༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་
ཁྲི་འཛིན་སོ་བཞི་པ་མཆོག་ནས་བོད་ཀྱི་རིས་མེད་ཆོས་ཚོགས་
ཐེངས་བཅུ་བཞི་པའི་ཚོགས་ཐོག་ལ་བསྩལ་བའི་
༸སྐྱབས་རྗེ་མཆོག་གི་བཀའ་སློབ་བརྙན་འཕྲིན།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་སོང་བའི་སྒོ་ནས།
དེ་རིང་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཚོགས་འདུ་འདིར་ཆེད་ཕེབས་གནང་བའི་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་དེའི་སྐུ་ཚབ།
མཁན་སྤྲུལ་དགེ་བའི་བཤེས་གཉེན་དགེ་སྔགས་བཙུན་གསུམ་རྣམས་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཁས་དབང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་དང་།
དཔལ་ལྡན་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་གཙོས་པའི་བཀའ་བློན་རྣམ་པ་དང་།
བོད་མི་མང་སྤྱི་འཐུས་རྣམ་པ།
ཆོས་ཚོགས་འདི་བཞིན་གོ་སྒྲིག་གནང་མཁན་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་བཅས།
མདོར་ན་འདིར་ཕེབས་པའི་ཚོགས་མི་ཚང་མ་ལ་ངས་མཛའ་ཞིང་བརྩེ་བའི་སྒོ་ནས་གུས་བསུའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྣམ་པ་ཚང་མ་ལ་འདི་ནས་ཞལ་མཇལ་བ་དང་གསུང་ཐོས་པའི་བཀའ་མོལ་ཞུ་རྒྱུ་བྱུང་བ་ལ་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་།
ང་རང་ཚོས་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན།
བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སོགས་ལ་དར་རྒུད་མང་པོ་ཞིག་བརྒྱུད་མྱོང་ཡོད་པ་དང་།
ལྷག་པར་དུ་དུས་འགྱུར་གྱི་རྐྱེན་པས་ང་རང་ཚོ་བོད་ཀྱི་སྣོད་བཅུད་གཉིས་ཀ་ལ་གོད་ཆག་ཆེན་པོ་ཞིག་བྱུང་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།
འོན་ཀྱང་། འཛམ་གླིང་ཞི་བདེའི་དེད་དཔོན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དང།
དབུ་ཁྲིད་ལམ་སྟོན་འོག་ཐུན་མོང་མ་ཡིན་པའི་རང་རེ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཐུབ་ཅིང་།
འཛམ་བུ་གླིང་གི་མི་རིགས་མང་པོ་ཞིག་གིས་དོ་སྣང་དང་སློབ་སྦྱོང་བྱ་ཡུལ་ཞིག་ལ་གྱུར་དང་འགྱུར་བཞིན་འདུག་པའི་གྲུབ་འབྲས་མི་དམན་པ་འདི་བཞིན་བྱུང་བ་ནི་དགའ་འོས་པའི་གནས་སུ་གྱུར།
དེ་བཞིན་ད་སྔར་ལོ་རྒྱུས་ནང་བྱུང་མྱོང་མེད་པ་གངས་ཅན་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཚང་མ་གདན་གཅིག་ཏུ་འཛོམས་ནས་བགྲོ་གླེང་དང་ཕན་ཚུན་རྒྱུས་ལོན་ཐོག
དམ་ཚིག་འོ་ཆུ་གཅིག་འདྲེས་ལྟ་བུའི་མཐུན་ལམ་དང་ཕན་ཚུན་དག་སྣང་ཕྱོགས་མེད་དུ་འཕེལ་བ་འདི་ནི།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་།
ཡང་དག་པའི་ལམ་སྟོན་དབུ་ཁྲིད་འོག ཆོས་བརྒྱུད་རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་གོང་མ་རྣམས་དང་རིས་མེད་སྐྱེས་ཆེན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད།
དཔེར་མཚོན་ཙམ་ཞིག་ཞུས་ན།
ཆོས་ཚོགས་འདི་བཞིན་དེ་སྔོན་ཐེངས་བཅུ་གསུམ་ཐམ་པ་གྲུབ་འབྲས་ལྡན་པའི་ངང་ནས་སྐོང་ཚོགས་གནང་ཟིན་པ་དང་།
དེ་བཞིན་རིས་སུ་མ་ཆད་པའི་བཤད་སྒྲུབ་ཀྱི་བསྟན་རིན་པོ་ཆེ་འཛིན་པའི་དགེ་བའི་བཤེས་གཉེན་དང་།
སློབ་གཉེར་བ་རྣམས་ཕན་ཚུན་བསམ་བློ་བརྗེ་རེས་ཡོང་སླད་དུ།
རིས་མེད་ཆོས་བརྒྱུད་ཁག་གི་ལྟ་གྲུབ་སོགས་ཀྱི་བགྲོ་གླེང་ཆེད་འཚོགས་གནང་དང་གནང་བཞིན་པ་རེད།
དཔེར་ན་གཡུང་དྲུང་བོན་ཕྱོགས་ནས་ཆེད་འཚོགས་དེའི་ཕྱོགས་ལ་ཕྲ་ལ་ཕྲན་བུའི་ཞབས་ཕྱི་སྒྲུབ་རྒྱུའི་གོ་སྐབས་བཟང་པོ་བྱུང་སོང་།
དེ་ཙམ་དུ་མ་ཟད་དུས་རབས་ཉེར་གཅིག་པ་འདིའི་ནང་།
མི་རིགས་དང་ཆོས་ལུགས་མི་འདྲ་བ་རྣམས་ཕན་ཚུན་བསམ་བློ་བརྗེ་རེས་ཀྱིས།
མི་མཐུན་པའི་རིགས་རྣམས་ཟུར་དུ་བཞག་ནས། མཐུན་པའི་ཆ་ནས་ཕན་ཚུན་མཉམ་ལས་གནང་སྟེ།
ཚང་མ་ལ་འདྲ་མཉམ་གྱི་བལྟ་སྟངས་ཐོག་ནས་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཀྱི་འདུ་ཤེས་འཇོག་པ་ནི།
མིའི་སྤྱི་ཚོགས་ཙམ་མ་ཡིན་པ་ཁོར་ཡུག་དང་འཛམ་བུ་གླིང་གི་ཁྱོན་འདི་ལ་ཞི་བདེ་བསྐྲུན་པའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་མཐོང་བཞིན་ཡོད།
དེ་ཙམ་མ་ཚད་འཛམ་བུ་གླིང་འདིའི་ནང་ལོགས་སུ་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་རེད་དེ།
དེ་དག་ཡོད་ཀྱང་དགོས་པ་ཞིག་རེད།
དེ་ཡང་བདག་ཅག་གི་༸སྟོན་པ་སངས་རྒྱས་བཀའ་དྲིན་ཅན་༸རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་ཞལ་སྔ་ནས།
“ཇི་སྲིད་འདུ་ཤེས་ཡོད་ཀྱི་བར་དུ། དེ་སྲིད་ཐེག་པའི་གྲངས་ལ་ཐུག་མཐའ་མེད།”
ཅེས་གསུངས་པ་བཞིན། མི་རེ་རེ་ལ་བསམ་བློའི་འཁྱེར་སོ་མི་འདྲ་བ་རེ་ཡོད་པས།
རང་རང་གི་བསམ་བློའི་རྣམ་དཔྱོད་དང་མཐུན་པའི་ཆོས་ལུགས་མ་འདྲ་བ་ཞིག་ཀྱང་དགོས་ངེས་རེད།
དེ་བཞིན་ཆོས་ལུགས་དེ་དག་ལ་ནང་སེམས་ཀྱིས་ལོངས་སུ་སྤྱོད་པའི་ཚེ་ན།
འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་གཞན་ཕན་གྱི་བསམ་བློ་ཡོད་པ་གཅིག་མཚུངས་ཡིན་པ་མ་ཟད།
ཆོས་ལུགས་རང་རང་གི་གདུལ་བྱའི་ཁམས་དང་མོས་པ་ལ་དཔག་སྟེ།
འགྲོ་བ་མིས་གཙོས་པའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་མང་པོ་ཞིག་ལ་བདེ་སྐྱིད་བསྐྲུན་དང་སྐྲུན་བཞིན་ཡོད།
དེ་དག་ལ་ལྟ་གྲུབ་ཀྱི་ཐོག་ནས་མ་འདྲ་བ་ཡོང་གི་ཡོད་རེད་དེ། དེས་དེ་ཙམ་གྱིས་ཕན་གནོད་ཡོད་པ་ཞིག་མ་མཐོང་།
དེས་ན་ཆོལ་ལུགས་མི་འདྲ་བ་ཚང་མ་འཛམ་གླིང་འདིར་དགོས་མཁོ་ཡོད་པ་བཞིན།
དེ་དག་ཚང་མ་མ་ཉམས་པར་གནས་དགོས་པ་དང་།
ཉམས་པ་རྣམས་ཀྱང་སླར་གསོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཏུ་མཐོང་བཞིན་ཡོད།
དཔེར་ན་ང་ཚོ་གཡུང་དྲུང་བོན་ལྟ་བུ་ལ་ཆ་མཚོན་ན།
བགྲང་བྱ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་བོད་གངས་ཅན་ལྗོངས་ཀྱི་ཕ་མེས་ཡང་མེས་ཀྱི་གཞི་ལམ་འབྲས་གསུམ་ཚང་ལ་མ་ནོར་བའི་ཆོས་བརྒྱུད་ཡང་དག་པ་ཞིག་རེད།
དེ་ཡང་དུས་ད་ལྟར་ཐུག་གི་བར་དུ་དཀའ་ངལ་རབས་དང་རིམ་པའི་གཉན་འཕྲང་ལ་བརྒྱུད་ཀྱང།
དེ་དག་ལའང་གཡུང་དྲུང་བོན་གྱི་སྐྱེས་ཆེན་གོང་མ་རྣམས་དང་།
དད་འབངས་ཀྱི་མི་ཐོག་སྔ་མ་རྣམ་པས་གདོང་ལེན་ཚད་མེད་གནང་ནས་ད་བར་རྒྱུན་གནས་ཐུབ་པ་བྱུང་ཡོད་པ་རེད།
བོད་ལ་དུས་འགྱུར་རྗེས་བྱེས་ཀྱི་གནས་གཞི་འདིར་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་།
༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་སེང་གེ་རྣམ་གཉིས་ཀྱིས་དབུས་པའི་བོན་གྱི་སྐྱེས་ཆེན་རྣམས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་སྐུ་ངལ་ཚད་མེད་བསྐྱངས་པ་ལ་བརྟེན་ནས།
བྱེས་ཀྱི་གནས་ཡུལ་ཁག་ལ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གཉེར་འདུས་སྡེ་ཁག་གསར་འཛུགས་གནང་སྟེ།
དགེ་སྔགས་བཙུན་གསུམ་གྱིས་སློབ་གཉེར་གནང་དང་གནང་མུས་ཡོད་ལ།
ད་བར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པ་བརྒྱ་ཕྲག་གཉིས་མ་ཟིན་ཙམ་ཐོན་ཅིང་གྲུབ་འབྲས་མི་དམན་པ་བྱུང་ཡོད།
དགེ་བའི་བཤེས་གཉེན་དེ་དག་ཀྱང་།
བོད་ཕྱི་ནང་གི་དགོན་སྡེ་ཁག་གི་མཁན་པོ་དང་སློབ་དཔོན་དགེ་རྒན་སོགས་ཤེས་ཡོན་ཀྱི་ལས་རིགས་འདྲ་མིན་ཐོག་མཛད་འཕྲིན་སྐྱོང་བཞིན་ཡོད།
དེ་དག་ཐམས་ཅད་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸རྒྱལ་བའི་དབང་པོ་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་ནས་བྱུང་བར་ངོས་འཛིན་ཞུ་བཞིན་ཡོད།
མ་འོངས་པར་ཡང་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གྱི་དགོངས་པ་གཞིར་བཟུང་ཐོག་ཤར་བསྐྱོད་བྱ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཞུ་རྒྱུ་ཡིན།
དེས་ན་རང་རང་གི་ཆོས་བརྒྱུད་གང་ཡིན་པ་དེ་ལ་ཚུལ་བཞིན་སློབ་སྦྱོང་དང་ཉམས་ལེན་སོགས་ལ་འབད་དེ།
རང་ལུས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་བའི་ཐོག
ཆོས་བརྒྱུད་གཞན་ལའང་དག་སྣང་དང་བརྩི་བཀུར་ཞུ་རྒྱུ་དེ་གལ་ཆེན་པོ་མཐོང་བཞིན་ཡོད།
དེ་བཞིན་ཆོས་ལུགས་དང་ཆོས་བརྒྱུད་ཕན་ཚུན་དབར་ལ་མཐུན་ལམ་སྔར་བས་ལེགས་སུ་གཏོང་ཐུབ་པ་ཡིན་ན།
རང་རེ་བོད་མིའི་བདེན་དོན་ལ་ཕན་ཐོགས་དང་འཛམ་གླིང་སྤྱི་ལ་མིག་དཔེ་དང་ལམ་སྟོན་ཞིག་ཡོང་གི་རེད་བསམ་བཞིན་ཡོད།
ད་ཆ་དུས་རབས་གསར་པའི་འགྲོས་དང་མཐུན་པར་འགྲོ་བ་མི་རྣམས་ཕན་ཚུན་འཆམ་མཐུན་དང་།
ཆོས་ལུགས་དང་མི་རིགས་གང་ཞིག་ཡིན་ཀྱང་མཉམ་འབྲེལ་གྱིས།
འགྲོ་བ་མིའི་སྤྱི་ཚོགས་ཆེན་པོ་འདི་ལ་ཞི་བདེ་དང་གུ་ཡངས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་ཞིག་བྱུང་ན།
དེར་མི་རྣམས་ཀྱིས་གུས་བརྩི་ཆེན་པོར་ངང་གིས་འཐོབ་ཅིང་། འཛམ་བུ་གླིང་འདིར་ཆོས་ལུགས་ཁག་ཉམས་པ་མེད་པ་དང་ཡུན་རིང་དུ་གནས་པའི་ཐོག
སྤྱི་ཚོགས་ལ་ཡང་ཕན་བདེ་བསྒྲུབ་ཐུབ་པར་ངོས་འཛིན་ཞུ་བཞིན་ཡོད།
ད་ལན་ཆོས་ཚོགས་འདིའི་ཐོག་ཏུ་ཡང་གྲོས་གཞི་དང་གྲོས་ཆོད་ཁག་ལ་བགྲོ་གླེང་ཟབ་མོ་དང་བཀའ་མོལ་ལྷུག་པོར་ཡོང་བའི་སྨོན་འདུན་དང་།
ཚོགས་ཆེན་འདི་ལེགས་པར་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།
མཐའ་དོན་དུ།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེ་མི་ཤིགས་གཡུང་དྲུང་གི་ཁམས་སུ་བསྐལ་བརྒྱར་བརྟན་ཅིང་།
ཐུགས་ཀྱི་དགོངས་པ་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་།
ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།
དེ་ལ་བརྟེན་ནས་སེམས་ཅན་རྣམས་ལ་ནད་མུག་མཚོན་གསུམ་གྱི་བསྐལ་པ་མཐའ་དག་རྨེང་མེད་དུ་ཞི་ཞིང་།
གངས་ཅན་བོད་ཀྱི་བདེན་མཐའ་མྱུར་དུ་འཆར་བའི་སྨོན་འདུན་ཞུ།།
ཐ་ཚན་མུ་ཙུག་སྨར་རོ།། །།
No comments:
Post a Comment