོད།
༢༽     བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ལས་འཁུར་དམ་འབུལ་མཛད་སྒོའི་འགྲོ་ལུགས་རྩ་འཛིན་ཡིག་ཆ་གཏན་འབེབས་གནང་བའི་འབྲུ་དོན། མཛད་གཙོ་རྣམ་པའི་དམ་འབུལ་སྐབས་དྲུང་ཆེ་འགན་འཛིན་ཡན་གདན་འདྲེན་ཞུ་དགོས་འདུག་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གྱི་དམ་འབུལ་སྐབས་སྤྱི་འཐུས་ཡོངས་བཅར་དགོས་པ་སོགས་ཀྱི་སྐབས་ཚོམས་ཆེན་ནང་སྐུ་མགྲོན་མི་ཤོང་པའི་དཀའ་ངལ་འཕྲད་བཞིན་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དམིགས་བསལ་རྩིས་འགོ་ཨང་ ༣ པ། ཚོམས་ཆེན་བཟོ་བཅོས་ལས་གཞིའི་ནང་དགོས་དངུལ་བཀའ་འཁྲོལ་ཞུས་འདུག་ཀྱང་། བཀའ་ཤག་ནས་གོང་གསལ་རྩིས་འགོ་དང་། གཞན་འབྲེལ་ཆགས་རྩིས་འགོ་ཨང་ ༤ པ་དང་། ༥ པ་བཅས་ཆ་ཚང་གཅོག་ཆ་གནང་འདུག འདི་ནས་སྤར་ཆ་ཞུས་མེད། རྒྱུ་མཚན་ནི་བཀའ་ཤག་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གཉིས་དབར་ད་དུང་ཡང་གནད་དོན་ཁག་ཅིག་ཁ་གསལ་བྱུང་མི་འདུག་པ་དང་། ད་ལྟ་ལས་གཞི་དངོས་སུ་འགོ་འཛུགས་ཞུས་ཀྱང་། ལོ་འདིའི་མཛད་གཙོ་རྣམ་པའི་དམ་འབུལ་ཕལ་ཆེ་བའི་སྐབས་ལས་གཞི་མཇུག་སྒྲིལ་དཀའ་བར་སོང་། མ་འོངས་ལས་གཞི་དེ་བཞིན་མཇུག་སྐྱོང་དགོས་མིན་ཕྱོགས་ཚང་མས་ཞིབ་མཇུག་ཚད་ལྡན་གནང་སྟེ་དགོངས་པ་རྒྱ་ཆེ་བཞེས་དགོས་པ་གལ་ཆེར་མཐོང་།
༣༽     བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་རྩིས་འགོ་ཨང་ ༡ ཕོགས་དང་ཁེ་ཕན་གཞན་གྱི་ཁོངས་ཐོག་མའི་ཆར་ས་གནས་ཁྲིམས་ཞིབ་པའི་གསོལ་ཕོགས་འཆར་འབུལ་མ་གནང་བས་བཀའ་ཤག་གི་རྒྱབ་གཉེར་གནང་ཁོངས་སུ་མི་འདུག་ཀྱང་། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣ ཉིན་བཏང་བའི་ཁྲིམས་ཞིབ་ལྷན་ཚོགས་ཀྱི་བཀོད་ཁྱབ་དགོངས་དོན། ད་ལྟའི་ཤར་ཕྱོགས་ས་གནས་ཁྲིམས་ཞིབ་པ་ ༢༠༡༦ ཟླ་ ཚེས་ ༡ ནས་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པར་གནས་སྤོ་བསྐོ་གཞག་གནང་འདུག་པ་ལྟར། གསོལ་ཕོགས་ཀྱི་འཆར་རྩིས་གནང་འབྱོར་དང་འབྲེལ་སྤར་ཆ་དགོས་སྐོར་ཞུས་སོང་བ་ལྟར་སྤར་ཆ་ཞུས་ཡོད།
༤༽    ལྷོ་ཕྱོགས་དང་བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁང་གཉིས་ཀྱིརྒྱུན་གྲོན་ཁོངས་འགྲིམས་འགྲུལ་ཟུར་ཕོགས་ཀྱི་འགྲོ་གྲོན་ཆབ་འབུལ་ཞུས་པར་བཀའ་ཤག་གིས་གཅོག་ཆ་གང་མཚམས་གནང་བར་བརྟེན་འབྲེལ་ཡོད་ནས་འདང་མིན་གྱིས་སྤར་ཆ་དགོས་པའི་རེ་འདུན་གནང་བྱུང་། སྤྱིར་བཏང་དེ་སྔ་དང་བསྡུར་ན་རྩིས་ཞིབ་གནང་ཡུལ་མང་དུ་ཕྱིན་ཡོད་པའང་དངོས་འབྲེལ་རེད་འདུག ཡིན་ནའང་འདས་ལོ་ལྔའི་ངོ་སོང་ལ་ཞིབ་འཇུག་སྐབས་འདི་ནས་མཐའ་གཅིག་ཏུ་དཀའ་ངལ་འཕྲད་གཞི་མ་མཐོང་བས་ད་ལན་སྤར་ཆ་ཞུས་མེད་ཀྱང་། འབྲེལ་ཡོད་ལས་ཁུངས་སོ་སོས་དེ་ལུགས་ཐུགས་སྣང་དགོས་པ་དང་། ལྷག་པར་རྩིས་ཞིབ་ཀྱི་ལས་དོན་འཐུས་ཤོར་མི་བྱུང་སླད་འཛིན་སྐྱོང་ནས་ཀྱང་མཐུན་འགྱུར་གང་ལེགས་གནང་དགོས་ངེས་སུ་མཐོང་།
༥༽     དབུས་འོས་བསྡུ་ལས་ཁང་གི་དམིགས་བསལ་རྩིས་འགོ་ཨང་ ༢ པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་འོས་བསྡུ་ཆེན་མོའི་ཁོངས་འགན་འཛིན་ལས་འཕར་གཉིས་ཀྱི་ཟླ་གཉིས་གསོལ་ཕོགས་འཕར་མ་ཞུས་འདུག་པ་འདི་ནས་བཅོག་ཆ་ཞུས་ཡོད། ༢༠༡༦ ལོའི་ཕྱི་ཟླ་ ༡ ནས་ ༤ བར་ཡུལ་ཐང་གུན་གསབ་སྤར་ཆ་བྱུང་ཚེ་བཀའ་ཤག་གི་དམིགས་བསལ་རྒྱུན་གྲོན་ཁོངས་གསོལ་ཕོགས་སྤོམ་དངུལ་ནས་རྒྱག་སྤྲོད་གནང་དགོས་རྒྱུ།
༦༽     བཀའ་དྲུང་ཡིག་ཚང་གི་དམིགས་བསལ་རྩིས་འགོ་ཨང་ པས་གཙོས་ལས་ཁུངས་ཁག་འགའ་ནས་འཛིན་ཆས་དང་འཕྲུལ་ཆས་གསར་ཉོ་ཁག་ཅིག་གི་རིན་ཚད་འགྲན་ཤོག་མཉམ་སྦྱར་མི་འདུག་པས་ལག་བསྟར་སྐབས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༧ པའི་ནང་གསེས་ ༣ པའི་དགོངས་དོན་སྤྱི་འཐུས་རྒྱུན་ལས་སུ་ཕུལ་ཏེ་ལུགས་མཐུན་བཀའ་འཁྲོལ་ཞུ་དགོས།
༧༽     བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་ལས་དོན་ཚགས་ཚུད་དང་དུས་ཐོག་གྲུབ་སླད། བཀའ་ཤག་གི་རྩ་འཛིན་ལམ་སྟོན་ལྟར་སྐབས་དེར་འབྲེལ་ཡོད་ཁག་ལས་ཁུངས་སུ་བཞུགས་དགོས་ཡོད་ཀྱང་། དབང་ལྡན་འགན་འཛིན་དང་རྩིས་པ་སོགས་འབྲེལ་ཡོད་ལས་བྱེད་ཁག་ཅིག་དགོངས་ཞུའི་དབང་གིས་དུས་ཐོག་འདྲི་རྩད་བྱེད་ས་མེད་པབྱུང་སོང་ན། སླད་མར་དེ་རིགས་མི་ཡོང་བ་ཕྱོགས་ཚང་མས་ཐུགས་སྣང་དགོས་གལ།
༨༽     ལས་ཁུངས་འགའ་རེས་རྒྱུན་གྲོན་ནང་ཁ་བསྒྱུར་སྒོར་ཉིས་འབུམ་ལྷག་ཞུས་ཏེ། དེ་སྔ་སྔོན་རྩིས་འཆར་འབུལ་ཚད་ལྡན་ཞུས་མེད་པ་དེ་འདྲ་མངོན་གྱི་འདུག་ན། མ་འོངས་སྔོན་རྩིས་འཆར་འབུལ་ཚད་ལྡན་དགོས་པ་མ་ཟད། རྒྱུན་གྲོན་གྱི་རྩིས་འགོ་ཕན་ཚུན་ཁ་བསྒྱུར་གང་ཉུང་ཞུ་རྒྱུར་དམ་དོན་དགོས་གལ།
༩༽     ལས་ཁུངས་འགའ་རེས་བར་བརྒལ་བཀའ་འཁྲོལ་ཞུས་སྐབས་རྩིས་འགོའི་ཨང་འཁྲུག་སྟེ་འཆར་འབུལ་ཞུས་པ་ལ་བཀའ་ཤག་ནས་རྒྱབ་གཉེར་གནང་བ་དང་། རྒྱུན་ལས་ཀྱིས་བཀའ་འཁྲོལ་བསྩལ་བ་ཁ་ཤས་བྱུང་འདུག་པས། མ་འོངས་བར་བརྒལ་བཀའ་འཁྲོལ་དང་། ཁ་བསྒྱུར་བཀའ་འཁྲོལ་ཞུ་སྐབས་འབྲེལ་ཡོད་ལས་ཁུངས་སོ་སོས་ཐོག་མ་ཉིད་ནས་འཆར་འབུལ་ཚད་ལྡན་དགོས་པ་དང་། དེ་རྗེས་དཔལ་འབྱོར་སྔོན་རྩིས་སྡེ་ཚན་དང་བཀའ་ཤག་ནས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པ་སྨོས་མེད་ཐོག སྤྱི་འཐུས་རྒྱུན་ལས་ནས་ཀྱང་ཞིབ་འཇུག་ཚད་ལྡན་གྱིས་བཀའ་འཁྲོལ་གནང་དགོས་འདུག དཔེར་ན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཟུར་བཀོལ་རྩིས་འགོ་ཨང་ ༢་༢ ཀྱི་ནང་གསེས་ དང་། གཉིས་ཕན་ཚུན་འཁྲུག་པའི་ནོར་འཁྲུལ་ཤོར་བ་ལྟ་བུ་ཁ་ཤས་འདུག
༡༠༽    དེ་སྔའི་སྔོན་རྩིས་དང་བསྡུར་ན་ད་རེས་རྩིས་ཤོག་ཁག་གི་དག་ཆ་གང་ལེགས་འདུག་ཀྱང་། ད་དུང་ཡིག་ནོར་ཁག་ཅིག་འདུག་པ་རྣམས་འདི་ནས་རྩིས་ཤོག་ཨ་མའི་ནང་ཐད་ཀར་ནོར་བཅོས་ཞུས་ཡོད་པར་ཐུགས་ཞིབ་ཀྱིས་མ་འོངས་འདི་རིགས་མ་ཤོར་བ་གནང་དགོས་གལ།
༡༡༽    ལས་ཁུངས་མང་པོ་ཞིག་གི་རྒྱུན་གྲོན་སྔོན་རྩིས་འཆར་འབུལ་ཁོངས་བརྙན་དེབ་དང་གསར་ཤོག་ནང་བོད་གནས་སྐྱར་ཞིབ་ (Tibetan Review) དུས་དེབ་ཀྱི་འགྲོ་སོང་འཆར་འབུལ་ཞུས་འདུག འདི་ནས་རྩད་ཞིབ་སྐབས་ལས་ཁུངས་ཁག་ཅིག་ནས་དངུལ་སྤྲད་ཀྱང་དུས་དེབ་མ་འབྱོར་བ་དང་། ཁག་ཅིག་ནས་དངུལ་མ་སྤྲད་ནའང་དུས་དེབ་འབྱོར་བ་སོགས་གཅིག་མཚུངས་མིན་པ་དེ་འདྲ་ཁ་ཤས་འདུག འབྲེལ་ཡོད་རྩོམ་སྒྲིག་པར་དངོས་སུ་འདྲི་རྩད་སྐབས་ཕྱི་ལོ་ ༢༠༡༡ བར་ལོ་གཅིག་ནང་འདོན་ཐེངས་ ༡༢ ཆ་ཚང་པར་འགྲེམས་ཞུས་པ་དང་། དེ་རྗེས་རོགས་དངུལ་གྱི་གནས་སྟངས་སོགས་ལ་བརྟེན། ད་བར་ལོ་ལྟར་འདོན་ཐེངས་གཅིག་མཚུངས་མིན་པར་མང་ཉུང་འདྲ་མིན་པར་འགྲེམས་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོའི་ནང་འདོན་ཐེངས་ ༣ མ་གཏོགས་པར་འགྲེམས་ཞུས་མི་འདུག འོན་ཀྱང་སྔོན་རྩིས་ནང་ལས་ཁུངས་མང་ཆེ་བས་ལོ་འཁོར་གཅིག་གི་འགྲོ་གྲོན་ཆ་ཚང་ཆབ་འབུལ་ཞུས་ཏེ་བཀའ་ཤག་གིས་བཀའ་འཁྲོལ་རྒྱབ་གཉེར་གནང་འདུག་པ་ལྟར་ལས་འདི་ནས་གཅོག་ཆ་ཞུས་མེད་ཀྱང་།  མ་འོངས་པར་དཔལ་འབྱོར་སྔོན་རྩིས་སྡེ་ཚན་གཙོས་ལས་ཁུངས་ཚང་མས་དེ་ལུགས་ཐུགས་སྣང་གིས་ཕྱག་བསྟར་གནང་ཕྱོགས་དགོས་གལ།
༡༢༽    ལྡི་ལི་སྐུ་ཚབ་དོན་ཁང་གི་དམིགས་བསལ་རྩིས་འགོ་ཨང་ ༡ སྣུམ་འཁོར་གསར་ཉོའི་ཐད། བཀའ་ཤག་གི་རྩ་འཛིན་ལམ་སྟོན་དགོངས་དོན་སྣུམ་འཁོར་གྱི་ལོ་ཚད་དང་རྒྱུགས་ཚད་ཆ་རྐྱེན་ཚང་མི་འདུག་ཀྱང་། བཀའ་ཤག་གི་རྒྱབ་གཉེར་གནང་འདུག་པར་འདི་ནས་གཅོག་ཆ་བྱས་མེད། མ་འོངས་དེ་རིགས་རྩ་འཛིན་ལམ་སྟོན་གཞིར་བཟུང་ལག་བསྟར་དགོས་གལ་མཐོང་།
༡༣༽   སྐུ་ཚབ་དོན་གཅོད་ཁག་གི་དམིགས་བསལ་ཁོངས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ (Washington DC) རང་དུ་ཚོགས་ཤག་གིས་རྒྱབ་ལྗོངས་ནང་ཁ་གསལ་བཀོད་འདུག ལས་ཁུངས་སོ་སོའི་སྔོན་རྩིས་འཆར་འབུལ་སྐབས་དེ་ལྟའི་འཆར་གཞི་ཡོད་ཀྱང་། རྗེས་སུ་ས་གནས་གང་དུ་ཚོགས་མིན་གཏན་འཁེལ་མེད་པ་བཀའ་ཤག་གིས་གསལ་པོ་མཁྱེན་གྱི་ཡོད་ནའང་། སྔོན་རྩིས་ཐུགས་ཞིབ་སྐབས་གོང་གསལ་རྒྱབ་ལྗོངས་ཁག་ལ་བསྒྱུར་བཅོས་གང་ཡང་གནང་མི་འདུག་པས། སྔོན་རྩིས་ཀྱི་རྒྱབ་ལྗོངས་ཁག་ལ་ཞིབ་གཟིགས་དེ་ཙམ་གནང་ཨེ་ཡོད་སྙམ་པ་བྱུང་།
༡༤༽   ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ཅིག་གི་རྩིས་ཤོག་ནང་ལོ་སྔོན་མའི་བཀའ་འཁྲོལ་གྱི་བསྡོམས་འབོར་འགོད་ནོར་བྱས་པ་སོགས་གནས་སྟངས་འགའ་ཞིག་འདུག་པར་རྩིས་ཤོག་བརྗེ་དགོས་པ་གང་མཚམས་བྱུང་སོང་བས། སླད་མར་རྩིས་པ་དང་དབང་ལྡན་འགན་འཛིན་རྣམས་ཀྱི་དེ་རིགས་ལ་ཐུགས་སྣང་དགོས་གལ་མཐོང་།
༡༥༽   ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དམིགས་བསལ་རྩིས་འགོ་ཨང་ ༡ ནང་། ༢༠༡༣་་་༡༤ ལས་སྤྲོད་པས་སྤྲོད་དགོས་ཁྲལ་འབབ། (སྤོམ་དངུལ།) ཞུས་འདུག་པ་ནི། རྩིས་ཞིབ་སྙན་ཐོའི་ནང་གསལ། “བཀའ་ཤག་ནས་ངོས་བཞེས་ཐོབ་པའི་ཁྲལ་འབབ་ཀྱི་གྲས་ཡིན་པ་མ་ཟད། རྩིས་ལོ་ ༢༠༡༣༌༌༡༤ ནང་དེ་བསྟུན་དམིགས་བསལ་ཁོངས་སྤོམ་དངུལ་བཀའ་འཁྲོལ་ཡང་ཞུས་བསྩལ་བྱུང་འདུག་པ་དེ་ལྟར་ཡང་། དོན་ཁང་ནས་རྩིས་ལོ་ ༢༠༡༣༌༌༡༤ ལོའི་ནང་ཟླ་སྒྲོན་གྱི་ལས་སྤྲོད་པས་སྤྲོད་དགོས་ཁྲལ་འབབ་དང་འབྲེལ་བའི་དན་རྟགས་སྦིལ་འཛིན་སོགས་དཔལ་འབྱོར་ལས་ཁུངས་སུ་རྩིས་ཕུལ་གྱིས་ཨོ་སྒོར་ ༢,༧༥༣༌༡༠ བཏོན་ཏེ་དམིགས་བསལ་རྩིས་ཁོངས་ངོ་སོང་དུ་རྩིས་འཁུར་གནང་རྒྱུ་འཚེམ་ལུས་སུ་གྱུར་ཏེ་སྔ་འདོན་གྱི་ངོ་བོར་ལུས་འདུག་ན་རྩིས་ལོ་ ༢༠༡༣༌༌༡༤ ལོའི་ནང་སྔོན་རྩིས་བཀའ་འཁྲོལ་ཡོད་པ་དེ་བཀའ་འཁྲོལ་ལས་འདས་པའི་ (Budget Sanction Lapsed) གནས་སྟངས་ཆགས་པ་དེ་འཛིན་སྐྱོང་ནས་འཐུས་ཤོར་ཕྱིན་པ་ཞིག་རེད་འདུག་ན་རྩིས་ལོ་ ༢༠༡༥༌༌༡༦ ལོའི་ནང་སྒྲིག་མཐུན་བཀའ་འཁྲོལ་གྱི་ལམ་ནས་རྩིས་བཅོས་དགོས་པ་ཆགས་འདུག” ཅེས་གསལ་བ་ལྟར་ད་ལན་བཀའ་འཁྲོལ་ཞུས་པ་ཞིག་རེད་འདུག་པས་འདི་ནས་གཅོག་ཆ་ཞུས་མེད། རྩིས་ཞིབ་སྙན་ཐོ་ནང་གསལ་བཞིན་ཐོག་མར་འཛིན་སྐྱོང་ནས་འཐུས་ཤོར་ཕྱིན་པ་མ་ཟད། སྙན་ཐོའི་དགོངས་དོན་རྩིས་ལོ་ ༢༠༡༥༌༌༡༦ ལོའི་ནང་སྒྲིག་མཐུན་བཀའ་འཁྲོལ་གྱི་ལམ་ནས་རྩིས་བཅོས་དགོས་འདུག་ཀྱང་། སླར་ཡང་ལོ་གཅིག་ཕྱིར་འགྱངས་ཕྱིན་པ་ཞིག་ཆགས་ཡོང་འདུག་ན་མ་འོངས་པར་འདི་རིགས་ལ་འཐུས་ཤོར་མི་འགྲོ་ཆེད་ཐུགས་སྣང་ཆེ་ཙམ་དགོས་གལ།
༡༦༽   སྣེ་ལེན་འབྲེལ་མཐུད་ཁང་གི་ཟུར་བཀོལ་རྩིས་འགོ་ཨང་ ༢་༡ ཀ རྒྱུན་གྲོན་རྩིས་འགོ་ ༡༧ ནང་གསེས་ ༡༣ ལས་ཁུངས་ཀྱི་འཕྲུལ་ཆས་བཟོ་བཅོས་དང་བདག་གཅེས་ཁོངས་སྐམ་གློག་འཕྲུལ་ཆས་ཀྱི་སྣུམ་རིན་ཆབ་འབུལ་ཞུས་ཏེ་རྒྱབ་གཉེར་གནང་འདུག་པར་ད་ལན་འདི་ནས་རང་སོར་བཞག་ཡོད་ཀྱང་། མ་འོངས་དངུལ་རྩིས་སྟངས་འཛིན་ལག་དེབ་ནང་གསལ་འདི་རིགས་སྤྱིར་བཏང་ཁོངས་ནས་ཞུ་དགོས་པ་དམ་དོན་དགོས་རྒྱུ།

དྲུག་པ། མཇུག་བསྡོམས།
ང་ཚོའི་ལས་དོན་ཐོག་མཐུན་འགྱུར་གནང་མཁན་ཚོགས་དྲུང་མཆོག་དང་། དཔལ་འབྱོར་སྔོན་རྩིས་སྡེ་ཚན་གྱི་འགན་ཁུར་རྣམ་པ། གཞན་འབྲེལ་ཡོད་ལས་ཁུངས་ཁག་གི་འགན་ཁུར་དང་ལས་བྱེད། རྩིས་དཔོན་དང་རྩིས་པ། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་བཅས་ཀྱིས་སྐབས་བསྟུན་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། བཀོད་ཁྱབ་གཞིར་བཟུང་ལས་དོན་དུས་ཐོག་མཇུག་བསྒྲིལ་གྱིས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མཆོག་ལ་ལས་བསྡོམས་སྙན་ཐོ་རྩིས་སྤྲོད་ཞུས་ཡོད་པ་བཅས།།
བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡་་༢༠༡ལོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས།

༡༽     སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།                    ཚོགས་གཙོ།
 ༢༽     སྤྱི་འཐུས་ཀརྨ་ཡེ་ཤེས།                                        ཚོགས་དྲུང།
 ༣༽     སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས།                         ཚོགས་མི།
༤༽    སྤྱི་འཐུས་བསོད་ནམས་རྒྱལ་མཚན།                            ཚོགས་མི།
 ༥༽     སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན།                       ཚོགས་མི།

No comments:

Post a Comment