Wednesday, February 15, 2017

སྣར་སྐྱིད་ངག་དབང་དོན་གྲུབ།


༡༩༣༡-༢༠༡༧
༄༅། །ཉེ་ཆར་ཕྱི་ལོ་ ༢༠༡༧ ཟླ་ ཚེས་ ༡༣ ཉིན་དེ་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩེ་ཡིག་ཚང་གི་ལས་ཁུར་གནང་མྱོང་མཁན་དང་། བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་དང་ཚོགས་དྲུང་ལས་ཁུངས་གཉིས་ཀྱི་དྲུང་ཆེ་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་འདས་གྲོངས་སུ་ཕྱིན་རྗེས་ཁོང་ལ་རྗེས་དྲན་དང་། ཁོང་གི་སྐོར་རྩོམ་ཐར་རེ་ཐོར་རེ་འབྲི་མཁན་གང་འཚམས་ཞིག་བྱུང་དང་འབྱུང་བཞིན་འདུག་པ་ལྟར། ཁོ་བོས་ཀྱང་ཁོང་དང་འབྲེལ་འདྲིས་ཀྱི་བརྒྱུད་རིམ་དང་ཁོང་གིས་ཆེད་དུ་བྲིས་པ་དང་། ཕྱོགས་བསྒྲིགས་གནང་བ་སོགས་ཀྱི་དེབ་ཁག་ཅིག་ངོ་སྤྲོད་བྱེད་འདོད་བྱུང་། ཁོ་བོ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སློབ་གཉེར་བྱེད་བཞིན་པའི་གནས་སྐབས་ནས་ཁོང་གི་ལོ་རྒྱུས་དང་། ཁོང་གིས་གཏམ་བཤད་གནང་བ་སོགས་ཀྱི་སྐོར་ཁག་ཅིག་བརྒྱུད་ལམ་སོགས་ནས་ཤེས་རྟོགས་བྱུང་བ་དང་ཁོང་གི་སྐོར་ལ་དོ་སྣང་ཕྲན་བུ་བྱེད་མྱོང་།

ཕྱི་ལོ་ ༢༠༠༤ ལོར་ཁོང་དང་དངོས་སུ་ཐུག་འཕྲད་བྱུང་མྱོང་བ་དང་སྐབས་དེར་ཁོང་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཟུར་ཉན་ཞིག་ཏུ་ཕེབས་འདུག དེ་ནས་བཟུང་རྡ་སར་ཡོང་སྐབས་དུས་དུས་སུ་ཁོང་དང་ཐུག་འཕྲད་ཡོང་གི་འདུག་ཅིང་ཕན་ཚུན་ངོ་ཤེས་དང་འཚམས་འདྲི་ཞུ་རེས་ཙམ་བྱེད་ཀྱི་ཡོད། ཁོང་གིས་དར་ལྕོག་ལྟ་བུ་བཟོས་པའི་རས་གཞིའི་ཐོག་པར་བླངས་པ། བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ཅན། ཐོད་དེར་གཤིན་པོའི་ཁ་ཆེམས། གསོན་པོའི་རེ་འདོད། ཅེས་དང་། དཀྱིལ་དེར། བོད་ ཅེས་པ། གཤམ་དེར། རང་བཙན་སླར་གསོ། ཞེས་འཁོད་པའི་དར་རས་ཤིག་རྒྱབ་ཁུག་ནས་བཏོན་གནང་སྟེ་ངོ་ཤེས་འབྲེལ་འདྲིས་ཅན་རྣམས་ལ་ཕྱག་རྟགས་ལྟ་བུ་གནང་སྲོལ་འདུག ད་དུང་ཡང་གྲོས་ཚོགས་དང་བཀའ་ཤག་སོགས་ལ་འབུལ་རྒྱུའི་བསམ་འཆར་གྱི་ཡིག་ཆ་འགའ་ཞིག་ཀྱང་མཉམ་ཁུར་གྱིས་ངོ་བཤུས་རེ་ཟུང་ཡང་གནང་སྲོལ་ཡོད། ངོ་ཤེས་པ་ཞིག་གིས་གསུངས་ན། རྗེས་སུ་ཁོང་གིས་གཤིན་པོའི་ཁ་ཆེམས། གསོན་པོའི་རེ་འདོད། བོད། རང་བཙན་སླར་གསོ། ཡིན་ནའང་དབུ་མའི་ལམ་དེ་བཟང།ཟེར་བ་ཞིག་བྲིས་ཡོད་རེད་ཟེར། དེ་ངས་མཐོང་མ་སོང་།
༢༠༠༦ ལོར་ཁོ་བོ་སྤྱི་འཐུས་ཆགས་ཟིན་རྗེས་འབྲེལ་འདྲིས་ཆེ་ཙམ་བྱུང་བ་དང་ཁོང་དུས་ཁོམ་བྱུང་སྐབས་གྲོས་ཚོགས་སུ་ཟུར་ཉན་ལ་ཡང་ཡང་ཕེབས་ཀྱི་འདུག་པ་དང་། གྲོས་ཚོགས་མང་པོའི་རིང་བསམ་འཆར་ཡིག་ཐོག་ནས་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་གི་འདུག བསམ་འཆར་ནང་༸གོང་ས་མཆོག་གི་ཞལ་ནས་དམངས་གཙོ་ལས་མང་གཙོ་གསུངས་མྱོང་མེད་པ་དང་། གཞིས་ཆགས་ཁག་ཏུ་ས་གནས་ས་ཐོག་གི་སྤྱི་འཐུས་དགོས་གནས་སོགས་རེད་འདུག རེ་རེ་གཉིས་གཉིས་ནས་མ་དྲན། ༢༠༡༠ ལོར་ཨ་རིིའི་རླུང་འཕྲིན་ཁང་གི་བགྲོ་གླེང་མདུན་ལྕོག་ཅེས་པའི་ལེའུ་ཚན་ནང་ཁོ་བོས་ད་ལྟའི་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་ཆའི་སྐོར་གྱི་གལ་གནད་དང་། ས་གནས་ས་ཐོག་གི་སྤྱི་འཐུས་དགོས་གལ་མ་མཐོང་བའི་སྐོར་བཤད་པས་ཕྱི་ཉིན་ཁོང་གིས་ཞལ་པར་བཏང་སྟེ་ད་བར་ཁོང་གིས་ཨུ་ཚུགས་བསྐྱོན་གནང་བའི་ས་གནས་ས་ཐོག་གི་སྤྱི་འཐུས་དགོས་ཞེས་པ་དེའི་སྐོར་ད་ནས་མཚམས་འཇོག་བྱེད་ཀྱི་ཡིན། མདང་དགོང་ཁྱེད་རང་གིས་བཤད་པ་རྣམས་གོ་སོང། རྒྱུ་མཚན་གསལ་པོ་ཤེས་རྟོགས་བྱུང་སོང་ཞེས་གསུངས་ཀྱི་འདུག
ཁོང་དང་བཀའ་མོལ་བྱུང་བའི་བརྒྱུད་རིམ་ཁྲོད་ཁོང་ ༡༩༥༠ ང་གྲངས་ནང་རྒྱ་ནག་ཏུ་ཡོད་སྐབས་ཁྱུང་པོ་དཀར་རུ་དཔོན་ཚེ་དབང་སྟོབས་རྒྱལ་དང་། སྨོན་རྒྱལ་བླ་མ་ནམ་མཁའ་གྲགས་པ་རིན་པོ་ཆེ་སོགས་ངོ་ཤེས་བྱུང་མྱོང་བ་དང་དུང་ཡང་ང་ཚོའི་ཕ་ཡུལ་གྱི་བླ་དཔོན་མི་གྲགས་ཁག་འགའ་ངོ་ཤེས་སྐོར་གསུངས་ཀྱི་འདུག
ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པ་གྲུབ་ཟིན་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས་ངོས་ཀྱི་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག ཅེས་པའི་འབྲུ་ཚའི་ཡིག་གཟུགས་དེ་ཁོང་གིས་བྲིས་གནང་སོང་བར་ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱི་ཡིག་འབྲུ་ཁག་ཅིག་ལ་ཕྲན་བུའི་ལེགས་བཅོས་གནང་བ་ཞིག་རེད། སྐབས་དེར་ཁོང་གིས་༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་ཟིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་འཕྲིན་ལམ་ལྷོངས་དང་ཁ་དགེ་བཀྲ་ཤིས་ཡོང་བའི་རྟེན་འབྲེལ་མཚོན་ཆེད་དུ་ཡིན་གསུངས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཧིན་སྒོར་ ༡༢,༣༤༥། (ཆིག་ཁྲི་ཉིས་སྟོང་སུམ་བརྒྱ་བཞི་བཅུ་ཞེ་ལྔ།) ཕུལ་གནང་སོང་། ནམ་རྒྱུན་ཚོགས་དྲུང་ལས་ཁུངས་སུ་ཕེབས་སྐབས་ཁོ་བོའི་སར་ཆེད་ཕེབས་གནང་སྲོལ་ཡོད་པ་མ་ཟད། ཁོང་གིས་ཆེད་དུ་བྲིས་པ་དང་ཕྱོགས་བསྒྲིགས་གནང་བ་སོགས་ཀྱི་དཔེ་དེབ་རྣམས་ཀྱང་རིན་མེད་དུ་གནང་གི་ཡོད།
ཕྱི་ལོ་ ༢༠༡༤ ལོར་ཁོང་གིས་ཚིག་མཛོད་ཅིག་རྩོམ་སྒྲིག་གནང་བཞིན་ཡོད་སྐོར་དང་། ལྡི་ལི་བོད་ཁང་ནས་པར་སྐྲུན་གྱི་མཐུན་འགྱུར་གནང་འཆར་ཡོད་པས་གཡུང་དྲུང་བོན་དང་འབྲེལ་བའི་ཐ་སྙད་ཁག་གལ་ཆེ་ཆགས་ཀྱི་འདུག་ན་དེ་འབྲེལ་ཚིག་མཛོད་ཡོད་ཚེ་མཐུན་འགྱུར་རོགས་རམ་བྱ་ཐབས་དགོས་སྐུལ་བྱུང་བ་བཞིན་ཁོ་བོས་བོན་གྱི་ཤེས་རིག་ཚིག་མཛོད་ཅིག་གཡར་པོ་ཞུས་པ་དང་སྐབས་བསྟུན་གྱི་བསམ་འཆར་འགའ་ཡང་ཕུལ་བ་ཡིན།
ཕྱི་ལོ་ ༢༠༡༥ ལོའི་ཟླ་ ཚེས་ ༡༣ ཉིན་རྡ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་མེག་གྷན་ཉིན་སློབ་ཀྱི་ཚོགས་ཁང་ནང་བོད་ཀྱི་རྒྱལ་དར་སྐོར་ལ་གཏམ་བཤད་བྱེད་མཁན་གྲས་སུ་ཁོང་དང་། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར། ང་ཚོ་བཅས་འདུག་པ་ལྟར་སྐབས་དེར་ཁོ་བོས་གཏམ་བཤད་ཀྱི་སྙིང་དོན་དང་རྒྱལ་དར་གྱི་པར་རིས་བཅས་བརྙན་ཡོལ་བརྒྱུད་སྤྱན་འབུལ་དང་ལྷན་འགྲེལ་བརྗོད་ཞུས་པས་ཁོང་གིས་ངའི་བཤད་པ་རྣམས་ཡིག་ཐོག་ཏུ་ཡོད་ཚེ་ངེས་པར་དུ་དགོས་འདུག་པ་མ་ཟད། འགའ་ཞིག་ལ་ཉམས་ཞིབ་གནང་རྒྱུ་ཡིན་གསུངས་པ་ལྟར་ཕུལ་བ་དང་། ཁོང་གིས་བོད་ཀྱི་རྒྱལ་དར་ཤོག་ཐོག་ཏུ་པར་བ་ཞིག་བསྩལ་གནང་བྱུང་བ་བཅས་ཡིན། ཁོང་སྐུ་གཤེགས་པར་མྱ་ངན་གུས་འདུད་ཞུ།
སྤྱིར་བཏང་ཁོང་གིས་ཁོ་བོར་གནང་བའི་དེབ་རིགས་ཁག་ཅིག་ད་ལྟ་ངའི་སར་ཡོད་པ་གཤམ་གསལ།
༡།       ༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་སྙིང་བསྡུས།
༢།       རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྗེས་དུས་དྲན་རྣམ་གྲངས་ཀྱི་ཆ་ཤས།
༣།      འཛམ་གླིང་ཞི་བདེར་སྨན་པའི་འགྲོ་བ་མི་ཡི་ཐབས་ལམ།
༤།      ༸གོང་ས་མཆོག་དགུང་གྲངས་ ༡༡༣ བཞུགས་རྒྱུ།

༥།      འཕགས་བསྟོད་ཕན་བདེའི་ཆར་འབེབས།

No comments:

Post a Comment