Wednesday, August 2, 2017

བོད་ཀྱི་མགུལ་ལྷ་བཅུ་གསུམ།



ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།

གནའ་དཔེ་ << སྲིད་པའི་ལྷ་རྒོད་དྲག་བདར་ >> གྱི་དགོངས་དོན་གཞིར་གཞག་ལྟར་བོད་ཀྱི་མགུལ་ལྷ་བཅུ་གསུམ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས། སྤུ་རྒྱལ་བཙན་པོ་དང་བཅུ་གསུམ་བཅས་དཔྱད་བསྡུར་བྱས་ཏེ། མགུལ་ལྷ་རེ་དང་རྒྱལ་ཕྲན་རེ་གནས་ཡུལ་ད་ལྟ་དངོས་བཅས་ཀྱི་ངོས་འཛིན་སྐོར་སྲིད་པའི་ལྷ་རྒོད་དྲག་བདར་དཔེ་གཞུང་གྱི་གོ་རིམ་བཞིན་འགོད་དེ།

༡) མགུལ་ལྷ་ནི། ལྷ་རྒོད་དྲག་བདར་ལས། “ཡུལ་ནི་ཁ་ལེ་གཙང་སྟོད་ན། །གཙང་ལྷ་ཕུ་དར་གཉན་པོ་ནི། །” ཞེས་དང་། “གཙང་སྟོད་གཉན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་ཁ་ལ་རྩང་སྟོད་རྩང་གི་དངོ་མཁར་གྱྀ་ནང་ནའ། ལྷ་རྩང་ལའི་བྱེའུ། རྗེ་རྩང་རྗེའི་ཕྱྭའ།  བློན་པོ་སུ་དུ་དང་གནང་། ཁོལ་རྩང་ཀོལ་རེའུ་རྫྀ། རྟ་རྩང་རྟ་དགོལ་ལོང་ལེགས་པའ་དང་བརྒྱ་སྟོང་རེ་ཐམ་འབའ། །” ཞེས་དང་།
གནས་ཡུལ་དངོས་ནི། གཙང་སྟོད་ཞེས་དེང་ངམ་རིང་དང་བཞད་མཐོང་སྨོན་དང་རྣམ་གླིང་རྫོང་ཁོངས་སུ་ཡིན་པར་འདུག
༢) མགུལ་ལྷ་ནི། དྲག་བདར་ལས། “ཡུལ་ནི་ཡར་ལུང་སོ་ཀ་ན། །ཡར་ལྷ་ཤམ་པོ་གཉན་དགུ་ནི། །” ཞེས་དང་། “ཡར་ལུང་སྟོད་ཀྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་དང་མཁར་དུ་བཅས་པ་སོ་སོ་ཡུལ་བདེ་(སྡེ)བཞི་ལས། སྤུ་རྒྱལ་བོན་གྀ་བཙན་པོ་ལྡེའུ་རྒྱལ་པོ་ཐོད་རྒྱལ་བྱུང་སྟེ། ལ་ལའྀ་མཆྀད་ནས་ནི་རྒྱལ་ཕྲན་བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆྀ། མྱྀ་གཏོག་ཤེས་ཀྱང་མཆྀ། བཙན་པོའྀ་གདུང་རབས་ཀྱྀ་ཁུངས་སྨོས་པའ། གནམ་དགུང་གྀ་སྟེང་ན། ལྷ་ཀུ་(སྐུ)སྤྱྀ་སེར་བཞིས་བརྒྱྀ་བའ། མ་སངས་ཐམ་ཅད་གྀ་བདག་པོ། སྲྀད་པ་ཀུན་ལ་མངའ་ཆེ་མཛད་པའ། ཕྱྭའྀ་གཡང་ཕྱྭ་ལགས་ཤེས་ཀྱང་མཆི། རྣམ་(པ)གཉྀས་སུ་ནྀ་གདོལ་པར་ཤ་ཟའྀ་རྀགས། རྒྱལ་པོ་གདོང་དམར་གྱྀ་རྀགས། གངས་རྀ་བྱུན་ཀོར་གྱྀ་ནྀ་བདག་པོ། གནོད་སྤྱིན་(སྦྱིན)ཛ་ཞེས་བགྱྀ་བའྀ་རྀགས་ལགས་ཤེས་ཀྱང་མཆི། རྣམ་གསུམ་དུ་ནྀ་གནམ་རྀམ་པ་བཅུ་གྱྀ་སྟེང་ན། ཁྲྀ་བར་བདུན་ཚྀག།ཤེས་བགྱྀ། གནམ་གྀ་ལྷ་ལས། ས་ག་དོག་དྲུག་དུ། འགྲེང་འགོ་ནག་གྀ་རྗེ་མྱེད་གྀ་རྗེ། དུད་རྔོག་ཆག་བླ་མྱེད་ཀྱྀ་བླར། བློན་པོ་ལྷོ་རྔེགས། བོན་པོ་མཚེ་གཅོ། ཕྱག་ཚང་ཤ་སྤུག་མྱྀ་རྗེ་བདུད། དུ་བརྒྱྀས་ནས།  ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆྀ། གང་ལགས་ཀྱང་མྱི་མངོན་(ཏེ)གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ། །” ཞེས་སོ། །དེ་ལྟར་བོད་ཀྱི་ལོ་རྒྱུས་ཁག་གི་ནང་དུ། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ། གྲོང་ལ་སྔ་བ་ཕྱི་དབང་གྲོང་ཚོ། མཁར་ལ་སྔ་བ་ཡུ་མོ་བརླ་མཁར། ཞེས་གྲགས་ལ། བོན་གྱི་ལོ་རྒྱུས་བསྟན་འབྱུང་ལས། “རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང་། གཤེན་ལ་སྔ་བ་སྣང་བ་མདོག་ཅན་དང་།  བོན་ལ་སྔ་བ་གསང་སྔགས་སྤྱི་སྤུངས་དང་། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་དང་། མཁར་ལ་སྔ་བ་ཕྱིང་བ་སྟག་རྩེ་ཞེས། སྔ་རབས་བོད་ཀྱི་གཏམ་དུ་གྲགས་པ་ཡིན། །” ཞེས་སོ། །
གནས་ཡུལ་དངོས་ནི། དེང་ལྷོ་ཁ་ཁུལ་སྣེ་གདོང་རྫོང་དང་འཕྱོང་རྒྱས་རྫོང་ཁུལ་ཡིན་པ་རྟོགས་སླ།
༣) མགུལ་ལྷ་ནི། དྲག་བདར་ལས། “ཡུལ་ནི་སྟོད་ལུང་རལ་གསུམ་ན། །སྟོད་ལྷ་ཟེ་ཟེ་གཉན་པོ་ནི། །” ཞེས་དང་། “སྟོད་རྗེ་གཉན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་སྟོད་རོ་ལུང་གསུམ་ན། སྟོད་ལྷའི་ཟེ་རྗེ། སྟོད་རྗེ་འབྲོང་ལོམ། རྟ་སྣར་འབྲང་དང་བརྒྱ་སྟོང་རེ་ཐམ་འབའ། །” ཞེས་སོ། །
གནས་ཡུལ་དངོས་ནི། དེང་སྟོད་ལུང་རྫོང་ཁོངས་སུ་ཡིན་པ་གོ་སླ།
༤) མགུལ་ལྷ་ནི། དྲག་བདར་ལས། “ཡུལ་ནི་སྐྱིད་རོ་ལྗང་སྔོན་ན། །སྐྱི་ལྷ་བྱ་རྨང་གཉན་པོ་ནི། །” ཞེས་དང་། “སྐྱི་རྗེ་གཉན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་སྐྱི་རོ་ལྗང་སྔོན། མཁར་སྐྱི་མཁར་ཟོ་ཡོང་སྔོན་འབུའི་ནང་ནའ། ལྷ་སྐྱིབས་ལྷ་བྱ་མངས་ངས། རྗེ་སྐྱིད་རྗེའི་རྨང་པོ། ཤུའུ་དང་སྤུག རྟ་སྐྱི་རྟ་སྐྱ་མ་ལན་ཀར་དང་བརྒྱ་སྟོང་རེ་ཐམ་འབའ། །” ཞེས་སོ། །
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། “སྔ་རབས་ཀྱི་ཡིག་ཆ་རྙིང་པ་མང་པོའི་ནང་སྐྱི་ཆུ་ཞེས་བྲིས་ཡོད་པ་མ་ཟད། འབྲི་གུང་ནས་ཆུ་ཤུལ་བར་གྱི་ས་གནས་དེར་ལྷ་ས་ཞེས་མིང་མ་ཐོགས་གོང་དུ་རུས་མིང་སྐྱི་ཡིན་པའི་ཚོ་བ་རྣམས་གནས་སྡོད་བྱེད་སའི་ས་གནས་ཡིན་པས་སྐྱི་ཤོད་དང་། དེའི་རྒྱུད་དུ་འབབ་པའི་གཙང་པོ་ལ་སྐྱི་ཆུ་ཞེས་འབོད་པ་ཡིན། ཞེས་དེང་མལ་གྲོ་གོང་དཀར་དང་སྟག་རྩེ་དང་ཆུ་ཤུར་རྫོང་ཁོངས་སུ་ཡིན། །” ཞེས་སོ། །
༥) མགུལ་ལྷ་ནི། དྲག་བདར་ལས། “ ཡུལ་ནི་དབྱི་མོ་ཡུལ་དྲུག་ན། །དབྱི་ལྷ་སྤྱི་གསང་གཉན་པོ་ནི། །” ཞེས་དང་། “སྤྱི་རྗེ་གཉན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་དབྱེ་མོ་ཡུལ་དྲུག་ནའ། རྗེ་དབྱེ་རྗེ་མཁར་པའ། ལྷ་དབྱེ་བླ་སྤྱི་བསང། ཕོ་གུམ་དང་ཕོག་རོལ། དབྱེ་རྟ་ཐང་མངས་དང་བརྒྱ་སྟོང་རེ་ཐམ་འབའ། །” ཞེས་སོ། །
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། “ འདི་ལ་སྔར་གྱི་ཡི་གེ་རྙིང་པའི་ནང་དབྱེ་དང་ཨེ། གཡེ་བཅས་བྲི་སྟངས་མི་འདྲ་བ་གསུམ་འདུག་ཅིང་། དོན་དུ་དེང་སང་ཨེ་ཟེར་བ་དེ་ཡིན་ནམ་སྙམ། (སྦྲ་ཆེན་རྫོང་ཁུལ་དུ་དབྱིག་ཆེན་རམ་རྔམ་ཞེས་པའི་ཡུལ་ལྷ་ཞིག་ཡོད་མོད། དེ་ལྷོ་ཁ་ཁུལ་དེ་དག་པར་སྙམ།) གཡེའི་གངས་བར་ཡུར་གོང་། དེང་སང་ཨེ་དང་གཉལ། དྭགས་གསུམ་ཟེར་བའི་ཨེ་དེ་ལ་སྔར་གྱི་ཡིག་རྙིང་དུ་གཡེ་འབྲི་སྲོལ་འདུག གངས་བར་ཡུར་གོང་ནི་གཡེའི་གངས་རིའི་ཞོལ་དུ་ཡོད་པའི་ཞིང་གྲོང་ཆུང་ངུ་ཞིག་ཡིན་པར་སྣང་། །” ཞེས། དེང་ལྷུན་རྩེ་དང་ཆུ་གསུམ་སྣང་རྫོང་བཅས་ཀྱི་ཁུལ་དུ་ཡིན་པར་སྣང་ངོ་། །
༦) མགུལ་ལྷ་ནི། དྲག་བདར་ལས། “ཡུལ་ནི་འོལ་ཡུལ་འོལ་མཁར་ན། །ལྷ་ནི་འོལ་རྒྱལ་ལྷ་བཟང་སྟེ། །” ཞེས་དང་། “འོལ་མཁར་གཉན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་འོ་ཡུལ་གྱི་སྤང་གར་ན། རྗེ་འོལ་རྗེའྀ་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས། །” ཞེས་སོ། །
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས།འོལ་ཕུ་སྤང་མཁར། འདི་འོལ་ཁ་རྒྱུད་ཀྱི་ས་ཆ་ཞིག་གི་མིང་ཡིན། །” ཞེས། འོལ་ཁ་ཞེས་ལྷོ་ཁ་ཆུ་གསུམ་རྫོང་གི་གཡས་གཡོན་ཞིག་ལ་ངོས་འཛིན་གནང་འདུག འོ་ལྷ་རྒྱལ་བཟང་ཞེས་པའི་ཡུལ་ལྷ་དེ་ནི་རྣམ་གླིང་རྫོང་ཁོངས་བོན་དགོན་རུ་ལག་གཡུང་དྲུང་གླིང་གི་རྒྱབ་རི་དེ་ཡིན་པ་གསལ་བར་གསུངས། །
༧) མགུལ་ལྷ་ནི། དྲག་བདར་ལས། “ཡུལ་ནི་ནུབ་ཡུལ་གླིང་དྲུག་ན། །ནུབ་ལྷ་རྟེན་དྲུག་གཉན་པོ་ནི། །” ཞེས་དང་། “ནུབ་རྗེ་གཉན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་གནུབས་གྱྀ་གླིང་དགུའ་ན། རྗེ་བནུབས་རྗེའྀ་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས། །” ཞེས་སོ། །
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། “གནུབས་ཡུལ་གླིང་དགུ། འདི་གཙང་གི་རོང་རིན་སྤུངས་ས་ཁུལ་དུ་ཡིན། །ཞེས། སྣུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ལོ་རྒྱུས་ནང་གསལ། །” ཞེས་གསུངས་མོད། ཡིག་རྙིང་འགའ་ཞིག་ལས། ནུབས་ཡུལ་དག་གི་མཚམས་ཤེད་ན། ཞེས་འཁོད་ཡོད་པས་གནུབས་ཡུལ་ནི་དྭགས་པོ་དང་འབྲེལ་བའི་ས་མཚམས་ཤིག་ཡིན་པར་སྙམ་ཞིང་ལྷུན་རྩེའམ་ཆུ་གསུམ་རྫོང་གི་གཡས་གཡོན་གྱི་ཁུལ་ཞིག་མིན་ནམ་སྙམ། །
༨) མགུལ་ལྷ་ནི། དྲག་བདར་ལས། “ཡུལ་ནི་ཐང་ཡུལ་རལ་གསུམ་ན། །གཉན་ཆེན་ཐང་ལྷ་ཡར་བཞུགས་ནི། །” ཞེས་དང་། “ཅོག་རོ་གཉན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་འབྲོག་མོ་རྣམ་སུམ་ན། རྗེ་སེ་རེ་ཁྲི། བློན་པོ་སྐྱང་རེ་གནག །” ཞེས་སོ། །
གནས་ཡུལ་དངོས་ནི། འབྲོག་མོ་རྣམ་གསུམ་ནི་འབྲི་གུང་ཆེ་ཚང་དང་གཡང་མོ་མཚོ་སོགས་ཀྱིས་ཡར་འབྲོག་གཡུ་མཚོའི་སྐོར་ལ་ཡིན་པའི་ངོས་འཛིན་གནང་མོད་དོན་དུ་འདམ་གཞུང་རྫོང་ཁོངས་སུ་ཡིན་པ་སྣང་། ཁོ་བོས་དཔྱད་ནས་ཡར་འབྲོག་ཞེས་པ་ཡར་ཀླུང་བཙན་པོའི་འབྲོག་ས་དང་། ཐང་ཡུལ་རལ་གསུམ་ཞེས་གཉན་ཆེན་ཐང་ལྷའི་རྒྱུད་ཀྱི་ཁུལ་ནི་བྱང་འབྲོག་དངོས་ཀྱི་ས་ཡིན་པས་འབྲོག་མོ་རྣམ་གསུམ་ཞེས་མིང་དོན་མཚུངས་པར་འདོད། །
༩) མགུལ་ལྷ་ནི། དྲག་བདར་ལས། “ཡུལ་ནི་རྔག་ཡུལ་གླིང་དྲུག་ན། །རྔག་ལྷ་རྟན་དྲུག་གཉན་པོ་ནི། །” ཞེས་དང་། “རྔག་རྗེ་གཉན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་རྔེགས་ཡུལ་སེ་མོ་གྲུ་བཞི། ལྷ་རྔེགས་ལྷ་བྱར་སངས། རྔེགས་རྗེའི་ལྀན་འབྲང་། བློན་པོ་སམ་པ་དང་སམ་པོད། རྟ་རྔེགས་རྟ་སྔོ་མ་གཞུང་བཀྲའ་དང་བརྒྱ་སྟོང་རེ་ཐམ་འབའ། །” ཞེས་སོ། །
གནས་ཡུལ་དངོས་ནི། གཉའ་ཁྲི་བཙན་པོའི་ཞིབ་འཇུག་ལས། རྔེགས་ནི་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་བློན་པོ་དང་གཉགས་ཞེས་པའི་རུས་དང་གཅིག་ཏུ་འབབ་ཚུལ་བཤད། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས་ལས། དྭགས་ཀོང་མཚམས་སུ་རྟག་རྒྱབ་འདུག་ཅིང་སྣང་རྫོང་ཁུལ་ལའང་གཉགས་གྲོང་ཚོ་ཞེས་འདུག་པར་བདེན་སྙམ། །
༡༠) མགུལ་ལྷ་ནི། དྲག་བདར་ལས། “ཡུལ་ནི་དག་ཡུལ་དབྱི་སྣང་ན། །དག་སྣ་གཉན་ཆེན་སྒམ་པོ་ནི། །” ཞེས་དང་། “དག་རྗེ་གཉན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་དགས་ཀྱི་གྲུ་བཞི་ན། རྗེ་དགས་རྒྱལ་གྱྀ་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས།”  ཞེས་སོ། །
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། “དྭགས་ཡུལ་གྲུ་བཞི། དྭགས་པོ་ཁུལ་གྱི་ས་ཆ་ཞིག་གི་མིང་ཡིན་ནམ་སྙམ། །” ཞེས་དྭགས་པོ་ཁུལ་ནི་དེང་རྒྱ་ཚ་རྫོང་དང་སྣང་རྫོང་ཁུལ་ཡིན་པར་སྣང་།
༡༡) མགུལ་ལྷ་ནི། དྲག་བདར་ལས།ཡུལ་ནི་ཆིབས་ཡུལ་གོང་གསུམ་ན། །ཆིབ་ལྷ་བྱང་རྨང་གཉན་པོ་ནི། །” ཞེས་དང་། “ཆིབས་རྗེ་གཉེན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་མཆིམས་ཡུལ་དགུ་ཡུལ་ན། ལྷ་མཆིམས་ལྷའི་ཐན་འཚོ། རྗེ་མཆིམས་རྗེ་ནེའུ། བློན་པོ་དང་དང་།  དིང་དིང་གཉིས། མཆིམས་རྟ་སེའུ་གད་ལ་བར་དང་བརྒྱ་སྟོང་རེ་ཐམ་འབའ། །” ཞེས་སོ། །
གནས་ཡུལ་དངོས་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། “མཆིམས། སྔར་བོད་ཀྱི་རིགས་རུས་ཤིག་དེའི་གནས་ཡུལ་གཙོ་བོ་ནི་དེང་སྐབས་བོད་རང་སྐྱོང་ལྗོངས་གྲ་ནང་རྫོང་ཁོངས་མཆིམས་ཞེས་པའི་ལུང་པའོ། །” ཞེས་སོ། །
༡༢) མགུལ་ལྷ་ནི། དྲག་བདར་ལས། “ཡུལ་ནི་མྱང་ཡུལ་ཤིང་ནག་ན། །མྱང་ལྷ་ཕུ་དར་གཉེན་པོ་ནི། །” ཞེས་དང་། “མྱང་བཙན་གཉེན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ ཡུལ་མྱང་ཡུལ་ཤིང་ནག་ནའ། ལྷ་མྱང་ལྷའི་བོ་མོ། རྗེ་མྱང་ཙུན་གྱི་རྒྱ་པོ། རྟ་མྱང་རྟ་ནག་བྲའ་དང་བརྒྱ་སྟོང་རེ་ཐམ་འབའ། །” ཞེས་སོ། །
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། “ཉང་ཆུ། བོད་ལྗོངས་ཀོང་པོ་ས་ཁུལ་གྱི་ཆུ་བོའི་མིང་སྟེ། སྔར་བོད་ཀྱི་ཉང་ཞེས་པའི་རུས་རྒྱུད་ཚོ་བ་སྡོད་ཡུལ་གྱི་དབང་གིས་ས་ཆའི་མིང་ལ་བརྟེན་ནས་བཏགས་པའི་ཆུ་ཀླུང་ཞིག །” ཞེས་དེང་ཀོང་པོ་རྒྱ་མདའ་རྫོང་ཁུལ་དུ་ཡིན། །
༡༣) མགུལ་ལྷ་ནི། དྲག་བདར་ལས། “ཡུལ་ནི་དྲང་ཡུལ་དྲང་སྟོད་ན། །དྲང་ལྷ་དྲང་རྗེ་གཉེན་པོ་ནི། །” ཞེས་དང་། “དྲང་རྗེ་གཉེན་གྱི་ལྷ་རུ་ཆེ། །” ཞེས་སོ། །
རྒྱལ་ཕྲན་ནི། ཏུན་ཧོང་ཡིག་རྙིང་ལས། “ཡུལ་སྲིབ་ཡུལ་གྱི་རལ་མོ་གོང་ན། རྗེ་དྲང་རྗེ་རྣོལ་ནམ། བློན་པོ་ཞུག་ཚམས་དང་། དབྲད་གཉིས། །” ཞེས་སོ། 
གནས་ཡུལ་དངོས་ནི། དུང་དཀར་ཚིག་མཛོད་ལས། “སྲིབས་ཡུལ་གྱི་རོལ་མོ་གོང་། འདི་ལ་ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་ལོ་རྒྱུས་ནང་ཀྲི་ཎའི་རོལ་མོ་གོང་ཞེས་གསལ་བ་ལྟར། དེང་སྐབས་ལྷོ་ཁ་སྣེ་གདོང་རྫོང་ཁོངས་འཇུ་ཆུས་ལ་ཀྲི་ཎ་ཟེར་བའི་ལུང་པ་གཅིག་དང་། འཕྱོས་ཆུས་ལ་རོལ་མོ་སྒང་ཟེར་བའི་གྲོང་ཚོ་གཅིག་བཅས་འདུག་པ་དེ་གཉིས་བསྡོམས་པའི་མིང་ཡིན་ནམ་སྙམ། །” ཞེས་གསུངས། གོང་དུ་དྲང་ཡུལ་དྲང་སྟོད་དང་སྲིབ་ཡུལ་དང་གཅིག་པ་ཡིན་པ་ནི་དྲང་རྗེ་ལ་ལྟོས་ཏེ་ཧ་གོ་བར་སྣང་ངོ་། །
ཞར་བྱུང་དུ། རྒྱལ་ཕྲན་སིལ་མའི་ཡུལ་དངོས་ལ་ངོས་འཛིན་བྱེད་པར་ཧ་ཀྱང་སྨན་པའི་བོད་ཡུལ་དབུས་གཙང་རུ་བཞི་ལ་འདུལ་བའི་འདུས་སྡེའམ་འདུ་གནས་སོ་བདུན་དང་དེའི་ངོས་འཛིན་བཅས་མཁས་དབང་དཔལ་ཚུལ་གྱིས་གསུངས་པར་འདི་ལྟར་ཏེ། དང་པོ་འདུ་གནས་སོ་བདུན།
དབུ་རུ་ན་བཅུ་གསུམ་ཡོད་དེ།  འདམ་ཤོད་སྣར་མོ་ནི་གཉན་ཆེན་ཐང་ལྷའི་མདུན་འདམ་གཞུང་།  ངན་ལམ་རལ་གསུམ་ནི་བསམ་ཡས་ནས་སྐྱིད་ཤོད་དུ་ཡོང་བའི་བར། འཕན་ཡུལ་བྲག་དཀར་ནི་དབུ་རུའི་བྱང་ངོས་འཕན་པོའི་ནང་། མལ་དྲོ་ར་བ་ནི་དབུ་རུའི་ཤར་ལྷོའི་ཕྱོགས་མལ་དྲོའི་(གྲོ)ས། མཆིམས་ཀྱི་བྲག་དམར་ནི་བསམ་ཡས་མཆིམས་ཕུ། ཧས་པོ་རི་ཐང་ནི་བསམ་ཡས་ཧས་པོ་རིའི་གཞུང་། ལྷ་ས་ཡེར་པ་ནི་སྐྱིད་ཆུའི་རྒྱུད་ལྷ་སའི་གཞུང་། གནམ་གྱི་རེ་གོང་ནི་དབུ་རུའི་ནང་ལྷ་ས་དང་ཆུ་ཤུལ་བར་སྐྱིད་ཆུའི་ལྷོའི་ཆུ་འགྲམ། གནམ་མཚོ་དོ་རིང་ནི་གོ་སླ། སྟོད་རོས་ལུང་གསུམ་ནི་སྟོད་ལུང་ནང་། སྐྱིད་ཤོད་ལུང་ནག་ནི་སྐྱིད་ཤོད་ལྷོ་རྒྱུད། རེ་རྐྱང་ཤ་མཐའ་ཁ། མདོག་གུང་རྒྱལ་མོ་ཁ་གཉིས་ཀྱང་དབུ་རུ་ནང་།
གཡོ་རུ་ན་བདུན་ཡོད་དེ། འོལ་ཁ་ཤུག་གཅིག་ནི་འོལ་དག་མཚམས། ཉང་ལུང་ཤིང་ནག་ནི་བྲག་གསུམ་ནང་། གཡེ་ལུང་གོང་བར་ནི་ཨེ་དག་གི་མཚམས། རྐོང་ཡུལ་བྲེ་སྣ་ནི་རྐོང་པོ་བུ་ཆུའི་གཞུང་། ཡར་ལུང་སོག་ཁ་ནི་ཡར་ལུང་ལྷ་རིའི་གནས། ཟླུམ་ཤོད་ཐང་དམར་ནི་ཡར་ལུང་གཙང་པོའི་མདོ། མ་དྲོ་མཚོ་ཤོད་ནི་ལྷོ་ཁ་སྨད་མཚོ་སྣ་ཕྱོགས་ཉེ།
གཡས་རུ་ལ་བརྒྱད་ཡོད་དེ། འོ་ཡུག་ས་ནག་ནི་འོ་ཡུག་སྟོད། ཤངས་ཀྱི་ཞོང་ཞོང་ནི་ཤངས་ནང་གི་གནམ་གླིང་གི་འགྲམ། བྲུད་ཀྱི་མཁར་གདོང་ནི་ཐོབ་རྒྱལ་མཁར་སྣ། རྟ་ནག་རྐྱང་ཕུ་ནི་རྟ་ནག་འཇེད་ཕྱོགས་ཕུག་བརྔས་པའི་ལུང་ཕུ། འཇེད་ཀྱི་རྒྱང་མཁར་ནི་མཐོང་སྨོན་ཕྱོགས། རྟ་ཕུ་དྲོས་ལྷས་ནི་མུས་ཀྱི་ཕུ་བྱང་འབྲོག་མཚམས། གཙང་གི་གྱེར་ཕུག་ནི་མདོག་གཞུང་གི་ཕུག ཟང་ཟང་ལྷ་བྲག་ནི་གཙང་པོའི་བྱང་རྒྱུད་ཟང་ཟང་ལྷ་གཉའ་བྲག རུ་ལག་ན་དགུ་ཡོད་དེ། ཉང་སྟོད་སྟག་ཚལ་ནི་ཉེ་རོ་ལུང་པའི་ཕུ། ཆུ་འགོ་སྟག་རིང་ནི་ཆུ་མིག་རིང་མོ་ཟེར་ཏེ་གཞིས་རྩེའི་ལྷོ། མཁར་ཆེན་བྲག་དཀར་ནི་དེ་ནས་འབྲིག་མཚམས་ཕྱོགས་འགྲོ་ལམ་ཡོད་དེ་དེང་སང་བྲག་དམར་ཟེར། མཚོ་རྔ་དྲིལ་ཆུང་ནི་འབྲིག་མཚམས་བྱང་ཁར་ཡོད། གཉེན་རྩེ་ཐང་ཤོད་ནི་དེའི་ནུབ་ཉེ་བར་དུ་བླ་མ་གཤེན་གྱི་བཞུགས་གནས། གྲམ་པ་ཁ་འུ་ནི་ས་སྐྱའི་ཡར་གྲམ་པའི་ལུང་ནང་། རག་ཟ་ཐང་ཟླུམ་ནི་གྲམ་པ་དང་མང་མཁར་གཉིས་བར་བྱེ་བྲག་ཅིག་ཡིན་ཚོད་དེ་དཔྱད། མང་མཁར་མདོ་ཕུག་ནི་གཙང་པོའི་ལྷོ་ཕྱོགས་མང་མཁར་ལུང་པའི་མདོ་ལྕགས་འཕྲང་ཕུག་མོ་ཆེ། ལྷ་ཡུལ་གུང་ཐང་ནི་མང་ཡུལ་གུང་ཐང་ཞེས་ཏེ་ལ་སྟོད་རྩེ།
ཞེས་གསུངས་པས་འདི་ནི་རྒྱལ་ཕྲན་སིལ་མའི་ཁོངས་གཏོག་བོད་བཙན་པོའི་སྐབས་ཀྱི་བོན་གྱི་འདུ་གནས་ཤ་སྟག་ཡིན་པར་དཔྱད་གཞིའི་རིན་ཐང་གལ་ཆེན་བ་ཞིག་རེད་འདུག་པས་འདིར་བཀོད་པ་ཡིན་ནོ། །
དེ་ལྟར་བོད་བཙན་པོའི་གོང་དུ་བྱུང་མྱོང་ཡོད་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཞེས་ཡོངས་སུ་གྲགས་མོད། དོན་དུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དེ་གཏན་ཁེལ་གང་ཡིན་མིན་དབྱེ་དཀའ་བར་འདུག་སྟེ། ཏུང་ཧོང་ཡིག་རྙིང་ལས། རྒྱལ་ཕྲན་སིལ་མའི་སྐོར་ཁོ་བོས་ཐོང་བ་གཉིས་ཙམ་འདུག་པར་གྲངས་ཀ་བཅུ་དྲུག་ཅན་དང་བཅུ་གསུམ་ཅན་སྣ་ཁ་གཉིས་ཙམ་འདུག་ཅིང་མདོར་ནས་དེ་ཚོ་མ་འདྲ་བ་ཉི་ཤུ་ཐམ་པ་འདུག
ལྡེའུ་ཆོས་འབྱུང་ལས། རྒྱལ་ཕྲན་བཅུ་གཉིས་དང་རྒྱལ་ཕྲན་སིལ་མ་བཞི་བཅུ་རྩ་གཉིས་ཞེས་གསུངས་མོད་དོན་དུ་མདོར་ན་བཅོ་ལྔ་འཁོད་འདུག
ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཞེས་གསུངས་མོད་མདོར་ན་བཅུ་བཞི་འཁོད་འདུག
དེ་ལྟར་ཆོས་འབྱུང་གཉིས་ལ་རྒྱལ་ཕྲན་བཅུ་གཉིས་ཏག་ཏག་རྩིས་ཤིང་། གཉིས་སམ་གསུམ་ནི་མར་རྒྱལ་ཕྲན་བཞི་བཅུའི་ཁོངས་སུ་རྩིས་མོད། ཏུན་ཧོང་ཡིག་རྙིང་ལྟར་ན་རྒྱལ་ཕྲན་བཅུ་གཉིས་དང་བཞི་བཅུའི་དབྱེ་བ་གསལ་པོ་མེད་པ་ནས་ཡང་སྙིང་གཏན་ཁེལ་གྱི་རྒྱལ་ཕྲན་བཅུ་གཉིས་ཞེས་ལོགས་སུ་དབྱེ་དཀའ་བར་འདུག
དེས་ན་བོད་ཀྱི་མགུལ་ལྷ་བཅུ་གསུམ་ཞེས་པའི་རྒྱབ་རི་ཡུལ་ལྷ་ནི་བོད་ཡུལ་ཀྱི་དམིགས་གསལ་གྱི་ཡུལ་ལྷའམ་མི་ཚང་ངམ་རྒྱལ་ཕྲན་སོ་སོའི་སྐྱེས་ལྷ་གལ་ཆེན་ཞིག་ཡིན་པའི་ངོས་ནས། << སྲིད་པའི་ལྷ་རྒོད་དྲག་བདར་ >> གྱི་དཔེ་གཞུང་དཔེ་རྙིང་འདི་ཡི་ནང་དུ་བོད་ཀྱི་མགུལ་ལྷ་བཅུ་གསུམ་ཞལ་གསལ་བར་གསུངས་པ་འདི་ནི། རྒྱལ་ཕྲན་སི་མ་བཅུ་གཉིས་དང་སྤུ་རྒྱལ་བཙན་པོ་དང་བཅུ་གསུམ་གྲངས་ཀ་ཏག་ཏག་འགྲིག་བཞིན་འདུག་པས། གནམ་གྱི་ཁྲི་བདུན་གྱི་སྐབས་སམ་སྤུ་རྒྱལ་བཙན་པོའི་གོང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་གཏན་ཁེལ་ཤོད་ཐུབ་པ་ནི་འདི་འདྲ་ཞིག་མ་ཡིན་ནམ་སྙམ། རྒྱུ་མཚན་ནི། དཔེ་རྙིང་འདི་སྤུ་རྒྱལ་གནམ་གྱི་ཁྲི་བདུན་གྱི་སྐབས་སུ་བྱོན་པའི་སྟོང་རྒྱུང་མཐུ་ཆེན་ཤ་རི་ཨུ་ཆེན། དྲན་པ་ནམ་མཁའ། ལི་ཤུ་སྟག་རིང་བཞི་ཡིས་རྒྱས་བདབ་པའོ། །
ཞེས་གསུངས་པས་ཆེས་གནའ་བོའི་དཔེ་རྙིང་ཞིག་རེད་འདུག་པ་མ་ཟད་བརྡ་རྙིང་མང་བར་ཕྱིས་སུ་དག་གཅོས་ཆེར་མ་བྱས་ཤིང་བོད་ཀྱི་ལོ་རྒྱུས་དངོས་དང་མཐུན་ཆེ་བཞིན་འདུག་པས་སོ། །
འོ་ན་སྲིད་པའི་ལྷ་རྒོད་དྲག་བདར་ལས་མ་གསལ་བའི་རྒྱལ་ཕྲན་གཞན་དག་རྣམས་གང་དུ་གཏོགས་ཞེ་ན། དེ་ནི་རྒྱལ་ཕྲན་སིལ་མ་བཞི་བཅུའི་གྲལ་དུའམ་ཡང་ན་ཕྱིས་སུ་བོད་བཙན་པོས་མངའ་ཁོངས་སུ་བསྡུས་པའི་རྒྱལ་ཕྲན་དག་ཡིན་པར་སྙམ་མོ། །
དེ་ལྟར་བོད་ཀྱི་མགུལ་ལྷ་རྒྱལ་ཕྲན་དང་འབྲེལ་བའི་སྐོར་ས་བཅད་ཙམ་དུ་གླེང་བ་འདི་ནི། སྤྱིར་ན་བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པས་རྒྱལ་ཕྲན་སིལ་མའི་སྐོར་ཁ་གསལ་མེད་པ་དང་། སྒོས་སུ་གུས་པ་ཤེས་བྱ་དམན་པས་གནས་ཡུལ་ངོས་འཛིན་ཞིབ་གསལ་མེད་པ་དང་ནོར་འཛོལ་བྱུང་ཡོད་ངེས་པས། མ་འོངས་པར་བོད་རིག་པ་བའི་མདུན་དུ་དཔྱད་གཞིའི་ཚུལ་དུ་བཤམས་པ་ལས་ཁོ་བོས་ཁ་ཚོན་བཅད་པ་ཞིག་ག་ལ་ཡིན་ཏེ་དེ་ལྟར་ཐུགས་ལ་འདོགས་པར་ཚལ་ལོ། །

དཔྱད་གཞིའི་ཡིག་ཆ།
<< སྲིད་པའི་ལྷ་རྒོད་དྲག་བདར་དབུས་ཕྱོགས་བཞུགས་སྭོ།། >> དཔེ་རྙིང་སྣ་རིང་མ།
<< ཏུན་ཧོང་ཡིག་རྙིང་ངམ་ཏུན་ཧོང་ལས >> ཞེས་པ་ནི་འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་བསྒྲིགས་པའི་<ཏུན་ཧོང་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས།>ཞེས་པའི་ནང་དུ་བཏུས་པ་ཡིན།
དེའང་<མཁར་ཆུང་རྒྱལ་ཕྲན་སིལ་མའི་མ་ཡིག་ངོ་འདྲའི་བྲིས་ཞུས་མཆན་ཅན།>ཞེས་པ་དེ་དང་། <ཡུལ་ཆུང་རྒྱལ་ཕྲལ་སིལ་མའི་མ་ཡིག་ངོ་འདྲའི་བྲིས་ཞུས་མཆན་ཅན།>ཞེས་པ་དེ་དང་། <གཉའ་ཁྲི་བཙན་པོའི་གདུང་ཁུངས་མི་འདྲ་བ་ཁག་གསུམ་གྱི་མ་ཡིག་ངོ་འདྲའི་ཞུས་མཆན་ཅན།>སོགས་ཡིན།
<< དུང་དཀར་ཚིག་མཛོད། >> མཁས་དུང་དཀར་བློ་བཟང་ཕྲིན་ལས་ཀྱི་བརྩམས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་གིས་བསྐྲུན།
<< གཉའ་ཁྲི་བཙན་པོའི་ཞིབ་འཇུག >> གཡང་མོ་མཚོས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
<< གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། >> སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
<< ཆོས་འབྱུང་མཁས་པའི་དགའ་སྟོན། >> དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།  མི་རིགས་དཔེ་སྐྲུན་ཁང་།
<< མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། >> བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ ༧ ཚེས་ ༣༡ ཉིན།

No comments: