Saturday, August 27, 2011

མ་ཏྲིའི་བསྐུལ་མ་ཚིགས་སུ་བཅད་པ་བཞུགས།

སྤྲུལ་སྐུ་བློ་ལྡན་སྙིང་པོ།

༄༅། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨེ་མ་ཧོ། སྤྱི་གཙུག་བདེ་བའི་ཕོ་བྲང་ན། །བསྟན་པའི་མངའ་བདག་རིན་པོ་ཆེ། །འདུལ་གཤེན་དྲུག་དང་ཁྱེའུ་བཞི། །སྒྲིབ་མེད་འོད་ཀྱི་སྐུ་རུ་བཞུགས། །མོས་པའི་ཡིད་ཀྱིས་གསོལ་བ་འདེབས། །བྱིན་རླབས་ཞུ་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །གནས་འདིར་ཚོགས་པའི་ལྷ་མི་རྣམས། །འོ་སྐོལ་མ་རིག་འཁྲུལ་པ་ཡིས། །འབྱུང་རིག་རང་དབང་མ་ཐོབ་ནས། །རིགས་དྲུག་འཁོར་བའི་གནས་སུ་འཁྱམས། །སྒྱུ་མ་ཤ་ཡི་གདོས་པ་བླངས། །སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང། །གཏན་དུ་ཐར་མེད་སྙིང་རེ་རྗེ། །སྡུག་བསྔལ་དེ་ལས་ཐར་ནས་སུ། །ཐར་པའི་ལམ་ལ་བསྒྲོད་པ་དང། །བདེ་གནས་ཐོབ་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །
ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །སྐྱེ་བ་ཆུ་རྒྱུན་རིང་དང་གཅིག །རྒས་པ་ཆུ་རྩ་འབྲུག་དང་གཉིས། །ན་བ་རྦ་ཀློང་འཁྲུག་དང་གསུམ། །འཆི་བ་ཐར་པ་མེད་དང་བཞི། །འདི་བཞི་མི་ཐར་བདུད་ཀྱི་ཆུ་བཞི་ཡིན། །ཆུ་དེ་ལས་བརྒལ་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །འཁོར་བའི་རྒྱ་མཚོ་འཁྱིལ་དང་གཅིག །སྔུག་བསྔལ་མཚོ་གཏིང་ཟབ་དང་གཉིས། །མི་བདེ་རྦ་ཀློང་འཁྲུགས་དང་གསུམ། །ཐར་མེད་གཏིང་དུ་ལྟུང་དང་བཞི། །འདི་བཞི་སྡུག་བསྔལ་བཙོན་ར་མཚོ་བཞི་ཡིན། །བཙོན་དེ་ལས་ཐར་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །གཉེན་འབྲེལ་གདོས་ཐག་རིང་དང་གཅིག །བུད་མེད་བརྟོད་ཕུར་དམ་དང་གཉིས། །ཆགས་ཞེན་མདུད་པ་འཇགས་དང་གསུམ། །བུ་ཚ་གདོས་ལ་འཐོག་དང་བཞི། །འདི་བཞི་འཁོར་བའི་གདོས་ཐག་ཡིན། །གདོས་ཐག་བྲལ་འདོད་སྐྱེས་བུ་རྣམས། །།མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །གཏི་མུག་དམག་ཚོགས་མང་དང་གཅིག །ང་རྒྱལ་གོ་ཁྲབ་བཙན་དང་གཉིས། །འཕྲག་དོག་དམག་ཤོམས་མཁས་དང་གསུམ། །ཞེ་སྡང་མཚོན་ཆ་རྣོ་དང་བཞི། །འདི་རྒྱབ་ནས་འཇིགས་པའི་དགྲ་བཞི་ཡིན། །དགྲ་དེ་ལས་ཐར་འདོད་སྐྱེས་བུ་རྣམས། །།མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །བར་དོའི་ལམ་འཕྲང་རྩུབ་དང་གཅིག །དགྲ་ལྔའི་ལམ་དུ་བསྒུག་དང་གཉིས། །འོད་ལྔའི་སོ་བ་གབ་དང་གསུམ། །བདུད་ལྔ་ཐོག་འབབ་རྒྱུག་དང་བཞི། །འདི་བཞི་སྔོན་ནས་སྒུག་པའི་འཕྲང་བཞི་ཡིན། །འཕྲང་དེ་ལས་བརྒལ་འདོད་སྐྱེས་བུ་རྣམས། །།མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །དམྱལ་བའི་ཁྲིམས་ར་འཇིགས་དང་གཅིག །གཤིན་རྗེའི་ཁྲིམས་གཅོད་མཁས་དང་གཉིས། །དགེ་སྡིག་རྒྱུ་འབྲས་ཞིབ་དང་གསུམ། །བུ་ལོན་ལན་ཆགས་དྲག་དང་བཞི། །འདི་བཞི་ཐར་མེད་ཡུལ་བཞི་ཡིན། །ཡུལ་དེ་ལས་ཐར་འདོད་སྐྱེས་བུ་རྣམས། །།མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །ལོངས་སྤྱོད་འདམ་རྫབ་ཆེ་དང་གཅིག །ཟས་ནོར་འདམ་མཚོ་ཟབ་དང་གཉིས། །འདོད་སྲེད་འདམ་ལ་འབོག་དང་གསུམ། །ཞེན་ཆགས་འདམ་ལ་ཟུག་དང་བཞི། །འདི་བཞི་སྡུག་བསྔལ་འདམ་བཞི་ཡིན། །འདམ་དེ་ལས་ཐར་འདོད་སྐྱེས་བུ་རྣམས། །ཉོན་མོངས་མགོ་ལོ་རྒོད་དང་གཅིག །བུད་མེད་བསླུ་བྲིད་མཁས་དང་གཉིས། །སྙིང་མེད་སླུ་ཁ་ཡང་དང་གསུམ། །སྡུག་བསྔལ་བཙོན་ར་ཟིན་དང་བཞི། །འདི་བཞི་ཐར་མེད་བཙོན་ར་ཡིན། །བཙོན་དེ་ལས་ཐར་འདོད་སྐྱེས་བུ་རྣམས། །།།མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །འདུ་འཛི་དམིག་ཁྲིད་མཁས་དང་གཅིག །ལེ་ལོ་ཕྱི་བཤོལ་འདེབས་དང་གཉིས། །གཡེང་བའི་མེ་ཚེ་ཟད་དང་གསུམ། །འཁྲུལ་སྣང་ལོག་པར་གོལ་དང་བཞི། །འདི་བཞི་ཐར་ལམ་གག་བཞི་ཡིན། །གག་དེ་ལས་ཐར་འདོད་སྐྱེས་བུ་རྣམས། །།།མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །ཞེ་སྡང་རྣོ་དབལ་ཆེ་དང་གཅིག །འདོད་ཅགས་ཚ་གདུང་སྐམ་དང་གཉིས། །གཏི་མུག་ཐར་ལམ་སྒྲིབ་དང་གསུམ། །སྡིག་རྐྱེན་གྲོགས་སུ་ངན་དང་བཞི། །འདི་བཞི་ངན་སོང་འགྲོ་བའི་རྒྱུ་རྐྱེན་བཞི། །རྐྱེན་དེ་ལས་ཐར་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །གསོད་གཅོད་ལུས་ཀྱི་སྒྲིབ་དང་གཅིག །འཁྱལ་ཚིག་ངག་གི་སྒྲིབ་དང་གཉིས། །གདུག་སེམས་ཡིད་ཀྱི་སྒྲིབ་དང་གསུམ། །ཉོན་མོངས་ལས་ཀྱི་སྒྲིབ་དང་བཞི། །འདི་བཞི་བྱང་མེད་རྒྱུ་བཞི་ཡིན། །རྒྱུ་དེ་བཞི་སྦྱང་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །བླ་མ་དགེ་འདུན་དཀོར་དང་གཅིག། །ཚྭ་ཚྭ་ཆུ་གཏོར་དཀོར་དང་གཉིས། །ཚོགས་གསོག་མར་མེའི་དཀོར་དང་གསུམ། །ཡོན་བདག་ཕོ་མོའི་དཀོར་དང་བཞི། །བྲིས་ཀློག་འདོན་ཆོག་ལས་སོགས་དཀོར། །དཀོར་དེ་རྣམས་མི་ཞུ་ཁྲོ་ཆུ་འདྲ། །དཀོར་དེ་རྣམས་ཞུ་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །སྒྱུ་ལུས་བག་ཆགས་ཆེ་དང་གཅིག །རང་རིག་མིག་རྩ་ཞན་དང་གཉིས། །དུག་ལྔའི་དམག་དཔུང་མང་དང་གསུམ། །རྣམ་རྟོག་ངན་དབྱེན་བྱེད་དང་བཞི། །འདི་བཞི་འདུག་ན་མི་བཙན་རྫོང་བཞི་ཡིན། །ད་བཙན་ས་བཟུང་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །དགེ་བའི་སྒྲུབ་ཐབས་བཟང་དང་གཅིག །མཐོ་རིས་ཐེམ་སྐས་རྙེད་དང་གཉིས། །ལྷ་མིའི་ཐེམ་སྐས་བདེ་དང་གསུམ། །བརྩོས་འགྲུས་སྐས་ཁར་ཕྱིན་དང་བཞི། །འདི་བཞི་ཐར་ལམ་བསྒྲོད་པའི་སྐས་བཞི་ཡིན། །སྐས་དེ་ལ་འཛེགས་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །ལྷ་གནས་འདོད་ཡོན་ཚང་དང་གཅིག །མཁའ་སྤྱོད་བདེ་བ་ཅན་དང་གཉིས། །ཨོ་རྒྱན་ངོ་མཚར་ལྡན་དང་གསུམ། །རྟག་གཟིགས་འཕོ་འགྱུར་མེད་དང་བཞི། །འདི་བཞི་ཐར་ལམ་བསྒྲོད་པའི་གནས་བཞི་རེད། །གནས་དེ་ལ་བསྒྲོད་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །ཡིད་དམ་བྱིན་རླབས་ཆེ་དང་གཅིག །རིག་འཛིན་ཐུགས་རྗེ་འདྲེན་དང་གཉིས། །དཔའ་བོ་དངོས་གྲུབ་གཏེར་དང་གསུམ། །དཔའ་མོ་བརྩེ་གདུང་ཆེ་དང་བཞི། །འདི་བཞི་འཇིགས་པ་སྐྱོབ་པའི་ལྷ་བཞི་ཡིན། །ལྷ་དེ་ལ་མཇལ་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཀྱེ་མ་གསོན་དང་སྐལ་ལྡན་རྣམས། །གནས་འདིར་ཚོགས་པའི་ལྷ་མི་རྣམས། །འོག་མིན་ཆེན་པོའི་བོན་དབྱིངས་སུ། །སྐྱེ་མེད་བ་ག་ཡུམ་གྱི་དབྱིངས། །མ་བཅོས་སྤྲོས་བྲལ་ངོ་བོ་ཉིད། །མི་འགྲོ་མི་འོང་ཐིག་ལེའི་དབྱིངས། །འདི་བཞི་འཁོར་འདས་གཉིས་ཀྱི་རྫོགས་ས་ཡིན། །དབྱིངས་དེ་ལ་རྫོགས་འདོད་སྐྱེས་བུ་རྣམས། །མ་ཏྲི་མུ་ཡེའི་གསུང་དབྱངས་སྒྲོགས། །ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།

No comments:

Post a Comment