Friday, January 25, 2019

མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་འོས་བསྡུ་དང་ད་ལྟའི་གནས་སྟངས་སྐོར།



བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།
ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༥
ཀ༽    རྒྱལ་ཡོངས་འོས་བསྡུ།
དཔའ་བོའི་ཁྱུ་མཆོག་ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས།
༄༅། །མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་ཐོག་མར་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་དཔའ་བོའི་ཁྱུ་མཆོག་ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་བོད་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་གསར་འཛུགས་གནང་སྟེ། དགྲ་བོ་རྒྱ་དམག་ལ་འཐབ་འཁྲུག་རིམ་བྱས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་ལམ་གཙང་སེལ་གྱིས་རྒྱ་གར་དུ་གདན་འདྲེན་ཞུ་ཐུབ་པ་སོགས་བྱས་རྗེས་བསམ་གྱིས་མི་ཁྱབ། བོད་མི་རྣམས་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་མ་ཐག་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་པའི་ཐོག་ནས་སྒྲིག་འཛུགས་འདི་རྒྱུན་མཐུད་གནང་ཅིང་། ཚོགས་པ་འདི་ཉིད་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་ལས་ཁུངས་སུའང་གྱུར་ཡོད། བོད་རང་ནས་གསར་འཛུགས་གནང་བའི་ཚོགས་པ་ཞིག་བཙན་བྱོལ་ནང་མཐུད་རྒྱག་ཐུབ་པ་ནི་ཆུ་བཞི་སྒང་དྲུག་གི་ཚོགས་པ་འདི་གཅིག་པུ་དེ་ཆགས་ཡོད།
ཆུ་སྒང་གཙོ་འཛིན་ལི་ཐང་ཨ་ཐར་ནོར་བུ།
ཕྱི་ལོ་ ༡༩༩༢ ལོར་ཚོགས་པ་འདི་ཉིད་རྒྱ་གར་གཞུང་ལ་མདོ་ཁམས་ཆུ་སྒང་བདེ་དོན་ཚོགས་པ་ཞེས་པར་ཁྲིམས་མཐུན་དེབ་སྐྱེལ་བྱས། ༡༩༩༤ ལོར་ཚོགས་གཙོ་ལི་ཐང་ཨ་ཐར་ནོར་བུ་སོགས་རྒྱུན་ལས་ཁག་ཅིག་གིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་ཐའེ་ཝན་བོད་སོག་ལས་ཁུངས་ཀྱི་འགན་ཁུར་མི་སྣའི་ལྷན་ཕན་ཚུན་གྲོས་གཞི་མོས་མཐུན་དོན་ཚན་ ༣ བཞག་སྟེ་ཡིག་ཆ་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་རྗེས་བཀའ་སྤྱི་གཉིས་ལ་གོ་བསྡུར་དགོས་གནས་གསུངས་ཤིང་། དེའི་རྗེས་འབྲེལ་རྡ་རམ་ས་ལར་ཆུ་སྒང་གི་སྒྲིག་འཛུགས་ཤིག་གསར་དུ་བཙུགས་པ་སོགས་ཀྱིས་དཀའ་ངལ་རིམ་པར་འཕྲད་ནའང་མདོ་སྟོད་རྒྱ་ཆེའི་སེར་སྐྱ་མི་མང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་སྒྲིག་འཛུགས་འདི་ཉིད་མུ་མཐུད་གནས་ཐུབ་པ་བྱུང་ཡོད།

དཔལ་ལྡན་བཀའ་བློན་ཁྲི་ཟུར་སྡེ་དགེ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་སྐུ་ངལ་མང་པོ་བསྐྱོན་གནང་སྟེ། ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༢༡ འཁོད་ཆུ་སྒང་དབུས་རྒྱུན་ལས་ནས་སྔར་འགྱོད་ཕྱིས་བསྡོམས་ཀྱི་དགོངས་སེལ་མཚན་འཁོད་སྙན་ཞུ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ།
ཕྱི་ལོ་ ༢༠༠༠ ཟླ་ ༡༠ ཚེས་ ༤ སྔ་དྲོ་ཐོག་མར་བོད་སོག་ལས་ཁུངས་དང་འབྲེལ་བ་གནང་མཁན་གཙོས་སྐབས་དེའི་ཆུ་སྒང་དབུས་རྒྱུན་ལས་ཐོག་ལི་ཐང་ཨ་ཐར་ནོར་བུ་དང༌། གྲའུ་དཔོན་རིན་ཆེན་ཚེ་རིང༌། བྱ་རྒོད་སྲས་དོན་ཡོད། ཀོང་པོ་དྲི་མེད་ཐུབ་བསྟན་དར་རྒྱས། སྡེ་དགེ་ལ་བཞི་འཛིང་པ་གཡུང་དྲུང་རྣམ་རྒྱལ། རེ་ཁེ་ཀརྨ་རྡོ་རྗེ། ཅུང་པ་བསྟན་པ་དབང་རྒྱལ། ཆབ་མདོ་བློ་བཟང་དབང་འདུས། གླིང་ཚང་པད་མ་བདེ་ལེགས་རྣམས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལྷ་དགོངས་གསལ་དྭངས་ཀྱིས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་པའི་གསུང་བཟང་སྤྱི་ཕེབས་གནང་། སྐབས་དེར་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང་། ཆུ་སྒང་གསར་པའི་སློབ་སྟོན་པ་ཆ་ཕྲེང་བློ་བཟང་ཚུལ་ཁྲིམས་གཉིས་ལྷན་བཅར་ཞུས།
བཀའ་སྤྱི་གཉིས་ཀྱི་བཀའ་ཡིག
 དེ་འབྲེལ་བཀའ་སྤྱི་གཉིས་སུ་སྙན་སེང་ཞུས་པས་བཀའ་སྤྱི་གཉིས་ནས་ ༢༠༠༠ ཟླ་ ༡༡ ཚེས་ ༢༨ ཉིན་སྔོན་མའི་གནས་ཚུལ་དེའི་སྐོར་རྙོག་སེལ་གཙང་མ་བྱུང་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་། དེ་རྗེས་༸གོང་ས་མཆོག་གིས་མདོ་སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གི་ཚོགས་མིར། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང་། བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག འབྲས་བློ་གླིང་ཕྱག་ཟུར་བཀྲ་ཤིས་དོན་འགྲུབ། སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ། སྣེ་ལེན་འགན་འཛིན་འཁོར་ལྷ་བསོད་ནམས་སྟོབས་རྒྱལ། དཔལ་འབྱོར་དྲུང་ཆེ་ཨ་མྱེ་ཚང་ཐུབ་བསྟན་བཀྲ་ཤིས། བདེ་སྲུང་དྲུང་གཞོན་སྐལ་བཟང་འཆི་མེད། རྡོར་གླིང་བདེ་དོན་མདའ་ཟུར་ལེགས་བཤད་བཅས་ལ་བསྐོ་གཞག་གིས་རྒྱལ་ཡོངས་འོས་བསྡུའི་ལས་འགན་བསྐུར།
༢༠༠༠ ལོའི་ཟླ་ ༡༢ ཚེས་ ༤ ཉིན་མདོ་སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་ཚོགས་ཆུང་གིས་འགན་ཁུར་འོག་༸གོང་ས་མཆོག་ལ་ཆུ་བཞི་སྒང་དྲུག་གི་བརྟན་བཞུགས་ཐེངས་ ༤ པ་ཕུལ། སྐབས་དེར་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་ལྷ་དགོངས་གསལ་དྭངས་ཀྱི་སྐལ་བཟང་དང་ལྡན་ཏེ། བཀའ་སྤྱི་གཉིས་ནས་འདས་པའི་གནས་རྙོག་ཡོངས་སུ་གསལ་དག་བྱུང་བ་དང༌། སླད་ཕྱིན་གཞུང་མང་དམ་གཙང་གི་གནས་སྟངས་ཆགས་པའི་ངོ་སྤྲོད་བཀའ་ཁྱབ་གསལ་བསྒྲགས་གནང་བ། ད་ནས་ཆུ་སྒང་ཚོགས་པ་གཅིག་ལས་མེད་པ་ཆགས་པའི་སྒོ་ནས་ད་བར་དུ་ཕྱོགས་གཉིས་ཆགས་པའི་མི་ངོ་ལྷན་འཛོམས་ཀྱིས་མདོ་ཁམས་ཆུ་སྒང་གིས་བརྟན་བཞུགས་བསྟར་འབུལ་ཞུ་བཞེས་དང་འབྲེལ་བའི་གཉིས་མོས་དམ་འབུལ་གྱི་ཐོ་ཡིག་ཀྱང་སྙན་སྒྲོན་ཞུས།
མདོ་སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གིས་འགན་ཁུར་ཐོག་བོད་གཞུང་བཀའ་ཤག་ནས་གཞུང་ཞབས་རྣམས་ཆེད་གཏོང་གནང་བ་དང༌། མདོ་སྟོད་རྒྱལ་ཡོངས་མི་མང་ནས་གུས་བརྩི་དྭང་ལེན་གྱི་མདོ་སྟོད་ཆུ་སྒང་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་བསྡུ་ཟིན་མཚམས་རྡ་སར་ཡོད་པའི་ཆུ་སྒང་ཚོགས་པ་སོགས་ཀྱིས་རྙོག་གཞི་བསླངས་ཏེ་དངོས་གཞིའི་འོས་བསྡུ་རྒྱུར་དུས་འགྱངས་གྱུར།
ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་ཡོངས་སྔོན་འགྲོའི་འོས་བསྡུ་མང་གཙོའི་ལམ་ལུགས་དང་མཐུན་པ་ཚད་ལྡན་བྱུང་བ་རྩ་འཛིན་དང༌། སྐབས་འདིར་དངོས་གཞི་འོས་བསྡུ་བྱ་མ་ཐུབ་པའི་འོག་ནས་ལྡི་ལི་ཆུ་སྒང་དབུས་རྒྱུན་ལས་ཟེར་བ་དང༌། རྡ་སར་ཆུ་སྒང་དབུས་རྒྱུན་ལས་ཟེར་བ་ཕན་ཚུན་ནས་ནང་རྩོད་རྙོག་གླེང་གི་ཡིག་ཆ་སྤེལ་རེས་ཀྱི་འགོ་ཚུགས་པས་བོད་བསྟན་སྲིད་ལ་གནོད་འགལ་འགྲོ་གཞི་བཟོ་བཞིན་པར་བརྟེན། བསྟན་སྲིད་མི་རིགས་ལ་གནོད་གཞི་འདི་རིགས་མི་འབྱུང་ཆེད་མདོ་སྟོད་རྒྱལ་ཡོངས་སེར་སྐྱ་ཡོངས་ཀྱི་འོས་བསྡུའི་ལམ་ནས་མདོ་སྟོད་ཆུ་སྒང་རྒྱུན་ལས་འདི་ཡིན་ཟེར་བ་ཞིག་མ་བྱུང་གི་བར། ད་ནས་བཟུང་ཆུ་སྒང་དབུས་རྒྱུན་ལས་ཟེར་བ་ཁག་གཉིས་ཡོད་པ་འདི་ངོས་ལེན་བྱེད་རྒྱུ་མིན་པའི་གྲོས་ཆོད་ཡིག་ཆ་ཨང་ ༩ པ་སྤྱི་མོས་ཀྱིས་བཞག་གནང་བར་༸གོང་ས་མཆོག་གིས་བཀའ་འཁྲོལ་མཚན་རྟགས་བསྩལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༩ པ།

མདོ་སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་འཁུར་ཚོགས་ཆུང་གིས་སྔོན་འགྲོའི་འོས་གཞི་རྩ་འབོར་ནས་མང་མོས་རྩེ་བཏོག་གིས་མི་གྲངས་ ༥༢ འོས་གཞིར་བཏོན་ཏེ་མདོ་སྟོད་རྒྱལ་ཡོངས་མི་མང་གིས་འོས་ཤོག་འཕངས་གནང་བ་དང་། ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ནས་ཉིན་གསུམ་རིང་མདོ་སྟོད་སྤྱི་འཐུས་ ༡༠ ནས་ཚོགས་འདུའི་གཙོ་སྐྱོང་གནང་ཞིང་། སྐུ་སྒེར་ཡིག་ཚང་གིས་འགྲོ་གྲོན་བཏང་སྟེ་གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་ཐབ་ཚོགས་ཁང་ནང་མདོ་སྟོད་དམིགས་བསལ་ཚོགས་ཆེན་སྐོང་ཚོགས་གནང་བ་དང༌། ཚོགས་འདུ་དེའི་ཐོག་ཏུ་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་རྣམ་པ་དང༌། བཀའ་བློན་ཁྲི་པ་མཆོག་དང༌། བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་། རྒྱུན་ལས། རང་དབང་ཅན་གྱི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་སོགས་མཛད་གཙོ་རྣམ་པ་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་།
ཚོགས་ཐོག་ཏུ་འོས་སྒམ་དམ་འབྱར་གྱི་འོས་ཤོག་གྲངས་བཤེར་བྱེད་པོ་ཚོགས་ཆེན་ནས་མི་འགྲོ་གྲངས་ ༡༡ བསྐོ་འདེམས་ཀྱིས་འོས་ཤོག་གྲངས་བཤེར་གྱི་ཨང་རིམ་བཀོད་པ་ནས་དགོངས་ཞུ་བྱེད་མཁན་རེ་ཟུང་ཕུད་མི་གྲངས་ ༡༡ འོས་ཤོག་གི་གྲངས་འབོར་རྩེ་བཏོག་གིས་གཏན་འཁེལ་གནང་བ་དང་འབྲེལ་རྒྱུན་ལས་གསར་རྙིང་རྣམས་ལ་ལེགས་དར་འབུལ་བ་སོགས་གནང་སྒོ་མཐའ་དག་ལེགས་པར་གྲུབ་སྟེ། མདོ་སྟོད་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་དང༌། འཆི་མེད་རྡོ་རྗེ་གཉིས་ཀྱི་ཚོགས་གཙོ་དང༌། ཚོགས་གཞོན་གནང་བའི་མཚན་ཐོག་ནས་ཡིག་ཆ་ཨང་ པའི་འབྲུ་དོན་ལྟར་སྤྱི་འཐུས་གྲོས་ཚོགས་དང༌། བཀའ་ཤག ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་པར། མདོ་ཁམས་ཆུ་བཞི་སྒང་དྲུག་སྒྲིག་འཛུགས་ཀྱི་དབུས་རྒྱུན་ལས་འདི་རྣམས་གཏན་འཁེལ་བ་ཡིན་པ་དང༌། སླད་ལོ་གསུམ་རེའི་མཚམས་འཕོ་ལེན་བྱ་རྒྱུ་བཅས་ཀྱི་ཡིག་ཆ་ཁུངས་སོ་སོར་འབུལ་ལམ་ཞུས་པ་སོགས་ཚུལ་དང་ལྡན་པའི་ཐོག་ནས་གཏན་འཁེལ་གནང་།
སྐབས་དེར་སྨན་རྩིས་ཁང་དུ་ཚོགས་པའི་ཆུ་སྒང་གསར་པ་ཟེར་བའི་ཚོགས་འདུའི་ཐོག་ལི་ཐང་ཨ་ཐར་དང༌། གྲའུ་དཔོན་རིན་ཆེན་ཚེ་རིང༌། པདྨ་བདེ་ལེགས་སོགས་མི་གྲངས་ ༡༧ རྒྱ་མི་དམར་ནག་གཉིས་ཀྱི་མི་ཡིན་ཞེས་པ་དང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་སོགས་མདོ་སྟོད་སྤྱི་འཐུས་ ༨ སྤྱི་འཐུས་ལ་མི་འོས་པའི་གྲོས་ཆོད་བཞག་པར་བརྟེན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ ༢༠༠༡།༡༢།༡༣ ནས་ ༢༠༠༤།༧།༧ བར་ཁ་མཆུ་ཨང་ ༩ པ། དགྲ་བོ་དམར་ནག་གཉིས་དང་འབྲེལ་བ་ཡོད་མེད། ཅེས་དང་། ༢༠༠༢།༣།༡༦ ནས་ ༢༠༠༤།༨།༦ བར་ཁ་མཆུ་ཨང་ ༡༠ པ། བཅའ་ཁྲིམས་དང་ཁྲིམས་ལུགས་ལ་བརྩི་བཀུར། ཞེས་པའི་ཁ་མཆུ་གཉིས་གཏུགས་པར་རིམ་བཞིན་རྒྱལ་ཁ་ཐོབ། གྱོད་ཡ་རྩོད་ལན་པས་བཅད་ཁྲ་ཉམས་ལེན་མ་བྱས་པ་དང་། ཡུལ་ཁྲིམས་དུ་གཏུགས་པ། ཁྱད་གསོའི་ཆད་འགེལ་བཀའ་ཁྱབ་བཅས་ལ་བརྩི་བཀུར་ཉམས་ལེན་མ་ཞུས་པས། གྱོད་ཡ་རྩོད་ལན་པ་ ༡༽ ཕུ་པ་ཚེ་རིང་སྟོབས་རྒྱལ་དང༌།  ༢༽ ར་སྟོད་བསོད་ནམས། ༣༽ ཐུབ་བསྟན་ལེགས་བཤད། ༤༽ སོག་ཞབས་དྲུང༌། ༦༽ ཀླུ་ཁྲི་སྐལ་བཟང་ནོར་བུ། ༦༽ དབང་གྲགས་མགོན་པོ་བཅས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པ་བྱུང་ཡོད།
ཚོགས་ཐོག་དེར་འོས་ཤོག་གྲངས་བཤེར་རྗེས་འདེམས་ཐོན་བྱུང་བའི་དབུས་རྒྱུན་རྣམས་སྐབས་ ༡༦ པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་ཆགས་ཡོད་པ་དང་། དེ་རྗེས་སྐབས་ ༡༧ པ་དང་། སྐབས་ ༡༨ པ། སྐབས་ ༡༩ པ། སྐབས་ ༢༠ པ། ད་ལྟའི་སྐབས་ ༢༡ པའི་རྒྱུན་ལས་བཅས་རྒྱལ་ཡོངས་འོས་བསྡུའི་ལམ་ནས་རིམ་བཞིན་གསར་འདེམས་གནང་ཡོད། འོས་བསྡུ་ཚོགས་ཆུང་བསྐོ་ཕྱོགས་དང་། རྒྱུན་ལས་ཀྱི་འོས་ཆོས་སོགས་སྒྲིག་གཞིའི་ནང་ཁ་གསལ་བཀོད་ཡོད།


ཁ༽    ད་ལྟའི་གནས་སྟངས།
ད་ལྟའི་ཆར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆགས་ཡོད་ཅིང་། བཞུགས་སྒར་རྡ་རམ་ས་ལར་དབུས་ཡན་ལག་ལས་ཁུངས་ཡོད། ༡༩༩༢ ལོར་དེབ་སྐྱེལ་བྱས་པའི་དམིགས་ཡུལ་གཞིར་བཟུང་སྤྱི་ཚོགས་བདེ་དོན་ཚོགས་པའི་ངོ་བོ་དང་། རང་རེ་བཙན་བྱོལ་བའི་གནས་བབ་ཀྱི་ཆ་ནས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཡང་ཆགས་ཡོད། སྒྲིག་གཞིའི་ནང་རྒྱུན་ལས་མང་མཐའ་ ༡༥ ནས་ཉུང་མཐར་ ༧ བར་ཡོད་ཆོག་པ་ལྟར་ད་ལྟ་རྒྱུན་ལས་མི་གྲངས་ ༡༡ ཡོད། དེའི་ནང་ཚོགས་གཙོ་གཅིག་དང་། ཚོགས་གཞོན་གཉིས། དྲུང་ཆེ། དྲུང་གཞོན། དངུལ་གཉེར། མཐུན་འབྲེལ་འགན་འཛིན། རྒྱུན་ལས་གཞན་བཅས་ཡིན། དོན་གྲུབ་གླིང་དུ་རྒས་གསོ་ཁང་ཞིག་དང། རྡ་སར་ཆུ་སྒང་རིག་གནས་འཛིན་གྲྭ། གཞན་ཡང་ཆུ་སྒང་དགེ་རྩ་ཚོགས་པ། ཆུ་སྒང་ཤེས་ཡོན་སྡེ་ཚན་བཅས་ཡོད།
རྒྱ་བལ་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་ཆུ་སྒང་ས་གནས་ཡན་ལག་ཁག་ ༤༥ ཙམ་ཡོད་པ་དང་དེ་དག་གི་རྒྱུན་ལས་རྣམས་ཀྱང་སྒྲིག་དོན་འོས་བསྡུ་བྱེད་བཞིན་ཡོད།
ལས་དོན་གནང་ཕྱོགས་ཐད་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སྒྲིག་གཞི། དོན་ཚན་ ༥༤ ཅན་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་བཅས་ཀྱི་སྒྲིག་གཞི། དོན་ཚན་ ༡༣ ཅན། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་དངུལ་རྩིས་སྟངས་འཛིན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་ ༡༦ ཅན་བཅས་གཏན་འབེབས་ཀྱིས་ལག་བསྟར་གནང་བཞིན་ཡོད།
ལོ་གསུམ་རེའི་མཚམས་ཚོགས་ཆེན་རེ་དང་། ལོ་གཅིག་དང་ཕྱེད་རེའི་མཚམས་འགན་འཛིན་ལྷན་ཚོགས་རེ་ཚོགས་བཞིན་ཡོད་ཅིང་། ཟླ་བཞི་རེའི་མཚམས་རྒྱུན་ལས་ལྷན་ཚོགས་རེ་ཚོགས་བཞིན་ཡོད། ཚོགས་འདུ་སོ་སོར་གོ་བསྡུར་ཐག་གཅོད་ཇི་བྱུང་ལྟར་འགྲོ་གྲོན་གཏོང་ཕྱོགས་དང་། རྩིས་ཞིབ་པ་བསྐོ་གཞག སློབ་ཡོན་སྦྱོར་སྤྲོད། རྒན་རབས་ཀྱི་འཚོ་སྣོན། སྤྱི་ཚོགས་ཞབས་ཞུ་སོགས་ལས་དོན་ཁག་སྒྲུབ་བཞིན་ཡོད།
ལོ་བསྟར་ཆགས་སུ་ཕྱི་ཟླ་ ༦ པའི་ཚེས་ ༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་ས་གནས་གང་སར་ཞུ་བཞིན་པ་དང་། དམིགས་བསལ་བཞུགས་སྒར་རྡ་རམ་ས་ལར་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ནམ། སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་གི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་དང་། གཞན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སོགས་སུ་བཀའ་སྤྱི་གཉིས་ནས་ཆུ་སྒང་དབུས་རྒྱུན་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མིང་ཐོག་ནས་མགྲོན་འབོད་དང་། རྒྱུན་ལྡན་འབྲེལ་ལམ་ཁག་གནང་བཞིན་ཡོད་པ་བཅས་ཀྱི་གནས་སྟངས་སྙིང་བསྡུས་སུ།།

སྐབས་ ༢༡ པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པ།
རྩོམ་ཐུང་འདི་ནི་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༥ ཉིན་ལྡི་ལི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་ ༢༡ པའི་ཤེས་ཡོན་སྡེ་ཚན་ནས་གོ་སྒྲིག་གིས་མདོ་ཁམས་ཆུ་བཞི་སྒང་དྲུང་དང་འབྲེལ་བའི་ངོ་ལོ་ ༦༠ རིང་གི་ལོ་རྒྱུས་བགྲོ་གླེང་ཞེས་པའི་གཏམ་བཤད་ཀྱི་ས་བོན་དུ་བྲིས།

No comments:

Post a Comment