Thursday, August 4, 2011

རྫོགས་ཆེན་དང་དབུ་མ་པའི་ལྟ་བའི་འབྲེལ་བ།

མགོན་པོ་ཀླུ་སྒྲུབ་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་ལྟ་བའི་འབྲེལ་བའི་ཐོག་རྒྱལ་ཡོངས་ཚོགས་འདུ་ཞེས་པའི་
བགྲོ་གླེང་ཞིག་གི་ཆེད་རྩོམ།
བྱུང་རིམ་སྙིང་བསྡུས།
༄༅། །དེ་ཡང་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་འགྲོ་བློའི་མོས་ཁམས་དང་བསྟུན་ཏེ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང༌། ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ༌། ཕྱི་ནང་གསང་གསུམ་སོགས་གདུལ་བྱ་སེམས་ཅན་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེར་བཀྲི་ཐབས་ཀྱི་གཞུང་དོན་ཡོངས་སུ་ཚང་ལ་མ་ནོར་བར་གཏན་ལ་ཕབ་པ་དེ་ཉིད་རྗེས་འཇུག་སློབ་མ་རྣམས་ཀྱིས་འཆད་རྩོད་རྩོམ་སྒྲུབ་བཞིའི་སྒོ་ནས་ཉམས་ལེན་དང་དཔྱད་ཞིབ་མཐིལ་ཕྱིན་གནང་ནས། 
ཞང་བོད་མཐོ་སྒང་གི་ཞིང་དུ་བོད་རྗེ་ཐོག་མ་གཉའ་ཁྲི་བཙད་པོ་ནས་བཟུང་སྟེ་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཀྱིས་བོན་སྤང་བསྒྱུར་གྲོལ་གསུམ་གྱི་གཞུང་ལུགས་ཡོངས་སུ་རྫོགས་པར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང༌། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གནང་སྟེ་དར་རྒྱས་ཕྱིན་པ་ནས་ད་བར་མུ་མཐུད་དུ་སྔར་སྲོལ་རྒྱུན་འཇགས་སུ་གནས་མུས་ཞིག་ཡིན།
ཡོངས་རྩེ་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ།
གཡུང་དྲུང་བོན་གྱི་རང་ལུགས་ལ་ཕྱི་ཀུན་སྤྱོད་གྱི་རྣམ་བཞག་སྤང་ལམ་མདོ་དང་བསྟུན་ཞིང༌། ནང་ཉམས་ལེན་གྱི་སྙིང་པོ་བསྒྱུར་ལམ་སྔགས་ལ་གནང་སྟེ། མཐར་ཐུག་བློ་ཕུག་གི་གཏད་སོ་གྲོལ་ལམ་རྫོགས་པ་ཆེན་པོར་བཅོལ་དགོས་ཞེས་ཡོངས་གྲགས་སུ་གསུངས་སྲོལ་ཡོད་པ་ལྟར་འདིར་སྐབས་སུ་བབ་པ་བླ་མེད་རྫོགས་པ་ཆེན་པོའི་གཞུང་ལུགས་སྤྱི་དང་བྱེ་བྲག་ཏུ་བླ་མེད་རྫོགས་པ་ཆེན་པོ་གཞུང་བཞི་ཞེས། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང༌། རྫོགས་ཆེན་བསྒྲགས་པ་སྐོར་གསུམ། རྫོགས་ཆེན་ཡེ་ཁྲི་མཐའ་སེལ། བྱང་སེམས་གབ་པ་དགུ་སྐོར་བཅས་ཀྱི་གཞུང་མ་བུ་ཆ་ལག་དང་བཅས་པའི་དགོངས་དོན་སྙིང་པོར་དྲིལ་བ་སྐལ་མེད་ཕལ་མོ་ཆེའི་གང་ཟག་གིས་ཐོས་དང་བསམ་པ་ཙམ་གྱིས་བློར་འཆུད་པར་དཀའ་ཞིང༌། སྐལ་ལྡན་ལས་ཀྱི་སྐྱེས་མཆོག་དག་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཏེ་སྐུ་གསུམ་མངོན་དུ་བྱེད་པའི་ཐབས་ཟབ་མོ་ཡེ་གྲོལ་བླ་མེད་རྫོགས་པ་ཆེན་པོའི་མན་ངག་གིས་གཞི་ཀ་དག་དང་ལྷུན་གྲུབ་གཉིས་གཏན་ལ་ཕབ། ལམ་ཁྲེག་ཆོད་དང་ཐོད་བརྒལ་གྱི་སྒོ་ནས་འབྲས་བུ་སྐུ་གསུམ་རྫོགས་པའི་སངས་རྒྱས་ འགྲུབ་པར་བྱེད་པའི་ལྟ་བ་ནི། བརྡ་དང་ཐ་སྙད་ཀྱི་ཡུལ་ལས་འདས་ཤིང་བཅོས་མེད་གཤིས་ཀྱི་གནས་ལུགས། འཁོར་འདས་ཐམས་ཅད་ཀྱི་གཞི་རྩ་སངས་རྒྱས་སེམས་ཅན་ཀུན་གྱི་ཡང་མེས་ཆེན་པོ་དེ་ནི། ཚིག་ཏུ་མཚོན་ན་ཀུན་ཏུ་གདགས་སུ་རུང་བ། དོན་དུ་དྲིལ་ན་གང་ཡང་མ་ཡིན་པར་སྒྲིབ་མེད་རང་གསལ་སྟོང་ཉིད་རྩ་བྲལ། གཅེར་བུ་རྗེན་པ། གདོད་ནས་འཁྲུལ་སྒྲིབ་ཉོན་མོངས་ཀྱིས་མ་གོས་པའི་ཀ་དག་ཆེན་པོ། གང་གིས་ཀྱང་མ་སྒྲིབ་མདོག་མ་བསྒྱུར་བས། དག་པ་ཟང་ཐལ། རྒྱུ་ཡིས་མ་བསྐྱེད། རྐྱེན་གྱིས་མ་བཅོས། རྩོལ་བས་མ་བསྒྲུབས། སྤྲོས་པའི་མཐར་མ་ལྟུང་བས་རང་འབྱུང་ཆེན་པོ། ཤེས་བྱ་འཁོར་འདས་ཐམས་ཅད་ཁོའི་ངང་དུ་རྫོགས་པ་ལས། ད་བཟོད་སྨིན་དུ་མེད། གྲོལ་དུ་མེད། རྟོག་ཏུ་མེད་པས་ལྷུན་གྲུབ་ཆེན་པོ། ངོས་བཟུང༌། གཟུགས་དབྱིབས། ཁ་དོག་ཆེ་ཆུང་ཅིའི་ངོ་བོར་ཡང་མ་བསྟན། གང་གི་ངོ་བོར་ཡང་མ་གྲུབ་པས་མཐའ་བྲལ་ཆེན་པོ། འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུང་རིས་སུ་མ་ཆད་དེ། མཐོ་བའི་ཀུན་ཏུ་བཟང་པོ་ནས། འཇག་མིག་གི་སྲིན་བུ་ཡན་ཆོད་ལ། ཆེ་ཆུང་མེད། ཕྲ་སྦོམ་མེད། སྲབ་འཐུག་མེད་པར་ཁྱབ་པས། ཀུན་ཁྱབ་ཆེན་པོ། ཐམས་ཅད་དེའི་ངང་ལས་འབྱུང་གནས་ཐིམ་གསུམ་བྱེད་ཅིང༌། ཁོ་ཉིད་གང་ལ་ཡང་རག་མ་ལུས་ཆོ་འཕྲུལ་སྣ་ཚོགས་སུ་འཆར་ཡང༌། ཁོ་ལ་བྲི་གང་མེད། དོག་པ་མེད། ཐམས་ཅད་ཁོ་ལས་གར་ཡང་མ་འདས་པས། བདག་ཉིད་ཆེན་པོ། དེ་ལ་སངས་རྒྱས་ཀྱི་སྤྱོད་པས་བཟང་དུ་མ་སོང༌། འཁོར་བའི་སྤྱོད་པས་ངན་དུ་མ་སོང༌། ཡར་ལ་མི་རེ། མར་ལ་མི་དོགས། གཅིག་ལ་མི་ཉེ། གཅིག་ལ་མི་རིང་བས་སྤྱི་སྤུངས་ཆེན་པོ། མིང་དུ་མ་བཏགས་ཀྱང་དོན་གཅིག་ལས་མ་འདས་པས། ངོ་བོ་གཅིག་ལ་མཐོང་སྣང་ཐ་དད་དུ་འབྱུང་བ། གཞི་གཅིག་ལ་བདེ་སྡུག་གི་ཁྱད་པར་ཆེ་བ། སྣ་ཚོགས་འཆར་ཡང་འདི་ཞེས་བསྟན་དུ་མེད་པ། གར་ཡང་མ་སྦས། སུས་ཀྱང་མ་མཐོང་གཏན་དུ་ནི་འགྲོགས། ངོ་ནི་མི་ཤེས། ཀུན་ལ་ཁྱབ། གཞན་ལ་མེད་པས་བློ་འདས་བརྗོད་མེད་ཆེན་པོ་ཞིག་ཡིན། འདི་ལྟར་གྱི་གནས་ལུགས་འདི་ལ་མཚན་གྱི་རྣམ་གྲངས་སུ། གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད། ངོ་བོ་རང་བཞིན་ཐུགས་རྗེ། ངང་དང་རང་བཞིན་བདག་ཉིད་ཆེན་པོ། གནས་ལུགས་བྱང་ཆུབ་སེམས་སོགས་སུ་བརྗོད་པ་ཡིན། འདི་ལྟར་གྱི་གནས་ལུགས་ཡོད་ལུགས་ཀྱི་དབང་དུ་བྱས་ན་སེམས་ཅན་དང་སངས་རྒྱས་ཐམས་ ཅད་ལ་མཉམ་པར་ཁྱབ་ནས་ཡོད། ཡིན་ལུགས་ཀྱི་དབང་དུ་བྱས་ན་བློ་རིག་གི་ཡུལ་ལས་འདས་ཤིང་ཐ་སྙད་ཚིག་གིས་བརྗོད་ མི་ནུས་པས་ན་མ་བཅོས་པའི་རང་བཞིན་ཞེས་སོ། །ཚུལ་འདི་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བྱིན་རླབས་ལ་བརྟེན་ནས་རང་ངོ་རང་ གིས་ཤེས་དགོས། གནས་ལུགས་རང་གི་རང་བཞིན་རང་ལ་གསལ་བས་ན། རང་རིག་ཡེ་ཤེས་དང༌། རང་འབྱུང་ཡེ་ཤེས་སོགས་ཀྱི་ཐ་སྙད་བཏགས། མ་བཅོས་པའི་གཤིས་ལུགས་ལ་གཞི་དང༌། གཞི་ཡི་རང་བཞིན་རང་གསལ་གྱི་ཚུལ་ལ་གོམས་འདྲིས་བྱེད་པའི་ཐབས་ལ་ལམ་དང༌། གོམས་པ་མཐར་ཕྱིན་པའི་ཚེ་འབྲས་བུ་རྫོགས་པའི་སངས་རྒྱས་ཞེས་བྱ། གདུལ་བྱ་ལས་དག་ལ་ཤེས་བྱའི་གནས་ལུགས་ཤེས་པ་ལ་བརྟེན་ནས་འཁྲུལ་རྟོག་འགག དེ་འགགས་ནས་སྒྲིབ་པའི་ཚོགས་དང་བྲལ། དེ་བྲལ་ན་ཀུན་མཁྱེན་ཡེ་ཤེས་མངོན་དུ་ཐོབ་པ་ཡིན།
ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཞེས་པའི་གོ་དོན་ཡང༌། མ་བཅོས་མ་བྱས་པའི་རང་བཞིན་ནམ། ངོ་བོ་ཉིད་གར་ཡང་བརྗོད་དུ་མེད་པ་ལས། རོལ་པ་སྣ་ཚོགས་གཉིས་བསྡུས་ཀྱི་བོན་རོལ་རྩལ་དུ་ཡང་སྣང་སྟེ། དེ་ཡང་ཡེ་ཤེས་ཀྱི་སྣང་བ་ཁོ་ན་ཡིན་པ་དེ་ཙམ་ལ་འདོགས་པའོ། །དེ་ནི་ཡོངས་རྩེ་བླ་མེད་ཀྱི་ཐེག་པའི་ལྟ་བའི་འདོད་ཚུལ་དང་སྐྱེ་མཆེད་ཅེས་པའི་གོ་དོན་བཤད་པ་ཡིན། ཇི་བཞིན་ཉིད་དེ་རྗོད་བྱེད་ཀྱི་སྒྲ་ཡིས་དངོས་ཡུལ་དུ་བཟུང་ནས་བརྗོད་མི་ནུས་པས་ན་སྨྲ་བསམ་བརྗོད་མེད་ཅེས་དང༌། སྣ་ཚོགས་སྒོ་ཡངས་ཇི་ལྟར་ཡང་གདགས་སུ་བཏུབ་བོ། །ཞེས་ཐེག་པ་གཞན་དང་སྒོ་བསྟུན་པའི་མིང་སྣ་ཚོགས་ཤིག་བཏགས་པ་ཡང་དགག་པ་མེད་ཅིང་ གདགས་སུ་རུང་སྟེ། སྒྲ་མཐུན་དོན་དཔག་ཅེས་སོགས་གསུངས་པ་ཡིན་ཞིང༌། ཇི་ལྟར་བཏགས་པའི་མིང་གིས་ཇི་བཞིན་ཉིད་ལ་བློ་ཕྱོགས་པའི་ཐབས་སྟོན་བྱེད་ཙམ་ལས་དོན་གྱི་ངོ་བོ་བློ་ཡུལ་དུ་འཆར་བར་སྟོན་མི་ནུས་པའི་ཕྱིར་ཏེ། ཇི་བཞིན་ཉིད་བློ་ཡི་ཡུལ་ལས་འདས་པ་ཡིན་པའི་ཕྱིར། ཇི་ལྟར་དམ་བཅས་པའི་དེ་བཞིན་ཉིད་དེ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་ཡུལ་དུ་བྱས་ཏེ་བྱ་བྱེད་མི་འཇུག་པའི་རང་བཞིན་ཅན་ཡིན་པ་དང༌། དེ་བཞིན་སྒྲ་རྟོག་གི་ཡུལ་དུ་བཟུང་ནས་ཡོད་མེད་རྟག་དངོས་དག་དང་མ་དག་གང་ཡང་བརྗོད་དུ་མེད་པ་ཞིག་ཡིན། གཞི་དེ་ཡི་རོལ་པའམ་རྩལ་དུ་འཁོར་བ་དང་མྱང་འདས་གཉིས་ཀྱིས་བསྡུས་པའི་བོན་སྣ་ཚོགས་ཀྱང་སྣང་བ་ཡིན་ལ། སྣང་བ་དེ་དག་ཐམས་ཅད་གཞི་གནས་ལུགས་རང་འབྱུང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཁོ་ན་སྣང་བའོ། །དེ་ལྟར་སྣང་ཡང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པར་རྟོགས་པའི་ངེས་པ་མེད་དེ། ཡུལ་ལ་འཁྲུལ་པའི་ཤེས་པ་དང་ལོག་ཤེས་དུ་མ་ཡོད་པ་ཡིན། དེ་ལྟར་སྣང་སྲིད་ཀྱི་བོན་ཐམས་ཅད་ཇི་བཞིན་ཉིད་དང་ངོ་བོ་གཅིག་པར་ཁས་བླངས་པ་དེ་བོན་ཐམས་ཅད་ཇི་བཞིན་ཉིད་ཀྱི་བདག་ཉིད་ཡིན་པ་ལ་བསམ་ནས་ངོ་བོ་གཅིག་པར་ཁས་བླངས་པ་མ་གཏོགས་སྣང་བ་ཐམས་ཅད་ཀྱི་རང་བཞིན་ཕར་ཡིན་ཚུར་ཡིན་ལྟ་བུ་ཁས་ལེན་པ་ ནི་མིན་ནོ། །
རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའམ་
དབུ་མ་པའི་ལྟ་བ།
སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་ཆ་ལག་ཆ་རྐྱེན་བཅས་པ་དང༌། བྱམས་མ་འབུམ་ལྔའི་ནང་གསེས་ཡེ་གཤེན་བཀོད་པ་དོན་འབུམ་བཅས་ཀྱི་དགོངས་དོན་ལྟར་ རང་རེ་གཡུང་དྲུང་བོན་གྱི་རིང་ལུགས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའམ་དབུ་མ་པ་ལ་དབྱེ་ན་རོལ་པ་སྐྱེ་མཆེད་ཡེ་གཤེན་དོན་འབུམ་གྱི་དགོངས་དོན་ཟབ་མོ་སྟོང་པ་ཉིད་བསྟན་པའི་དབུ་མ་པ་རོལ་པ་སྐྱེ་མཆེད་ལྟར་སྣང་བ་དང༌། མཚན་མ་ཀུན་བྲལ་ཁམས་བརྒྱད་ཀྱི་དངོས་བསྟན་སྟོང་པ་ཉིད་དང༌། ཤུགས་བསྟན་ཕར་ཕྱིན་གྱི་ལམ་རིམ་བསྟན་པའི་དབུ་མ་པ་མཚན་མ་ཀུན་བྲལ་ཅིར་མི་སྣང་བ། གཉིས་སུ་ཡོད། དེ་ཡང་འགྲེལ་མེ་ལོང་དགུ་སྐོར་ལས། དེ་གཉིས་ཟབ་མོ་གཏམ་གྱི་དོན་དམ་ལ་མཐུན་ཞེས་གསུངས་པས་ཟབ་མོ་གཏམ་གྱི་དོན་དམ་ནི། སྤྲོས་པའི་མཚན་མ་ཐམས་ཅད་ཡོངས་སུ་ཆད་པས། སྐྱེ་འགག་དང་བྲལ་ཏེ་ནམ་མཁའ་ལྟར་གནས་པ། ཅི་ལྟར་ཡང་མ་གྲུབ་པ། དངོས་པོ་ཐམས་ཅད་ཉེ་བར་ཞི་བ། དེ་ཡང་ཞི་བ་ཙམ་ལ་ཡང་མི་གནས་པའི་ཡེ་ཤེས་སོ། །
རོལ་པ་སྐྱེ་མཆེད་ལྟར་སྣང་གི་དབུ་མ་བས་གཏན་ཚིགས་གཅིག་དང་དུ་བྲལ་གྱིས་སྣང་བ་ ལ་ཡང་དག་པའི་སྤྲོས་པ་གཅོད་པའི་ཚེ་ཤུགས་ལ་སྐྱེ་མཆེད་སྒྱུ་མ་རྫུན་དུ་ཡོངས་སུ་གཅོད་ཅིང་བསྒྲུབ་པའི་ཚུལ་ནི། སྣང་བ་ཉམས་སུ་མྱོང་བ་བོན་ཅན། དངོས་པོ་ཡང་དག་པར་མེད་དེ། ཡང་དག་གི་གཅིག་དང་དུ་མ་བྲལ་བའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན། ཞེས་པའི་རྟགས་སྦྱོར་དེའི་བསྒྲུབ་བྱ་འཇལ་བའི་རྗེས་དཔག་ཚད་མ་དེས་སྣང་བ་ཉམས་སུ་མྱོང་བ་དེ་དངོས་པོ་ཡང་དག་པར་མེད་པ་དངོས་སུ་རྟོགས་ནས་བོན་ཅན་དེ་སྒྱུ་མ་ལྟ་བུ་རྫུན་པའི་དངོས་པོ་ཡིན་པ་ཤུགས་ལ་རྟོགས་པར་འདོད་དོ། །དེ་ཡང་རྫུན་པའི་བོན་གང་ཡིན་པ་ཐམས་ཅད་མི་བདེན་པར་གཟུགས་བརྙན་ལྟ་བུ་ཡིན་པ་མ་ཟད། དེ་དག་ཐམས་ཅད་རང་འཛིན་ཤེས་པའི་བདག་ཉིད་ཡིན་པར་འདོད་དེ། བྱམས་འབུམ་ལས། སེམས་དང་སེམས་བྱུང་སྣ་ཚོགས་ལ། །རང་བཞིན་དུ་མར་ཅི་སྣང་ཡང༌། །ངོ་བོ་གཅིག་ལས་མ་མཆིས་པ། །དངོས་པོར་མ་གྲུབ་ཐིག་ལེ་གཅིག །མ་རྟོགས་འཁྲུལ་པའི་བློ་ཅན་གྱིས། །རྟོག་པ་རབ་རིབ་ཅིར་མཐོང་ཡང༌། །བརྟགས་ན་སྙིང་པོ་གཞན་མེད་དེ། །འཁྲུལ་བྲལ་དེ་ཉིད་དོན་དམ་ཡིན། །ཡེ་ནས་གནས་པའི་སེམས་ཉིད་དེ། །ཤེས་པས་རྣམ་པར་བཅད་བྱས་ན། །ཤེས་པ་ལ་ནི་གཞན་ཡོད་མིན། །གཞན་མེད་ཕྱིར་ན་ཉག་གཅིག་སྟེ། །དེ་ནི་རིག་པའི་ཡེ་ཤེས་སོ། །ཞེས་གསུངས་པའི་ཕྱིར།
མཚན་མ་ཀུན་བྲལ་ཅིར་མི་གནས་ཀྱི་གོ་བ་ནི། སྣང་བ་ལ་རིགས་པས་དཔྱད་ན་རྣམ་པར་བཅད་པ་ཙམ་ལ་ཐ་སྙད་བཏགས་ཏེ། སྤྲོས་པ་ཐམས་ཅད་ཡོངས་སུ་བྲལ་བའི་ཕྱིར་ཞེས་གསུངས་པས་གཏན་ཚིགས་གཅིག་དང་དུ་བྲལ་གྱིས་སྣང་བ་ལ་ཡང་དག་པའི་སྤྲོས་པ་གཅོད་པའི་ཚེ་སྣང་བ་དང་བདེན་པ་རྐྱང་པ་ དགག་བྱ་མི་བྱེད་ཅིང་དེ་གཉིས་ཀྱི་ཚོགས་དོན་དགག་བྱར་བྱེད་པས། དོན་དམ་དཔྱོད་པའི་རིགས་ངོར་སྣང་བ་འདི་ཉིད་སྣང་བ་སྣང་བས་སྟོང་པར་འདོད་པ་སྟེ། ད་ལྟ་རང་རེ་སོ་སྐྱེའི་སྐབས་སུ་མ་རིག་པས་བསླད་པའི་དབང་གིས་སྣང་ཚད་ཐམས་ཅད་བདེན་གྲུབ་ཏུ་སྣང་བས་སྣང་བ་དང་བདེན་གྲུབ་གཉིས་ཐ་དད་དུ་མི་འཆར་བས་ད་ལྟའི་སྣང་བ་འདི་ལས་གཞན་རྟགས་ཀྱི་དགག་བྱ་ཞིག་མེད་ལ། དེའི་དབང་གིས་དོན་དམ་དཔྱོད་པའི་རིགས་ངོར་སྣང་བ་སྣང་བས་སྟོང་པ་བཞེད་པའོ། །
རྫོགས་ཆེན་དང་དབུ་མ་པའི་ལྟ་བའི་འབྲེལ་བའམ་ཁྱད་པར།
དེ་ཡང་རང་རེ་གཡུང་དྲུང་བོན་གྱི་ལུགས་ལ་བླ་མེད་རྫོགས་པ་ཆེན་པོ་དང༌། དབུ་མ་པ་གཉིས་ཀྱི་ལྟ་བའི་རྣམ་བཞག་འཆད་སྐབས་སྒྲ་མཐུན་པའི་འབྲེལ་བ་དུ་མ་ཞིག་ སྲིད་ཀྱང་དོན་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་ཡིན་ཏེ། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་རྩོད་སྤོང་སྨྲ་བའི་སེང་གེ་ལས། སྣ་ཚོགས་སྒོ་ཡངས་ཅི་ལྟར་ཡང་གདགས་སུ་བཏུབ་བོ། །ཞེས་གསུངས་པ་ལྟར་ཐེག་པ་གཞན་དང་སྒོ་བསྟུན་པའི་མིང་སྣ་ཚོགས་ཤིག་བཏགས་པ་ཡང་དགག་པ་མེད་ཅིང་གདགས་སུ་རུང་བས་སྒྲ་མཐུན་དོན་དཔག་ཁྱད་པར་ཆེ་ཞེས་པའི་དོན་དང༌། གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། སྟོང་པ་མཐའ་བྲལ་འདི་དང་མཐུན་མོད་ཀྱང༌། ཟད་ཤོར་ཕྱད་ཆད་སྐྱོན་བཞིས་གོས་པར་འདོད། ཅེས་དང༌། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། གཡུང་དྲུང་སེམས་དཔའི་ཐེག་པ་སྤྲོས་མེད་པས་དྲིས་པ། བོན་ཐམས་ཅད་དོན་དམ་དང་ཀུན་རྫོབ་ཏུ་འདུས་ཏེ། དེ་ཡང་ཀུན་རྫོབ་ཏུ་ནང་གི་སེམས་དང༌། ཕྱིའི་ཡུལ་སྣ་ཚོགས་སུ་སྣང་བ་ནི་མ་བརྟག་ན་ཉམས་དགའ་བ་ཙམ་དུ་སྣང་བས། བརྟག་ན་བརྟག་མི་བཟོད་པ་ཞེས་བྱའོ། །དོན་དམ་ལ་ཕྱི་ནང་གི་དངོས་པོ་སྣ་ཚོགས་པ་ཐམས་ཅད་ཡེ་ནས་དག་ཅིང༌། རྒྱུ་འབྲས་ཐམས་ཅད་དང་བྲལ་བ། དང་པོ་མ་སྐྱེས་པ། མཐར་མི་འགག་ཡུལ་སེམས་གཉིས་ཀ་དངོས་པོར་གྲུབ་པ་མེད་དེ། རང་བཞིན་སྟོང་པ་ཉིད་འདུས་མ་བྱས་པ། མཚན་མ་ཐམས་ཅད་ཉེ་བར་ཞི་བ། དངོས་པོ་ཉིད་ནམ་མཁའ་ལྟར་གནས་པ། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ། དེ་ལྟ་བུའི་བོན་ཉིད་ལས་ནི། ཁྱད་པར་འཕགས་པའི་ལྟ་བ་ནི་གང་ཡང་མེད་དོ་ཞེ་ན། ཁྱོད་ནི་ངོ་བོ་ཉིད་ནམ་མཁའ་ལྟར་གནས་པར་ཁས་བླངས་ནས། དོན་དམ་ཀུན་རྫོབ་གཉིས་སུ་དབྱེར་མེད་བཟང་ངན་དུ་འདོད་པས། ནམ་མཁའ་ནི་མཉམ་པ་ཉིད་དུ་ཀུན་ཤོང་བ་ཡིན་ཙམ་ན། ཁྱོད་ལ་མི་མཉམ་བ་དང་མ་ཤོང་བ་བྱུང་ནས། དཔེ་ལ་ཡང་སྐྱོན་ཞུགས། དེས་དོན་ལ་ཡང་སྐྱོན་ཞུགས་སོ། །ང་ནི་དོན་དམ་ཀུན་རྫོབ་གཉིས་སུ་མི་འབྱེད་དེ། དེས་ན་བཟང་ངན་དང་ཆེ་ཆུང་མེད་པའོ། །ཡང་ན་ཁྱོད་ཀྱིས་ཀུན་རྫོབ་ཏུ་ཡུལ་སེམས་གཉིས་སུ་འབྱེད་པར་འདོད་དེ། ང་ནི་ཀུན་རྫོབ་རང་དུ་ཡང་ཡུལ་སེམས་གཉིས་སུ་མི་འབྱེད་དོ། །ཡང་ན་ཁྱོད་ཀྱིས་ཅིས་ཀྱང་བདེན་པ་གཉིས་ཁས་བླངས་དགོས་ཏེ། ངས་ནི་བདེན་པ་གཉིས་སུ་མི་འབྱེད་པའོ། །ཞེས་གསུངས། ཉི་མ་སྟོང་ཁྱབ་ལས། ཁྱད་པར་བླ་མེད་རྫོགས་པ་ཆེན་པོ་འདི། །སེམས་ལ་སེམས་ཀྱིས་བལྟས་པས་སེམས་མ་རྙེད། །ཡུལ་མེད་སྒྲིབ་མེད་འོད་གསལ་དངོས་མེད་ཕྱིར། །དེ་དོན་རྒྱ་མ་ཆད་པས་གསལ་ལ་མི་རྟོག་མཉམ། །འདི་ལ་གཅིག་ཡོད་གཅིག་མེད་སྐྱོན་གྱིས་ཡེ་མ་གོས། །ཞེས་དང༌། གསས་རྗེ་འཕྲུལ་གྱི་མདོ་ལས། མཚན་ཉིད་ཐེག་ཆེན་ཐུགས་རྗེ་གཡུང་དྲུང་གཉིས། །སེམས་དངོས་གསལ་འདོད་སྟོང་ཉིད་མི་རྟོག་འདོད། །གཅིག་ལས་གཅིག་ལོག་རྒྱ་ཆད་ཡིན་པའི་ཕྱིར། །གསལ་ལ་མི་རྟོག་ཁས་བླངས་རང་གི་ཚིག་དང་འགལ། །ཞེས་དང༌། གཏན་ཚིགས་གལ་མདོ་རིགས་པའི་ཚད་མ་ལས། །མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་ཉམས་མྱོང་ནི། གསལ་ལ་མི་རྟོག་པར་མི་གཏུབ་སྟེ། ཐུགས་རྗེ་སེམས་དཔས་འདོད་པ་ནི་སེམས་ཀྱི་དངོས་པོ་གསལ་ལ་རིག་པར་ཉམས་སུ་མྱོང་བར་འདོད་དེ། དེའི་ངོས་ནས་མི་རྟོག་པ་གཏན་མེད་དོ། །གལ་ཏེ་ཡོད་ན་སེམས་དེ་གཏན་མེད་དུ་འགྱུར་བའི་ཕྱིར་རོ། །གཡུང་དྲུང་སེམས་དཔའི་འདོད་པས་བོན་ཐམས་ཅད་སྟོང་ཞིང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རྟོག་པ་བདག་མེད་པར་འདོད་དེ། དེའི་ངོ་བོ་ནས་རང་རིག་གསལ་བ་མེད་པར་འདོད་དེ། གལ་ཏེ་ཡོད་ན་རིགས་པས་གྲུབ་པའི་ཡང་དག་པར་འགྱུར་བའི་ཕྱིར་རོ། །དེས་ན་དེ་གཉིས་ཀྱི་འདོད་པ་གཅིག་ལས་གཅིག་ལོག་སྟེ། ཐ་དད་དུ་རྒྱ་ཆད་པའི་ཕྱིར་གང་གི་སྐྱོན་འཇུག་པ་ཡིན་གྱི། སེམས་ཉིད་རྫོགས་པ་ཆེན་པོ་དེ་ཉིད་ལས། རང་རིག་ཉིད་ཀྱང་དངོས་པོ་མེད། དངོས་མེད་ཉིད་ཀྱང་རང་རིག་པས། ལྡོག་བཅས་རྒྱ་མ་ཆད་པའི་ཕྱིར། གསལ་བ་ཉིད་ན་མི་རྟོག་སྟེ། མི་རྟོག་པ་ཉིད་རང་རིག་གསལ། གཉིས་སུ་དབྱེར་མེད་ཉག་གཅིག་མ། གཞན་ནས་མ་ཡིན་བཙལ་མེད་པར། རང་ཉིད་ལས་ནི་ཉམས་སུ་མྱོང༌། ཞེས་པ། དེ་གཉིས་ཐ་དད་དུ་རྒྱ་མ་ཆད་དེ་ཡེ་ནས་རང་འབྱུང་ཉག་གཅིག་ཏུ་གནས་པའི་ཕྱིར། གོང་གི་སྐྱོན་ལས་ཡེ་ནས་གྲོལ་ལོ། །དེས་ན་ཐེག་པ་ཆེན་པོ་རྫོགས་ཆེན་ནི། ལྟ་བས་འཁོར་འདས་ཀྱི་བོན་ཐམས་ཅད། སྤང་གྲུབ་མེད་པར་ཡེ་ནས། ཐིག་ལེ་ཆེན་པོ་གཅིག་གི་རང་བཞིན་དུ་རྟོགས་པས། ཡིད་ཀྱི་ཡུལ་དམིགས་པ་ཞིག་ལ་བློས་ཆེད་དུ་གཏད་ནས་བསྒོམ་མི་དགོས་པས། མཉམ་བཞག་དང་རྗེས་ཐོབ་དབྱེར་མེད་དེ། དེས་ན་ཐམས་ཅད་མཉམ་པ་ཉིད་དུ་གསལ་བའོ། །ཞེས་དང༌། གཡུང་དྲུང་ཡེ་རྫོགས་ལས། བོན་རྣམས་ཐམས་ཅད་མ་ལུས་ཀུན། །ཐིག་ལེ་ཆེན་པོ་ཡེ་ཡིན་ཕྱིར། །ད་ལྟའི་དུས་ཉིད་ཡེངས་མེད་ཕྱིར། །མཉམ་བཞག་རྗེས་ཐོབ་དབྱེར་མེད་ཕྱིར། །དེས་ན་ཀུན་ཀྱང་མཉམ་ཉིད་དོ། །ཞེས་གསུངས།
གཞན་ཡང་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་མ་བཅོས་གཤིས་ཀྱི་གནས་ལུགས་དེ་ཉིད་མཐའ་ བརྒྱད་ཀྱི་སྤྲོས་པ་བཀག་པའི་ཆའམ་དགག་བྱ་བདེན་གྲུབ་བཀག་པའི་ཆ་ལ་མི་འཇོག་པ་དང༌། དེ་ཉིད་ལ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད་ཡེ་ཤར་ཡེ་རྫོགས་སུ་ལྷུན་གྱིས་གྲུབ་པར་རྫོགས་པས་ན། དབུ་མའི་ལྟ་བ་ལས་ཀྱང་ཁྱད་པར་འཕགས་པར་གསུངས། རྫོགས་པ་ཆེན་པོའི་ལུགས་ལ་ལྟ་བ་བདེན་པ་གཉིས་ཀྱི་རྣམ་བཞག་ཁས་མི་ལེན་ཅིང༌། སྣང་བ་ཐམས་ཅད་སེམས་ཀྱི་ཕར་བཏགས་པ་ཙམ་དང༌། རྣམ་རྟོག་གི་སྣང་ཚུལ་ཙམ་དུ་འདོད་ཀྱང་ཐུགས་རྗེ་སེམས་དཔའ་ལྟར་ཡུལ་སེམས་བདག་ཉིད་གཅིག་པའམ་སེམས་ཙམ་དུ་ཁས་མི་ལེན་པ་ཡིན། ད་ལྟའི་སྣང་བ་འདི་ཉིད་ཀྱིས་གནོད་པ་མ་བསྐྱལ་བས་སྤོང་འགེགས་མེད་པར་རང་བབས་སུ་བཞག་ན་བོན་ཉིད་འབའ་ཞིག་ཏུ་རང་སར་གྲོལ་བས་དབུ་མ་པས་འདོད་པ་བཞིན་སྣང་བ་བཀག་ཀྱང་མི་དགོས། དེ་ཡི་ལུང་ནི། འགྲེལ་མེ་ལོང་ལས། ཡུལ་གྱི་མཚན་མ་འདིས་གནོད་པ་མ་བྱས་པས་རང་རྟོགས་གཡུང་དྲུང་ཐེག་པ་ལྟར་མི་སྤོང༌། ཕན་པ་མ་བྱས་པས་ཐུགས་རྗེ་སེམས་དཔའ་ནས་གསང་སྔགས་ཕྱི་ནང་ལྷུན་གྲུབ་ལྟར་མི་བསྒྲུབ་བོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྤང་འགེགས་གང་ཡང་མ་བྱས་ཀྱང་རྟག་ཆད་ཀྱི་མཐའ་ལས་གྲོལ་ཚུལ་ནི། ཁྱད་པར་གྱི་གདམས་པ་ལས། ཡང་གཞི་དེ་ང་དང་བདག་ཏུ་མ་གྲུབ་པས་རྟག་པའི་མཐའ་ལས་གྲོལ་ལོ། །ཅི་ཡང་མེད་པར་སྟོང་པར་མ་སོང་བས་ཆད་པའི་མཐའ་ལས་གྲོལ། ཞེས་སོ། །དེས་ན་གཡུང་དྲུང་བོན་གྱི་ལུགས་ལ་དབུ་མའི་ལྟ་བ་ནི་ལྟ་བ་མཐར་ཐུག་མ་ཡིན་ཞིང༌། དབུ་མའི་གཞུང་རྣམས་ཀྱང་ངེས་དོན་མཐར་ཐུག་སྟོན་པའི་གཞུང་དུ་མི་འདོད་པས། དེའི་རྒྱུ་མཚན་ནི་གཞུང་འགྲེལ་ཚད་ལྡན་རྣམས་ལས། འདིའི་ལྟ་བ་མཐར་ཐུག་མེད་དགག་སྟོང་པ་འབའ་ཞིག་ཏུ་བསྟན་པ་ལས། གཏིང་གསལ་ལྷུན་གྲུབ་ཀྱི་ཡོན་ཏན་གང་ཡང་མ་བསྟན་པས་ཤེས་ནུས། འདི་ཡི་ལུགས་ཀྱི་རང་བཞིན་གྲུབ་པ་དང༌། བདེན་པར་གྲུབ་པ་སོགས་བཀག་པའི་མེད་དགག་རྣམ་ཅན་གྱི་ལྟ་བ་ནི་བདག་འཛིན་མངོན་ གྱུར་ཅན་གྱི་གང་ཟག་དང༌། ཕྱི་རོལ་རྟག་པར་ལྟ་བའི་རིགས་རྣམས་ངེས་དོན་རྫོགས་པ་ཆེན་པོའི་ལམ་ལ་འཁྲིད་པ་དང༌། ཀུན་བརྟགས་དང་ལྷན་སྐྱེས་ཀྱི་རྟོག་པས་བཏགས་པའི་དགག་བྱ་རགས་ཙམ་འགོག་ཆེད་དུ་བསྟན་པ་ཡིན་ཏེ། རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་ལོ་རྒྱུས་ཁོག་དབུབ་ཀྱི་ལྡེ་མིག་ལས། ལམ་ལོག་པ་མུ་སྟེགས་རྟག་ཆད་ལ་དགོངས་ནས། རྒྱུ་མཚན་ཉིད་དང་གྲུབ་མཐའི་བོན་བསྟན། སྔོན་ནས་སྦྱངས་འཕྲོ་ཅན་ལ་དགོངས་ནས། རྫོགས་ཆེན་རང་གྲོལ་གྱི་བོན་བསྟན། ཞེས་སོགས་གསུངས་སོ། །
མདོར་ན་གཡུང་དྲུང་བོན་གྱི་ལུགས་ལ་མདོ་ཡི་ལུགས་ཀྱི་ཐེག་པ་ཆེ་ཆུང་གང་གིས་ཀྱང་ལྟ་བ་སེམས་ཁོ་ནའི་སྟེང་དུ་བཙལ་མི་དགོས་ཏེ་གཞི་གྲུབ་ཐམས་ཅད་ཀྱི་སྟེང་ནས་ལྟ་བ་རྙེད་ཐུབ་པ་དང༌། ཅིའི་ཕྱིར་ཞེ་ན། འདི་རྣམས་ཀྱི་ལྟ་བ་བདག་མེད་རྟོགས་པའི་ཤེས་རབ་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། དོན་དམ་དཔྱོད་པའི་ཤེས་རབ་སོགས་ཀྱིས་གཞལ་དགོས་པའི་ཕྱིར། རང་ལུགས་ལ་རྫོགས་ཆེན་གྱི་ལྟ་བ་སེམས་ཁོ་ནའི་སྟེང་ནས་བཙལ་བ་ལས་ཡུལ་གཞན་གྱི་སྟེང་ནས་གསར་དུ་རྙེད་པ་མི་སྲིད་དེ། རྫོགས་ཆེན་གྱི་ལྟ་བ་ནི་བློ་རིག་གི་ཡུལ་ལས་འདས་ཤིང༌། རང་རིག་ཁོ་ནས་གཞལ་དགོས་པ་དང༌། རང་རིག་ཅེས་པ་མིང་ཙམ་ལས་དོན་དུ་གཞི་གནས་ཀྱི་གསལ་ཆ་ལས་གཞན་མེད་ཅིང༌། རང་རིག་དེ་རྒྱུ་དང་རྐྱེན་ལས་མ་སྐྱེས་པ་དང༌། དངོས་པོ་དང་དངོས་མེད་སོགས་ལས་འདས་པ་དང༌། གཞི་གསལ་སྟོང་དབྱེར་མེད་རང་གིས་རང་རྟོགས་པས་ན་རང་རིག་ཅེས་ཀྱི་ཐ་སྙད་བཏགས་པ་ཡིན་ཏེ། སྒྲ་དབྱངས་ཚངས་པའི་མདོ་ལས། མ་ནོར་ངེས་པའི་དོན་ཆེན་ནི། །ཡེ་ནས་ཡུལ་དང་ཡུལ་ཅན་མེད། །སེམས་ཉིད་ཕྱོགས་སུ་མ་ལྷུང་བ། །རང་རིག་ཉིད་ལ་དངོས་མེད་ངང༌། །དེ་ནས་མ་ཡེངས་གནས་པའོ། །ཞེས་དང༌། བ་ག་མངོན་རྫོགས་ལས། རང་འབྱུང་ཡེ་ཤེས་རང་བཞིན་ནི། །རང་ལ་འཆར་བས་རང་ཡིན་ནོ། །ཞེས་སོགས་ལུང་རིགས་དུ་མའི་སྒོ་ནས་རྫོགས་ཆེན་གྱི་ལྟ་བ་དབུ་མའི་ལྟ་བ་དང་ཁྱད་པར་ཕྱེས་གནང་ཡོད་པ་ནི་བརྗོད་ཀྱིས་མི་ལོང་ངོ༌། །

No comments:

Post a Comment