Monday, July 6, 2020

ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེའི་གསུང་འཕྲིན།



སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་བྱེད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག །

        ཞེས་གསོལ་བ་འདེབས་པ་སྔོན་དུ་བཏང་ནས། འབྱུང་ལྡན་སུམ་བརྒྱ། ཉག་མ་གཅིག བོད་རབ་བྱུང་བཅུ་བདུན། ལྕགས་ཕོ་བྱི་བའི་ལོ། ཧོར་ཟླ་ལྔ་པའི་ཚེས་བཅུ་དྲུག ཕྱི་ལོ་ ༢༠༢༠ ལོ། ཟླ་བ་ ༧ པའི་ཚེས་ ༦ དེ་རིང་སྟེ། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག བསྟན་འགྲོའི་དོན་དུ་སྐུ་མཆོག་མངོན་པར་འཁྲུངས་ནས་རང་ལུགས་དགུང་གྲངས་གྱ་དྲུག་དང་། ཕྱི་ལུགས་དགུང་གྲངས་ ༨༥ ཧྲིལ་བོར་ཕེབས་པའི་འཁྲུངས་སྐར་ཁྱད་པར་ཅན་གྱི་དུས་སྟོན་ཉིན་མོ་འདི་ལ། ངས་གཞིས་བྱེས་བོན་འབངས་ཡོངས་ཀྱི་ཚབ་ཞུས་ནས་མགོན་པོ་གང་ཉིད་ལ་སྒོ་གསུམ་གུས་ཕྱག་དང་བཅས། བཀྲ་ཤིས་པའི་རྫོགས་ལྡན་འདིའི་དུས་ཚིགས་འདི་ལ་དགའ་སྟོན་ལོངས་སུ་སྤྱོད་བཞིན་པའི་གསན་གཟིགས་གནང་མཁན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
        ད་ལན་བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་གིས་དགོངས་པ་ཆེ་བཞེས་གནང་སྟེ། ལོ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ལོ་ཞིག་ཏུ་ངོས་འཛིན་དང་། ངོས་ལ་ཡང་འཚམས་འདྲིའི་ཤིས་ཚིག་འབུལ་རྒྱུའི་གོ་སྐབས་ཆེད་བསྩལ་གནང་བ་དེ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
        སྤྱིར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་གསང་གསུམ་གྱི་མཛད་པ་འཕྲིན་ལས་ནི། ནམ་མཁའ་ལས་རྒྱ་ཆེ་བ། རྒྱ་མཚོ་ལས་གཏིང་ཟབ་པ། རི་རབ་ལས་དཔངས་མཐོ་བ། ཞེས་པའི་དཔེ་ལྟར། རེ་རེ་བཞིན་བརྗོད་པའི་ནུས་སྤོབས་བྲལ་ཞིང་། བརྗོད་ནའང་རྫོགས་མཐའ་མེད་པ་ལགས་ན། དེ་རིང་གོ་སྐབས་བཟང་པོ་འདི་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར་དུ། མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ཆུ་ཐིགས་ཙམ་ཞིག་དྲན་གསོ་དང་། བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
        རྒྱལ་དབང་སྐུ་ཕྲེང་གོང་མ་རིམ་བྱོན་གྱི་རྗེས་བརྩེའི་བྱིན་རླབས་མ་ཡལ་ཞིང་། ལྷ་བླའི་ལུང་བསྟན་རྩེ་མཐུན་ཐོག རང་རེ་ཁ་བ་རི་བའི་བསྟན་འགྲོའི་མགོན་དཔུང་དམ་པར་བོད་གངས་ཅན་བྱང་ཤར། མདོ་སྨད་ལྟག་འཚེར་ཡུལ་སྡེ་རུ། ཡབ་ཡུམ་ཕུན་སུམ་ཚོགས་པའི་སྲས་སུ་སྐུ་མཆོག་མཚན་དཔེ་མངོན་པར་བཞད་པའི་མཛད་པ་དེ་ནི། བཀའ་དྲིན་རྗེས་སུ་འོས་པའི་ཡང་རྩེའམ་ཐོག་མ་དེ་ཡིན།
        སྤྱིར་མགོན་པོ་གང་ཉིད་དགུང་ན་རིམ་སོན་གྱིས་མདོ་སྔགས་གཞུང་ལུགས་སྤྱི་དང་། ཐུན་མོང་རིག་གནས་དང་བཅས་པར་ཐུགས་བརྩོན་ཉམས་བཞེས་དང་འབྲེལ། བོད་བསྟན་སྲིད་མི་རིགས་ཉག་ཕྲ་སྣུམ་ཟད་གྱི་མར་མེ་ལྟ་བུའི་གནས་སྐབས་སུ་གྱར་ཉེའི་མཚམས། དགུང་གྲངས་བཅུ་དྲུག་ལས་སོན་མེད་ན་ཡང་། རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་ཡོངས་སུ་བཞེས་ནས། སྔར་ལམ་ལེགས་བཅོས། རྒྱལ་འབངས་བདེ་ཐབས། ཁྱིམ་མཚེས་རྒྱལ་ཁབ་ཁག་རྣམས་ཕན་ཚུན་མཐུན་བཤིབ་ཀྱི་ཐུགས་སྟོབས་གོ་ཆ་ཡོངས་སུ་བགོས་གནང་བའི་བཀའ་དྲིན་ཡང་བསུབ་ཏུ་མེད་པ་ཞིག་ཡིན།
        བཙན་བྱོལ་དུ་༸ཞབས་སོར་འཁོད་དགོས་བྱུང་མ་ཐག་ཡང་རྒྱལ་སྤྱིར་འབྲེལ་ལམ་དང་། མང་གཙོའི་ལམ་ལུགས་གསར་གཏོད། སློབ་གྲྭ་དང་གཞིས་དགོན་ཁག་གསར་འཛུགས་ཀྱིས་མཛད་འཕྲིན་རྒྱ་མཚོའི་རླབས་ལྟ་བུ་བསྐྱངས་གནང་སྟེ། བོད་བསྟན་སྲིད་མི་རིགས་ཀྱི་སྲོག་དབུགས་མཐུད་གནང་བའི་བཀའ་དྲིན་ནི། བསྐལ་པ་ནས་བསྐལ་པ་བར་དུ་བརྗེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།
        སྤྱིར་གང་ཉིད་ཀྱི་མཛད་འཕྲིན་རླབས་ཆེ་ལ་རྒྱ་ཆེ་ཞིང་། རྒྱུན་རིང་བའི་ཁྲོད་དུ་རང་རེ་གཡུང་དྲུང་བོན་དང་འབྲེལ་ཆགས། ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ། ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དམ་པ་དང་། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་གཙོས་པའི་སྐྱེས་ཆེན་དུ་མ་དང་ཐུགས་མཐུན་འབྲེལ་འདྲིས་ཟབ་ཅིང་། ༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཡང་བཀའ་དྲིན་ཆིབས་བསྒྱུར་ཐེངས་གཉིས་བསྐྱངས་གནང་སྟེ། ལེགས་ཚོགས་ཀུན་དགའི་ལམ་སྟོན་བཀའ་སློབ་དང་། བཙན་བྱོལ་ཁྲོད་དུའང་ཆོས་བརྒྱུད་སྤྱི་མཚུངས་ལྟར་མཐུན་སྦྱོར་ཆ་ཚང་བསྩལ་གནང་གིས་རྒྱལ་དབང་སྐུ་ཕྲེང་གོང་མ་རིམ་བྱོན་ལས་ལྷག་པའི་བཀའ་དྲིན་སྐྱབས་འཇུག་གནང་བ་བཞིན། རང་རེ་རྣམས་ཀྱང་བཀའ་དྲིན་གྱི་ཆ་ཤས་ཙམ་བསུབ་ཐབས་ཆེད་མགོན་པོ་གང་ཉིད་ཀྱི་དགོངས་བཞེད་དང་ལམ་སྟོན་བཞིན། ཐུན་མིན་བོན་གྱི་གཞུང་ལུགས་ཁག་ལ་སློབ་གཉེར་རྒྱུན་བསྐྱངས་དང་། བོད་བསྟན་སྲིད་མི་རིགས་ཆེད་དབུ་འོག་དཔུང་འདེགས་ཀྱི་ཞུ་སྒོ་གང་ཡོད་བཀའ་གསུང་ཅི་སྒྲུབ་དང་ལེན་ཞུས་དང་། ཞུ་མུས། ཞུ་འགྱུར་བཅས་ལྷོད་གཡེང་མ་ཤོར་བ་བྱ་རྒྱུ་ཡིན།
        མདོར་ན། མགོན་པོ་གང་ཉིད་ནི། བོད་བསྟན་སྲིད་མི་རིགས་དང་བཅས་པའི་བླ་ན་མེད་པའི་དབུ་ཁྲིད། ཆོས་བརྒྱུད་རིས་སུ་མ་ཆད་པའི་གྲུབ་མཐའ་དག་ལ་དག་སྣང་འོད་སྟོང་གི་ཉི་མ། འཛམ་གླིང་ས་སྟེང་འདིའི་ཞི་བདེའི་ལམ་སྣ་འདྲེན་པའི་དེད་དཔོན་ཆེན་པོ། དེང་རབས་ཚན་རིག་དང་ཆོས་ལུགས་དབར་ལ་དཔྱད་བསྡུར་གྱི་གསར་གཏོད་མཛད་པའི་དཔའ་བོ། སྙིགས་ལྔའི་དུས་འདིར་ལུགས་གཉིས་མཁྱེན་རབ་དཔལ་ཡོན་ཕུན་སུམ་ཚོགས་པའི་འདྲེན་པ་ཆེན་པོ་ཞིག་ཏུ་གྱུར་བ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལགས། ད་དུང་ཡང་མགོན་པོ་གང་ཉིད་གསང་གསུམ་གྱི་མཚན་དཔེ། སྐུ་མི་འགྱུར་གཡུང་དྲུང་ཁམས་སུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་དང་བཅས། ཐ་ཚན་མུ་ཙུག་སྨར་རོ།། །།

No comments:

Post a Comment