Friday, February 3, 2017

རྒན་གཞོན་བར་གྱི་གྲོས་བསྡུར་ཉུང་ངུ་།



སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།
༄༅། །འདིར་ལོ་རྒན་དང་གཞོན་ནུ་གཉིས་ཀྱི་གྲོས་བསྡུར་ཉུང་ངུ་ཞིག་ལ། དེང་སང་གི་དུས་འདིར་འཛམ་གླིང་འདི་ན་རྣམ་པ་དཀར་བའི་མཐུན་རྐྱེན་ཇེ་ཉུང་དང་། གཡེང་བའི་མཐུན་རྐྱེན་ཇེ་མང་དུ་འགྲོ་བའི་སྐབས་རེད་འདུག །དེ་ལས་ཞིབ་འཇུག་གི་ལས་ཟེར་བ་སྔོན་གྱི་ཆག་ཡས་སོང་བའི་རྫ་ཆས་དང་། རོ་ཆས་དུར་ས་ཐམས་ཅད་ཡར་བསློགས་ནས་རྒྱུ་མཚན་ཚད་མ་འཛིན་ས་བྱེད་པའི་དུས་རེད་འདུག ངེད་བོན་ལུགས་ཀྱི་ཡིག་ཆ་ཁྲོ་ཕུར་ཞང་གསུམ་སོགས་ཀྱི་རྒྱུད་ཁུངས་ལ་ལྟ་རྟོགས་ཤེས་མཁན་ཞིག་ཡོད་པ་ཡིན་ན་བོན་ཁུངས་ལོ་རྒྱུས་ཐབས་སྐྱོ་པོ་རྫ་ཆག་རུས་ཆག་ལ་རྒྱུ་མཚན་བརྟེན་མི་དགོས་པ་ཐག་ཆོད། མ་ཟད་ཉེན་ཁ་ཆེ་ཤོས་ལོ་ཆུང་ན་གཞོན་རྣམས་ཀྱི་བསམ་སྦྱོར་ལ་བལྟས་ན་ཤིན་ཏུ་འགྱུར་སླ་བ། སེམས་ཡང་བ། གསར་འགྲོགས་ཆེ་བ། རྒན་རིགས་དང་གནའ་ལུགས་ལ་སྨ་འབེབ་ཅིང་རྩོག་པར་བལྟ་བ། འདི་ལྟར་བལྟ་བའི་མི་ལ་ཅུང་ཙམ་དོགས་ཟོན་བྱེད་དགོས་པར་མཐོང་སྟེ། འདི་རྣམས་ཀྱི་བསམ་སྦྱོར་ལོག་ལམ་དུ་ཕྱིན་ཟེར་བ་དེ་རེད།

འོན་ཀྱང་དེ་དག་ལ་རིགས་མཐུན་རྣམས་ཀྱིས་མཐོང་གསོལ་བྱེད་པའི་ཡུལ་ཡང་ཡིན་འདུག གཞན་ཡང་མི་དེ་དག་གི་རིགས་ཀྱིས་སྔར་གྱི་དཔེ་རྒྱུད་དང་གོམས་གཤིས། དགེ་སྤྱོད་ལ་ལོག་པར་བལྟ་བ་དང་། བདེ་བར་གཤེགས་པའི་གསུང་ལ་ལོག་པར་བལྟས་ཏེ་མཆོད་སྦྱིན་གྱི་ལས་ཐམས་ཅད་ལ་ཁྲོག་རླག་བཏང་ནས་དར་ཟབ་དང་ཟས་སྣ་མེ་ལ་བསྲེག རླུང་ལ་བསྐུར། ཆུ་ལ་བསྐྱུར་བ་དང་། དཔེ་རྒྱུད་ལ་ལྟ་རྟོགས་བྱེད་པ་རྣམས་ནི་ལས་སྤྱོད་དོན་མེད་ཡོང་སྒོ་མེད་པ། ཟས་གོས་ཐོབ་ཐང་མི་འབྱུང་བ། དུས་ཚོད་ཁྲོག་རླག དེ་བས་ཉམས་ཆུང་དབུལ་ཕོངས་རྣམས་ལ་རྒྱུ་ཟས་སྤྲད་ན་ཕན་ཆེ་ཟེར་བ་བྱུང་བའི་དུས་རེད། ཚུལ་འདི་རྣམས་ལ་བསམ་ནས་གྲུབ་དབང་ཤར་རྫ་པས། ལོག་པའི་ལམ་ལ་མ་བཏང་གྱེར་སྤུངས་ཆེ། ཞེས་བློ་འདི་ལྟར་རང་རྒྱུད་ལ་མི་སྐྱེ་བར་མཛོད་ཅེས་གསོལ་སྨོན་གནང་བ་དེ་རེད། གཞན་ཁོང་རྣམས་སྤྱང་དྲུང་ཆེ་མདོག་དང་མཁས་མདོག་ཇི་ལྟར་བྱས་ཀྱང་རྭ་དང་སྤུ་མེད་པའི་གླང་རྒན་ཏེ། ལས་འབྲས་ཀྱི་འབྱུང་འཇུག་མི་ཤེས་ཤིང་སྔར་ཅི་བྱུང་། ཕྱིས་ཅི་ཡོང་མི་ཤེས་པའི་ཁྱུ་མཆོག་གླང་གི་ཟླ་བོ་སྟེ། དངོས་སུ་མྱོང་བ་ཡོད་པ་ཁྱོད་ཚོར་འགན་འཁྲི་བགོས་དུས་འདྲ་མཉམ་བྱས་ཀྱང་། དེ་རྗེས་མྱུར་དུ་དྲག་ཞན་ཡོང་གི་འདུག་པ་དེ་རྣམས་ལས་འབྲས་ཀྱི་རྣམ་སྨིན་ཡིན་པ་མཐོང་བཞིན་ཡང་མིག་བསྐུངས། རྣ་བ་བཀག་ནས་འདུག་པ་དེ་ལ་བླུན་པོ་ཞེས་བྱ། ཅིའི་ཕྱིར་ན་ཚད་མས་གྲུབ་པ་ལ་བརྩི་མི་ཤེས་པའི་ཕྱིར། དེ་བཞིན་དཔྱིད་དུས་ཞིང་དུ་ས་བོན་འབྲུ་རིགས་དཀར་ནག་གཉིས་མཉམ་དུ་བཏབ་ནས་སོ་ནམ་འདྲ་མཉམ་བྱས་ཀྱང་མི་ནོར་བར་འབྲས་བུ་སོ་སོར་འབྱུང་བ་འདི་རྣམས་ཀྱང་བསམ་ཤེས་ན་ལས་འབྲས་མི་བསླུ་བའི་དཔེ་རེད། ཁ་མིག་ཡར་བལྟ་བྱེད་ནས་སངས་རྒྱས་ཀུན་མཁྱེན་ཡེ་ཤེས་ལྡན་པའི་གསུང་ལ་མཉན་ཤེས་པར་བྱས་ན་རང་ལ་ཚེ་འདི་ཕྱི་གཉིས་ལ་ཕན་པའི་གདམས་ངག་གསུངས་པ་མ་གཏོགས་ཁོང་ལ་བྱས་པ་ལན་རེའི་དྲི་མ་གཏན་ནས་ཡོད་པ་མ་རེད། སངས་རྒྱས་དེས་གང་གསུངས་འདུག་ཟེར་ན།
རྒྱས་པའི་སྦྱིན་སྲེག་སྤྱི་ཁོག་ཆེན་མོ་ལས། རིན་ཆེན་མཛེས་པའི་བཟེད་ཞལ་སྣོད་བཟང་དུ། ཞལ་ཟས་གཙང་མ་བདུད་རྩི་ཕུད་སྦྱར་ནས། བདེར་གཤེགས་ཡེ་ཤེས་ལྷ་ལ་མཆོད་པ་འབུལ། ལྷ་རྣམས་གསོལ་ཞིང་སྒྲིབ་པ་མ་ལགས་ཏེ། མི་རྣམས་བསྲི་ཞུའི་ཚུལ་གྱིས་སྒྲིབ་པ་འབྱང་། སྒྲིབ་པ་བྱང་ནས་ཐུགས་རྗེས་བཟུང་དུ་གསོལ། ཐུགས་རྗེས་བཟུང་ནས་ལྷ་རྣམས་མཉེས་པར་སྨོན། བདེར་གཤེགས་ལྷ་ཚོགས་འཁོར་དང་བཅས་པ་ལ། སྦྱིན་སྲེག་ཡོངས་སུ་དག་པའི་མཆོད་པ་གྲངས་སྟོང་རྩ་གཅིག་པ་འདི་ཕུལ་བས། ཞལ་དུ་སྟོབས། སྐུ་ལ་ཐིམ། ཐུགས་མཆོག་གསལ། སྐུ་གསུང་ཐུགས་མཉེས་རབ་ཀྱི་མཆོག་དང་ལྡན་པར་གྱུར་ཅིག དེ་ལྟར་མཉེས་པའི་བྱིན་རླབས་ཀྱིས། བདག་དང་མཆོད་ཡོན་གྱི་བདག་པོ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད། ཚེ་རབས་ཐོག་མ་མེད་པ་ནས་དུས་འདི་ཕན་ཆད་ཀྱི་བར་དུ། སྡིག་པའི་ལས་ཅི་བགྱིས་པ་ཐམས་ཅད་དག་ཅིང་བྱང་བར་གྱུར་ཅིག དེ་ལྟར་དག་ཅིང་བྱང་ནས་ཀྱང་། འཇིག་རྟེན་འདིར་ཡང་མནོས་རྒུ་ནི་འགྲུབ། བསམ་རྒུ་ནི་འཕེལ་བར་གྱུར་ཅིག འཇིག་རྟེན་འདི་ནས་གནས་འཕོས་ནས་ཀྱང་། གཡུང་དྲུང་གི་བོན་གཉེན་པོ་འདི་ལ་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག སྟོན་པ་གཤེན་རབ་ཀྱི་ཞལ་ལྷང་ངེར་བལྟ་བར་གྱུར་ཅིག ཅེས་དང་། ལུང་དེ་ལས། མི་རྣམས་ཀྱང་གཡུང་དྲུང་གི་བོན་གཉེན་པོ་འདི་ལ། ཐོས་ཤིང་གོ་རིག་བརྡ་འཕྲོད་ཡིད་ཆེས་པར་གྱུར་ཅིག ཅེས་གསུངས་པའི་ཕྱིར། འདིར་རྒུ་ཞེས་པ་འདི་ལ་འབྲི་སྟངས་དགུ་བྱེད་པ་ཡང་ཡོད་ཀྱང་དོན་ནི་མང་ཚིག་སྟེ། བསམ་ཚད་དང་འདོད་ཚད། ཡོད་དགུ་ནི་ཡོད་ཚད་ལྟ་བུ་རེད། སྔར་གྱི་ལོ་རྒྱུས་དང་། སྔར་རབས་པའི་གཏམ་སོགས་ཚང་མ་བདེན་པ་དང་ཡག་པོ་རེད་ལབ་དཀའ་ན་ཡང་། དེ་ཡི་ནང་ན་ལེགས་ཆ་མང་པོ་ཡོད་དེ་རང་བཞིན་གྱིས་གོམས་གཤིས་ཐུན་མོང་མ་ཡིན་པ་རང་རེའི་ཡུལ་ན་ཡོད་པ་རེད། དཔེར་ན་མཁས་བླུན་གྱི་དོན་མ་ཡིན་པ། མི་རྒན་པས་བུ་ཆུང་རྣམས་ལ་མནའ་མ་བསྐྱལ། རྫུན་མ་ལབ། འབུ་སྲིན་དང་བྱ་བྱིའུ་མ་གསོད་སྡིག་པ་རེད་ལྟ་བུ་མང་པོ་དེ་ཚོ་རང་བཞིན་བཟང་པོ་རེད། ཡང་རྒན་པ་ཁ་ཅིག་གིས་བུ་ཆུང་རྣམས་ལ་དཔའ་མི་འདུག་ཕམ་ཁ་ཁུར་ངོ་ཚ་ཟེར་བ་སོགས་དང་། ཐ་མ་ཆང་རག་ཤོ་བག་རྐུ་ཇག་གི་ཚུལ་བསླབ་པ་དེ་ཤིན་ཏུ་ཐབས་སྡུག་གི་གཏམ་རེད།
གཞན་ཡང་མཆོད་སྦྱིན་རྒྱ་ཆེ་བྱས་པ་རྣམས་ཁྲོག་རླག་བྱས་སོང་མ་བསམ་པ་བདེ་བར་གཤེགས་པའི་གསུང་ལ་ཡིད་ཆེས་པར་གྱིས་དང་ཁྱེད་རྣམས་མི་བསླུ་ཐག་ཆོད་རེད། ཡིད་ཆེས་གྱིས། བློ་ཁོལ། ལུང་དེ་ཉིད་ལས། མཆོད་སྦྱིན་བྱས་པའི་ཕན་ཡོན་དང་སྨོན་ལམ་ནི། དེ་ལྟར་སྦྱིན་པ་ཡོངས་སུ་དག་པའི་མཆོད་པ་རྫས་ཕུན་སུམ་འཚོགས་པ་ཕུལ་བས། ཡེ་ཤེས་ཀྱི་ལྷ་རྣམས་ལ་ནི། ཡོན་བདག་གིས་གསོལ་མཆོད་ཀྱི་ཚུལ་གྱིས་གསོལ་ཞིང་མཆོད། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་ནི། ལན་ཆགས་གསོལ་མཆོད་ཀྱི་ཚུལ་དུ་ཕུལ་ཞིང་མཆོད། ངན་སོང་སྡུག་བསྔལ་གསུམ་གྱི་གནས་སུ་སྙིང་རྗེ་བུ་གཉེན་གྱི་ཚུལ་དུ་སྦྱིན་པ་བསྩལ་བས། བདག་དང་མཆོད་ཡོན་གྱི་བདག་པོ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ངན་སོང་གསུམ་གཏན་དུ་སྤང་བར་གྱུར་ཅིག བདུད་ཀྱི་སྡེ་རྣམས་ཞི་བར་གྱུར་ཅིག དུས་ཀྱི་འཁྲུགས་པ་དུམ་པར་གྱུར་ཅིག  མཚོན་གྱི་བསྐལ་པ་བརླག་པར་གྱུར་ཅིག  མི་དགེའི་ལས་ལ་ཡིད་མི་འདྲང་བར་གྱུར་ཅིག  འདོད་ཆགས་དབང་གིས་མི་དབང་བའི་ནོར་ལ་མི་སྤྱོད་པར་གྱུར་ཅིག  ཞེ་སྡང་དབང་གིས་བསད་བཅད་སྲོག་ལ་མི་འབག་པར་གྱུར་ཅིག  ང་རྒྱལ་དབང་གིས་བདེན་པའི་ཚིག་ལས་མི་འདའ་བར་གྱུར་ཅིག  ཕྲག་དོག་དབང་གིས་ཕ་ལོགས་ཀྱི་ཡོན་ཏན་ལ་མི་སྨོད་པར་གྱུར་ཅིག  གཏི་མུག་དབང་གིས་ལེ་ལོ་དང་བཏང་སྙོམས་མི་བྱེད་པར་གྱུར་ཅིག  མི་དགེའི་ལས་ལ་བརྩོན་ཆུང་ཞིང་དལ་བར་གྱུར་ཅིག  ཡང་དག་པའི་དོན་ལ་ཡིད་གཞུང་ཞིང་བློ་རྣོ་བར་གྱུར་ཅིག  གཡུང་དྲུང་བོན་གྱི་བསྟན་པ་དུས་གསུམ་དུ་མི་ལྡོག་པར་གྱུར་ཅིག  ཅེས་སོགས་སྨོན་ལམ་བཏབ་པའོ། །འདི་རྣམས་དོན་མེད་མ་བསམ། སངས་རྒྱས་ཀྱི་གསུང་ལ་བསླུ་བ་མེད་པ་དང་། དགེ་བ་ཅི་བྱས་ཐམས་ཅད་ཁྲོག་རླག་ཆུད་ཟོས་སུ་མི་འགྲོ་བ་ནི་བདེ་བར་གཤེགས་པས་གསུངས་པ་གོང་དུ་ཞུས་པ་དེ་རེད།
སྤྱིར་ན་དེང་དུས་ཤི་བ་ཟེར་བ་བར་སྣང་དུ་རླུང་ཞི་བ་ལྟ་བུ་རེད་སྙམ་པ་དང་། ལྷ་དང་འདྲེ་སོགས་ཀྱིས་འཁྲིད་འགྲོ་བ་ལྟ་བུ་གོ་རྒྱུ་འདུག་ཀྱང་། ངེས་པར་དུ་གང་ཟག་སུ་ཡིན་ཡང་ཉལ་བའི་དུས། ལུས་མལ་ས་ནས་མི་འགུལ་བར་རྨི་ལམ་བྱུང་དུས་ཀྱི་ཚོར་སྣང་ལ། སྐབས་འགར་དགའ་ནས་རྒོད་ཤོར། སྐབས་འགར་སྡུག་ནས་ངུ་ཤོར་བ་བྱུང་དུས་ཀྱི་ཚོར་སྣང་དེ་ཉིན་མོའི་དུས་རང་རང་གི་མྱོང་ཚོར་དེ་དང་ཁྱད་པར་མེད་པ་བྱུང་བ་དེ་ཡི་དུས་ལུས་མལ་ནས་མ་འགུལ་བར་སེམས་རྐྱང་པས་མྱོང་བ་ཡིན་པ་ཤེས་འདུག་མོད། དེ་ནི་ཤི་དུས་ལུས་བོར་ནས་སེམས་རྐྱང་པའི་སྟེང་གི་མྱང་བ་འབྱུང་བ་དེ་ངེས་པར་དུ་ཤི་བའི་རྣམ་ཤེས་ལ་མྱོང་ཚོར་འབྱུང་བའི་རྒྱུ་མཚན་ཡང་དག་རེད། དེ་ལ་བདེན་དང་མི་བདེན་པའི་ཐེ་ཚོམ་མེད་པ་རེད། དེ་དུས་མྱོང་ཚོར་དེ་རང་རང་གི་ལས་ཀྱི་རྗེས་སུ་འགྲོ་བ་མ་གཏོགས་གཡོ་ཟོལ་བྱེད་པའི་གནས་མེད་པ་རེད། དེ་དུས་རང་གིས་དགེ་སྡིག་གིས་ཕན་གནོད་འབྱུང་ངེས་མ་གཏོགས་ཞུ་ངོ་དང་ཕོ་ཤེད་ངོམ་ས་མི་འདུག  དེས་ན་ད་ལྟ་ཁྱོད་ཚོས་སེམས་བརྟན་པོ་དང་། ལས་འབྲས་ལ་བརྩི་འཇོག་དགེ་བ་ལ་མོས་འདུན་དང་ཡིད་ཆེས་གྱིས། ཁ་སྡིག་མ་བསགས། སྡིག་པ་ལ་འཛེམ་པར་གྱིས་དང་རང་ལ་ཕན་པ་འབྱུང་ངེས་ལགས་པས་ཐུགས་ལ་ཞོགས། 
འདི་ནི་སྨན་རི་བའི་སྡུག་ཁུར་བསྟན་འཛིན་རྣམ་དག་གིས་ཡུལ་གྱི་མི་ལ་ཤ་ཚའི་གཏམ་འཁྱལ་དུམ་བུ་ཞིག་ཡིན།
རང་ཡུལ་མེད་པའི་མི་རྒན་དེས་ཕུལ།། མེ་ལོང་ཡེ་ཤེས་དྲ་བ་ལས་དྲངས། ཐ་ཚན་མུ་ཙུག་སྨར་རོ།། །།

No comments:

Post a Comment