Saturday, January 14, 2012

བླང་དོར་དཔྱད་ཀྱི་མེ་ལོང་།


༄༅། །ལུགས་གཉིས་ཀྱི་སྤྱོད་པ་ལ་འཇུག་ཐབས་བླང་དོར་དཔྱད་ཀྱི་
མེ་ལོང་ཞེས་བྱ་བ་བཞུགས་སོ།།
ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན།
མཁྱེན་བརྩེ་ཕུལ་ཕྱིན་རྒྱུད་གསུམ་བླ་མ་རྗེ།།
སྤངས་རྟོགས་ཕུལ་ཕྱིན་དུས་གསུམ་སངས་རྒྱས་དང།།
དོན་གཉིས་ཕུལ་ཕྱིན་ཐེག་གསུམ་གཡུང་དྲུང་བོན།།
ལུང་རིག་ཕུལ་ཕྱིན་བསླབ་གསུམ་སེམས་དཔར་འདུད།།
དཔྱད་གསུམ་ནོར་བུའི་གན་མཛོད་ལས་ཐོན་པའི།།
ཡ་རབས་ཤེས་ལྡན་གོང་མའི་བཟང་སྤྱོད་ལ།།
འཇུག་ཐབས་བླང་དོར་དཔྱད་ཀྱི་མེ་ལོང་འདི།།
བློ་གྲོས་ལང་ཚོ་གསར་པའི་དཔལ་དུ་སྦྱིན།།
༸ མི་ལུས་དལ་ལྡན་དབང་གཙང་རྣམས། །སྤྱོད་འཇུག་ཚུལ་ལ་རིང་ལུགས་གཉིས། །ཀུན་རྫོབ་འཇིག་རྟེན་མི་ཐབས་དང། །དོན་དམ་བོན་ལ་སྤྱོད་ལུགས་སོ།། ༸ ཀུན་རྫོབ་འཇིག་རྟེན་མི་ཐབས་ཀྱང།། འགྲོ་བ་སྤྱི་ཡི་ལས་སྤྱོད་དང།། བྱེ་བྲག་སོ་སོའི་སྤྱོད་འཇུག་གོ།། འགྲོ་སྤྱིའི་སྤྱོད་ལམ་ཇི་ལྟར་ན།། སྐྱེ་བ་མཐོ་དམན་ཇི་ལྟར་རུང།། བོན་བཞིན་སྤྱོད་པའི་ཡབ་མེས་དང་།། ཡ་རབས་མཁས་པའི་རྗེས་འབྲང་ཞིང་།། བླང་དོར་གནད་ལ་མཁས་པར་བསླབ།། ༸ ལེགས་ཉེས་བྱ་བ་གང་བརྩམ་ཡང།། ཡུལ་གྱི་མི་ཆེན་ཤེས་ལྡན་དང།། རྒན་རབས་ཉམས་མྱོང་ཅན་ལ་དྲིས།། རང་རང་ཡུལ་གྱི་ལུགས་དང་བསྟུན།། ༸ དཀོན་མཆོག་མཉེས་དང་མ་མཉེས་དང།། འདོད་དོན་འགྲུབ་དང་མི་འགྲུབ་འབྱུང་།། དེ་ཕྱིར་བྱ་བ་ཀུན་གྱི་སྔོན།། དཀོན་མཆོག་མཆོད་པ་ཤིན་ཏུ་གཅེས།། ༸ རྒྱུ་འབྲས་བརྩིས་དང་མ་བརྩིས་ལས།། འདི་དང་ཕྱི་མའི་བདེ་སྡུག་འབྱུང།། དེས་ན་དཀར་ནག་རྒྱུ་འབྲས་ལ།། མ་འདྲེས་ཕྲ་ལ་ཞིབ་པར་སྲུངས།། ༸ རང་རྒྱུད་དྲང་དང་འཁྱོག་པོ་ལས།། ཀུན་ལ་མཐུན་དང་འགལ་བ་འབྱུང།། དེ་ཕྱིར་རང་གཞུང་དྲང་པོ་རུ།། བསྲང་ན་འཇིག་རྟེན་ཀུན་ཏུ་བདེ།། ༸ མནའ་ཁྲེལ་ངོ་ཚ་བག་ཡོད་བཞི།། ཤེས་དང་མ་ཤེས་ཁྱད་པར་ལས།། བཟང་དང་ངན་གྱི་ཐ་སྙད་ཆགས།། དེ་ཕྱིར་ཚུལ་དང་ལྡན་པར་བྱ།།  ༸ རྐུན་རྫུན་གཡོ་ཁྲམ་བག་མེད་རྣམས།། སྤང་དང་མ་སྤང་ཁྱད་པར་ལས།། སྐྱེས་བུ་ཚད་དང་ལྡན་མི་ལྡན།། བརྟག་གཞི་ཡིན་པས་བླང་དོར་གཅེས།། ༸ རང་གིས་ཇི་ལྟར་འདོད་པ་བཞིན།། གཞན་གྱིས་དེ་ལྟར་འདོད་པས་ན།། རང་གི་འདོད་དཔེ་གཞན་ལ་ཁེབས།། གཞན་སེམས་མགུ་བའི་ཀུན་སྤྱོད་བསྟན།། ༸ གཞན་སེམས་དཀྲུག་པའི་ཚིག་ངན་དང།། ཁྱད་གསོད་བརྙས་ཐབས་ཟུར་ཟ་སྤོངས།། ཀུན་ལ་དམའ་དམའ་ཞུམ་ཞུམ་གྱིས།། གཞན་སེམས་དགའ་ན་རང་ཡང་དགེ།། ༸ ངོས་དགའ་གསར་འགྲོགས་མ་ཆེ་ལ།། འདྲིས་ན་ཕྱི་ཐག་མི་ཐུང་བ།། འགྱུར་ལྡོག་མེད་པར་དུས་ཀུན་ཏུ།། ཞི་དུལ་སྤྱོད་པའི་ངང་ཐག་བསྲིང།། ༸ བཟང་པོ་ངོ་མཚར་ཆེ་བ་དང།། ངན་པ་དྲག་ཐལ་ཆེ་བ་རྣམས།། འཕྲལ་དུ་བསྟོད་དང་སྨད་མ་སྔ།། ཐ་མ་ཅི་འགྱུར་སུ་ཡིས་ཤེས།། ༸ མཐོང་མ་ཐག་ཏུ་ངོ་ཤེས་དང།། འདྲིས་མ་ཐག་ཏུ་བློ་གཏད་དང་།། འགྲས་མ་ཐག་ཏུ་དཔྱས་འདོགས་གསུམ།། དེ་མ་ཐག་ཏུ་རུལ་བའི་རྒྱུ།། ༸ མི་ཤེས་པ་ལ་གཉེར་ཁ་དང་།། མི་ཉན་པ་ལ་ཁ་ཏ་དང།། མི་འདོད་པ་ལ་མཐུན་བསྡེབས་གསུམ།། རང་སྡུག་གཞན་ཡང་ཁྲོ་བའི་རྒྱུ།། ༸ མི་འགྲུབ་པ་ཡི་བསམ་རྒྱ་དང།། མི་འབྱོང་པ་ཡི་ཁས་ལེན་དང།། མི་ཐུབ་པ་ལ་དོ་བསྡོ་གསུམ།། རང་སྡུག་རིན་གྱིས་ཉོས་པ་ཡིན།། ༸ ང་རྒྱལ་ཅན་གྱི་མཚང་འདྲུ་དང།། སྐམ་ཆགས་ཅན་ལ་ནོར་བཅོལ་དང།། སྣ་ཐུང་མི་ལ་ཀུ་རེ་གསུམ།། དོན་མེད་རྩོད་གཞི་སློང་བའི་རྒྱུ།། ༸ ངོ་ཚ་བྲལ་བའི་འཁོང་ཚིག་དང།། ཕྱོགས་ལྷུང་ཅན་གྱི་ཟུར་ཟློས་དང།། གཡོ་སྒྱུ་ཅན་གྱི་ཕྲ་མ་སོགས།། གཞན་ཟེར་འབྲང་ན་རང་སྨ་འབེབ།། ༸ དྲིན་ཆེན་དམ་པའི་ཞལ་གདམས་དང།། མཁས་པས་ཕྱེས་པའི་ལེགས་བཤད་དང།། ཉམས་ཆེན་ཤ་ཚའི་ཁ་ཏ་གསུམ།། གོ་ཉན་ཤེས་ན་ཇེ་མཐོར་འགྲོ།། ༸ རང་འཆི་མི་ཚོར་གཞན་སྲོག་གཅོད།། ཕ་ནོར་མི་བཙའ་གཞན་ནོར་བརྐུ།། ཁེ་འདོད་རྫུན་གྱི་སྡེབས་སྦྱོར་གསུམ།། སྐྱིད་འདོད་སྡུག་གི་སྟ་གོན་ཡིན།། ༸ ང་རྒྱལ་ཅན་གྱི་རང་བསྟོད་དང།། ཕྲག་དོག་ཅན་གྱི་གཞན་སྨད་དང།། ཆགས་སྡང་ཅན་གྱི་ཟུར་ཟ་གསུམ།། བཟང་འདོད་ངན་གྱི་ཁ་འཛིན་ཡིན།། ༸ ཁ་མང་དགྲ་ཡི་གཡབ་མོ་དང།། བྱ་མང་བྱུར་གྱི་སྣ་འདྲེན་དང།། བློ་མང་མདོ་དོན་འཆོར་འདྲེ་གསུམ།། གྲོགས་མང་འདུན་མའི་འཐོར་ཤིང་ཡིན།། ༸ ཁ་ཡངས་མི་དང་བུད་མེད་དང།། གཅམ་བུ་མཁན་དང་ངོ་གཉིས་སར།། གབ་གསང་ཚིག་དང་སྙིང་ཉེའི་གཏམ།། གྲོས་ཕུག་བཅོལ་ན་ཕུང་བའི་རྒྱུ།། ༸ རིགས་ངན་མི་དང་འཕྱར་གཡེང་ཅན།། སྒྲིན་བུ་རང་མཐོང་ཁོང་སྒྲན་ཅན།། ཁ་འཇམ་གྱ་གྱུ་ཅན་རྣམས་ལ།། བློ་གཏད་བཅོལ་ན་ཕུང་ལ་སྦྱོར།། ༸ ཕུང་སྣ་ཕལ་ཆེར་གྲོགས་ཀྱིས་འདྲེན།། རྩོད་པ་ཕལ་ཆེར་གཉེན་ལས་འཕྲོས།། མི་བདེ་ཕལ་ཆེར་རང་གིས་སློང།། དེ་བས་དཔྱད་ཀྱི་བྱ་ར་ཚུགས།། ༸ ཞིབ་མོས་བློ་ཡིས་མ་བརྟག་པར།། བྱ་བ་གང་ཡང་བརྩམ་མི་བྱ།། འཇུག་ཕྱིན་ལས་དེ་མ་འགྲུབ་བར།། ཐང་ལྷོད་ལམ་ནས་ལྡོག་མི་རུང།། ༸ བྱ་བ་རང་གིས་ཤེས་ན་ཡང་།། རོགས་ལ་དྲིས་ཏེ་ལེ་མེད་བྱ།། མདོ་དོན་གྲོས་ཀྱིས་བཅད་ན་ཡང་།། གྲོས་མཐིལ་གཏོགས་འདོད་ཅན་ལ་གསང།། ༸ དབང་ཆེ་རང་ལ་ཡོད་ན་ཡང།། ཤེས་ལྡན་གཞན་གྱི་བློ་དང་བསྟུན།། བརྟག་ཞིབ་མང་དུ་བགྱིས་ན་ཡང་།། དོན་གྱི་མདོ་རྩ་ཉུང་དུ་གཅོད།། ༸ བྱ་བ་ཇི་ལྟར་བརྩམ་ན་ཡང།། འགྲུབ་པར་ངེས་པའི་གདེང་མེད་ན།། ཁ་སྤོབས་སྔོན་དུ་མ་ཆེ་དགོས།། གྲུབ་ན་དངོས་པོ་ནམ་ཡང་གསལ།། ༸ དོན་མེད་བྱ་བ་རང་ངལ་ཡིན།། དོན་ཆུང་ཡིན་ཀྱང་ཐབས་ལམ་གཟབ།། དོན་ཆེན་བསྒྲུབ་ན་བློ་སྤོབས་བསྐྱེད།། ཆུས་ཆེན་རྩོད་ན་ཆགས་ཆེན་འཇལ།། ༸ རང་གི་ཡི་གར་མི་འབབ་པའི།། འདྲ་མིན་རྣམ་འགྱུར་གང་ལ་ཡང་།། འཕྲལ་དུ་བཞིན་མདངས་མི་ལྡོག་པར།། ཟོ་བཟང་ངང་ནས་ཐབས་ཀྱིས་ལེན།། ༸ ནུས་རྩལ་ལྡན་པའི་དགྲ་བོ་དེ།། གདོང་ཐུག་དྲག་པོས་མི་ཐུལ་བས།། ཕྱི་རུ་སྙན་པའི་འཇམ་སྐད་གཏོང།། ནང་དུ་ཐབས་ཀྱི་འཕྲུལ་འཁོར་བཤམས།། ༸ ཡ་རབས་དགྲ་བོ་བཏུལ་བ་བས།། འཐད་པར་བསྟུན་ན་གཉེན་དུ་འགྱུར།། མ་རབས་དགྲ་བོ་རེངས་མ་འཇུག །དམྱལ་ཐག་བཅད་ན་རང་སར་ཞི།། ༸ རྒྱལ་ཁ་ལོངས་ན་རྒྱལ་ཚོད་བཟུང་།། འཕྲལ་དུ་རྒྱལ་ཁ་མ་ལོངས་ཀྱང་།། ཕུག་ཏུ་རང་གི་གཏན་ཆུས་ལ།། ཕན་པའི་ཁེབས་སུ་གང་ཆེ་བརྩི།། ༸ ཕོ་སྒོ་ཞན་ན་ཀུན་གྱིས་བརྙས།། དྲག་ཐལ་ཆེ་ན་ནམ་ཕུག་འགྱོད།། དེ་བས་ཡུལ་དུས་གནས་སྐབས་དང་།། དགྲ་གཉེན་བར་མ་བརྟག་ལ་འཇུག ། ༸ ཕན་པའི་གཉེན་ལ་བསྟོད་མི་དྲགས།། བྱམས་གདུང་ཡིད་ལ་བསྒོམ་པས་ཆོག །གནོད་པའི་དགྲ་ལ་སྨད་མི་ཐལ།། ངག་འཛངས་ཟོལ་གྱིས་བསླུ་ན་ལེགས།། ༸ རང་གི་བུ་གཉེན་བྲན་འཁོར་ལ།། ཧ་ཅང་བྱམས་ན་གཉའ་བ་རེངས།། བརྡེག་བཙོག་མང་ན་སུ་ཞིག་འཁོར།། རན་པར་རྒོལ་ལ་བག་རེ་སྟེར།། ༸ བྱས་པའི་ལས་ལ་ཡུས་ཆེ་དང་།། ཕན་པའི་དྲིན་གྲངས་བརྩི་མང་དང་།། རང་འདོད་གྱོང་ཁེངས་ཆེ་དྲགས་ན།། བུ་གཉེན་ཡིན་ཀྱང་ཡི་ག་ལྡོག ། ༸ ཡི་གར་འབབ་པའི་འདོད་དོན་ལ།། ཧ་ཅང་རྔམ་སེམས་ཆེ་དྲགས་ན།། གཉེན་འབྲེལ་ཡིན་ཀྱང་ཞེ་ཁྲེལ་སྐྱེ།། ངོ་ཚ་གཏམ་ངན་རྒྱུན་མི་ཆད།། ༸ དགྲ་ལ་སྡང་ཆེ་རང་མཚང་འབུད།། གཉེན་ལ་བྱམས་ཆེ་ནམ་ཕུག་འཁོན།། གྲོགས་ལ་རྔམ་ཆེ་ཞེ་འཛིན་འཇུག །འཁོར་ལ་རྩུབ་ཆེ་ཁོང་སྐྲན་ཆགས།། ༸ དཔེ་ངན་གཞན་ལ་མ་གཏོང་གྱིས།། གཏམ་ངན་རང་ལ་འཁོར་ཉེན་ཆེ།། བསམ་ངན་མི་ལ་མ་བྱེད་གྱིས།། སྦྱོར་བ་ངན་པ་རང་ལ་འབབ།། ༸ གཞན་གྱིས་སྡུག་བསྔལ་ཇི་མྱོང་ཡང་།། སྙིང་ཚིམས་མ་བདར་རང་ལ་འཁོར།། རང་ལ་འཕྲལ་སྐྱིད་ཅི་བྱུང་ཡང་།། གཞན་ལ་མ་ངོམ་མི་རྟག་ངེས།། ༸ ངོ་བསྟོད་ཅན་ལ་འཛུམ་མི་སྟོན།། བསླུ་ཉེས་ཡོད་པས་དོགས་ཟོན་ཆུགས།། བསླང་སྤྱོད་ཅན་ལ་གདོང་མི་ལྡོག །དཔྱད་བདར་གྱིས་དང་བྱམས་སྡང་གསལ།། ༸ ལེ་ལོ་ཅན་དང་ལས་མ་འཐུ།། མཚང་ཅན་མི་དང་གཉེན་མ་སྦྲེལ།། ཕྱི་ཐག་ཐུང་དང་མཛའ་མ་སྡེབས།། ཁྲོ་གཏུམ་ཅན་དང་ཁ་མི་ཡ།། ༸ ཐོས་ཚད་བཤད་ན་རྫུན་ལ་འཐོག །དྲན་ཚད་སྨྲས་ན་སྐེ་ལ་ཉེ།། མཐོང་ཚད་བྱས་ན་ཀུན་ཀ་འཆོལ།། དེས་ན་རན་ཚོད་སྐབས་དང་སྦྱར།། ༸ མཐོང་ཐོས་དགྲ་རུ་མི་ལེན་ཞིང།། འདུལ་དགོས་བྱུང་ན་སྙིང་སྟོབས་སྐྱེད།། ཐམས་ཅད་གཉེན་དུ་མི་འགུག་ཅིང།། བློ་གཏད་ཐུབ་ན་ཁད་ཀྱིས་བསྟེན།། ༸ གཞན་མགོ་མ་སྐོར་རང་བསླུ་ཡིན།། གཞན་མཚང་མ་འདོན་རང་ཚུགས་འཆོལ།། གཞན་སྐྱོན་མ་ཚོལ་རང་སྐྱོན་འཕེལ།། གཞན་འདུལ་མ་འདོད་རང་བདུད་འབབ།། ༸ དྲིན་ཆེན་ཕ་མ་བླ་སློབ་དང།། གཞུང་བཟང་གྲོགས་དང་རང་ཉིད་ལ།། བློ་གཏད་བཅོལ་རྣམས་སུན་མ་འཇུག །བརྩེ་གདུང་བྱམས་པས་བུ་བཞིན་སྐྱོང།། ༸ ལོ་སོང་རྣམས་ཀྱིས་ན་ཆུང་བཙའ།། ལེགས་ཉེས་བླང་དོར་ཡང་ཡང་བསླབ།། གཞོན་ནུས་རྒན་པའི་ངག་ལ་ཉོན།། དགོས་པའི་དོན་དེ་གཅེས་པར་ཟུངས།། ༸ ཟས་ནོར་རང་གིས་ལྕོགས་ཚད་སྐབས།། རན་པའི་ཆོག་ཤེས་མ་བརྟེན་ན།། འཛམ་གླིང་ནོར་བུས་ཁེངས་ན་ཡང་།། མི་སེམས་སྟོང་པ་གང་དུས་མེད།། ༸ ཡ་རབས་དམན་སར་དབབ་མི་རུང་།། མ་རབས་ཆེ་སར་བཏོན་ན་རེངས།། རང་གི་ཆེ་སྐད་འདོན་ན་ལོད།། གང་ལ་ཁ་དགྲ་བསགས་ན་སྨེ།། ༸ མཐོན་པོ་དམའ་སར་བབ་ན་ཡང་།། ཞུམ་པ་མི་སྐྱེ་སྔོན་ལས་གཞིག །དམན་པ་ཅུང་ཟད་མཐོ་ན་ཡང་།། ཁེངས་པ་མི་སྐྱེ་སྔ་ཚད་གཞལ།། ༸ ཡ་རབས་མཐོན་པོ་སྤྱི་བོས་ཁུར།། ཉམ་ཆུང་དམན་རྣམས་བྱམས་པས་སྐྱོངས།། གང་ལ་བཟང་ངན་ངོ་སྲུང་སྤོངས།། ཆགས་སྡང་མེད་པར་རྟག་ཐུབ་གྱིས།། ༸ གཞན་ཕན་བྱ་བ་ལེགས་བསྒྲུབ་ན།། རང་ཕན་དེ་ཡིས་ངང་ལས་འབྱུང་།། ཕ་རོལ་གཞན་ལ་གནོད་བྱས་ན།། རང་ལ་གནོད་པ་ཤུགས་ལས་འབྱུང་།། ༸ མ་དྲིས་བར་དུ་གཏམ་མི་སྨྲ།། དྲིས་ན་གང་ཤེས་དྲང་པོར་ཤོད།། ཉམས་ཚོད་ཅན་ལ་འཁྱོག་པོར་བརྗོད།། རྩོད་པ་བྱུང་ན་ཕེབས་པར་སྨྲ།། ༸ གསང་བའི་སྙིང་གཏམ་གྲོགས་ཡིན་ཀྱང་།། བཤད་པར་མི་འོས་ནམ་ཞིག་འགྱུར།། ཕན་པའི་གདམས་ངག་དགྲ་ཡིན་ཀྱང།། མི་གསང་དྲང་ལ་འཇིབས་པར་སྨྲ།། ༸ དགེ་བའི་ཚོགས་དང་ཡོན་ཏན་རྣམས།། གཞན་ལ་ངོམ་ན་འགྲིབ་པར་འགྱུར།། སྡིག་པའི་ཚོགས་དང་ཉེས་སྐྱོན་རྣམས།། ཁོང་དུ་སྦས་ན་འཕེལ་བར་འགྱུར།། ༸ མང་པོའི་གསེབ་ཏུ་ཤག་འགྱེད་ན།། ཕན་ཚུན་གཉིས་ཀའི་ངན་མཚང་འབུད།། དེས་ན་ཕེ་ཤས་གཏམ་རྒྱངས་དང་།། མིག་བརྡ་ཤབ་ཤིབ་ཟུར་ཟློས་ཞོག ། ༸ མ་ཤེས་པ་ཡི་ཚོད་བཟོ་ཞོག །ཤེས་པའི་དོན་དེ་ཚད་མར་སྲོང།། མ་བསྐོས་པ་ཡི་བྱ་བ་བཤོལ།། བསྐོས་པའི་ལས་དེ་མཐར་ཕྱིན་དགོས།། ༸ བྱ་བ་རྣམ་དཀར་དགེ་ལ་བརྩོན།། ལྟང་མ་སྡང་བའི་དགྲ་ལས་ལོངས།། ངོ་སོ་གཡུང་དྲུང་བོན་ལ་བྱེད།། ཇུ་གང་བྱམས་པའི་གཉེན་ལ་སྐྱེལ།། ༸ འདི་ཕྱིར་བདེ་ན་ཕོ་རྒོད་ཡིན།། རང་མགོ་ཐོན་ན་གྲུང་པོ་ཡིན།། ངོ་སྲུང་མེད་ན་ཤེས་ལྡན་ཡིན།། གཡོ་སྒྱུ་མེད་ན་མི་རབ་ཡིན།། ༸ དགེ་སྡིག་ཕྱེད་ན་མཁས་པའི་མཆོག །ཆོག་ཤེས་ལྡན་ན་ཕྱུག་པོ་རབ།། རང་གཞན་མགུ་ན་མཛངས་པའི་ཕུལ།། རང་ཡིད་ཆེས་ན་ཚད་ལྡན་དངོས།། ༸ རང་མཐོང་ཆེ་ན་ཤེས་ཆུང་ཡིན།། གཏོགས་འདོད་ཆེ་ན་ཀླད་ཆུང་ཡིན།། རྩིས་གདབ་མེད་ན་མདོ་མེད་ཡིན།། རྒྱུ་འབྲས་མེད་ན་བླུན་པོ་ཡིན།། ༸ ཁ་ཉུང་བློ་གཙང་ཕལ་པའི་མཆོག །གང་བཅོལ་བསྒྲུབ་པ་བྲན་གྱི་རབ།། བཀའ་བློ་བདེ་བ་གྲོགས་ཀྱི་ཕུལ།། རང་སྲོག་བཙའ་ཤེས་དཔའ་བོ་དངོས།། ༸ དཔའ་འདོད་རོ་སྐྱེལ་གླེན་པའི་ཐ།། ཁ་འཇམ་ཁོག་སྒྱུ་ཕུང་སྲིའི་གཙོ།། སྒྲིན་བུ་དབྱེན་ཁ་བསླུ་བའི་བདུད།། མནའ་ཁྲེལ་དམ་མེད་ཡུལ་གྱི་འདྲེ།། ༸ མཁས་བཙུན་བཟང་འཛོམས་ཐར་པའི་བཤེས།། ཉམས་ཆེན་ཤེས་ལྡན་དཔྱད་ཀྱི་གཞི།། ཞི་དུལ་རྒྱུད་འཇམ་དག་པའི་ལྷ།། རྒྱུ་འབྲས་ཞིབ་རྩིས་ཚད་མའི་སྲང།། ༸ ཆང་དད་མ་ཆེ་བག་མེད་འབྱུང་།། གྲོགས་དད་མ་ཆེ་རྩོད་གཞི་སློང་།། ཁ་རྦད་མ་ཆེ་མི་སྡེས་ཁྲེལ།། ཀུ་ཅོ་མ་ཆེ་ཨར་པས་བརྡུང་།། ༸ གཡོ་སྒྱུ་མ་ཆེ་ལྷ་མིས་ཁྲེལ།། ཟོལ་ཟོག་མ་མང་ངན་ཁུང་རྡིབ།། ཞེ་ངན་མ་གཏུམ་རང་ལ་སྡིག །རང་འདོད་མ་ཆེ་གཏམ་ངན་འཕེལ།། ༸ ངོ་ཚ་མེད་པའི་གཉེན་འབྲེལ་ལས།། བག་ཡོད་དགྲ་ལ་རེ་ན་འཚེངས།། ཡིད་བརྟན་མི་ཐུབ་བཟའ་མི་བས།། ཟུང་ཐུབ་ངང་བཟང་ཡུལ་མི་ཤིས།། ༸ བློ་ཆུང་འདུས་པའི་སློབ་དཔོན་བས།། བློ་ལྡན་མཁས་པའི་ཞབས་གྲལ་སྐྱིད།། མི་ཉན་ཁ་འདུས་དཔོན་པོ་བས།། བསོད་ནམས་ཅན་གྱི་མངའ་འབངས་དགེ།། ༸ དཔོན་ངན་དམྱལ་བའི་དེད་དཔོན་དང་།། གྲོགས་ངན་སྡིག་པའི་གཡབ་མོ་དང་།། ཡུལ་ངན་མུན་པའི་གླིང་འཁོར་གསུམ།། སྐད་ཅིག་མ་འབྲེལ་བྱོལ་ན་ལེགས།། ༸ བཤེས་གཉེས་ཐར་པའི་ལམ་སྒྲོན་དང་།། གདམས་ངག་ཐར་པའི་ལམ་བཟང་དང་།། དགེ་སྦྱོར་ཐར་པའི་ལམ་རྒྱགས་གསུམ།། ནམ་ཡང་མི་འབྲལ་རྟག་ཏུ་བསྟེན།། ༸ ནོར་ཟས་དཔྱད་ཤེས་མཁས་པ་མིན།། རྒྱུ་འབྲས་ལེགས་དཔྱད་ཤེས་ན་མཁས།། ཐུབ་ཚད་རྡུང་བ་དཔའ་བོ་མིན།། འཁྲུལ་བའི་གཡུལ་ལས་རྒྱལ་ན་དཔའ།། ༸ སྒྱུ་མའི་ནོར་ཡོད་ཕྱུག་པོ་མིན།། བསླབ་གསུམ་ནོར་དང་ལྡན་ན་ཕྱུག །འཇིག་རྟེན་དབང་ཡིག་ཆེན་པོ་མིན།། བྱང་སེམས་རྒྱལ་ས་ཟིན་ན་ཆེ།། ༸ འདི་ཁའི་རྒྱལ་ཁྲིམས་ཆུང་ངུ་ཡིན།། ཕྱི་མའི་རྒྱལ་ཁྲིམས་རབ་ཏུ་ཚ།། ད་རེས་ཕམ་རྒྱལ་རེས་མོ་ཡིན།། ཕྱི་མའི་ཕམ་རྒྱལ་གཏན་འཇགས་ཡིན།། ཞེས་བླང་དོར་དཔྱད་ཀྱི་མེ་ལོང་ལས་འཇིག་རྟེན་སྤྱི་ཡི་འཇུག་སྤྱོད་བསྟན་པས་རབ་ཏུ་བྱེད་པ་སྟེ་དང་པོའོ།། །།
༸ རྒྱལ་ཁམས་སྐྱོང་བའི་མི་དཔོན་རྣམས།། རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་དེ།། ཡབ་མེས་མཁས་པའི་ལུགས་བཟང་ལྟར།། ཡོ་འཁྱོག་མེད་པར་དྲང་པོར་སྲོང་།། ༸ སྒྱུ་མའི་ནོར་ལ་མི་བལྟ་ཞིང་།། བདེན་རྫུན་ཚིག་ལ་དཔྱད་བརྡར་གྱིས།། ཕན་ཚུན་བདེ་སྐལ་ཆེ་ཆུང་དང་།། བསྟུན་པའི་བཀའ་ཁྲིམས་ཚད་མར་སྐྱོངས།། ༸ བདེན་རྫུན་རང་གིས་མ་གཞིག་པར།། གང་ལ་འབབ་པའི་གནད་མེད་བཞིན།། གཞན་ཟེར་གཏམ་གྱི་རྗེས་འབྲེང་ནས།། འོལ་ཚོད་ཞལ་ལྕེ་གཅོད་མི་རུང།། ༸ བཙན་བཙན་གོང་དུ་མི་གཏོང་ཞིང་།། ཉམ་ཆུང་རས་སུ་མི་འབོར་བར།། ཀུན་ལ་དྲང་ཐིག་འགོ་སྙོམས་ཀྱིས།། མངའ་རིས་དལ་ལ་འཇམ་པར་སྐྱོངས།། ༸ སྒེར་དུ་རེ་ལྟོས་འཆའ་བ་རྣམས།། གཞན་ངོར་མི་མངོན་ཐབས་ཀྱིས་བཙའ།། འོག་ཏུ་འཛུལ་བའི་སྐྱབས་ཞུ་རྣམས།། ཐབས་དང་བརྩེ་བས་འཇུག་བདེ་བྱེད།། ༸ ནང་མི་ཕྱི་རུ་མི་གཏོང་ཞིང་།། ཕྱི་མི་ནང་དུ་མི་བཅུག་ལ།། ནག་ཅན་མཐའ་རུ་མི་ཕུད་པར།། ཁྲིམས་ཀྱིས་བཀག་ན་ཞིང་ཁམས་བདེ།། ༸ སྔར་གྱི་ལམ་སྲོལ་མ་གཏོགས་པ།། རང་འདོད་བྱ་བ་གསར་སྤྲོས་ཀྱིས།། འབངས་འཁོར་མནར་བའི་ལས་མི་བྱེད།། དགེ་ལ་བསྐུལ་ན་འོས་པའི་མཆོག ། ༸ ཤེས་ལྡན་བློན་པོ་མང་ན་ཡང་།། བློ་གྲོས་ཐབས་མཁས་གཅིག་ལ་ཤོམས།། རིག་པའི་འཕྲུལ་ཆ་མང་ན་ཡང།། སྨྲ་བ་ཚིག་གཅིག་མི་འགྱུར་ཚད།། ༸ ཕོ་རྒོད་སྨྲ་བ་སུ་རྐྱེན་དང་།། རྒྱུ་སྤོབས་སུ་ཆེའི་དབང་བཏང་ན།། ཚེ་འདིར་དམོད་བྱེད་ཡ་ཀ་འདུ།། ཕྱི་མར་གཤིན་རྗེའི་འོག་རྡོར་འགྱུར།། ༸ བློན་རྣམས་རྒྱལ་གྱི་ཆེ་བ་སྒྲུབས།། འབངས་ལ་མཐུན་འཇུག་བཀྲ་ཤིས་སྤེལ།། ཀུན་མཐུན་ནུས་ན་སྒམ་པོ་ཕྱྭ།། རྒྱལ་གསུང་འགྲུབ་ན་རྒྱལ་ལས་ཆེ།། ༸ ཁེ་སྐམ་ཆེ་ན་དམངས་སུ་འབབ།། གྱ་གྱུ་མང་ན་ཁྲིམས་ལ་འཐོག །ཟ་འདོད་ཆེ་ན་ལ་ཡོག་འབྱུང་།། དེ་བས་རང་ཚོད་ཟིན་པ་གཅེས།། ༸ ལྕེ་འགྱུར་མཁས་པའི་འཕྲིན་པ་རྣམས།། གཉིས་གཏམ་དྲང་བརྗོད་རྫུན་ལ་འཐོག །བཅའ་བཅོས་བར་བཟོ་མང་ན་ལད།། དེ་བས་གཉིས་མཐུན་བདེ་སྦྱོར་གཟབ།། ༸ ཤེས་རིག་ལྡན་པའི་མོ་བཙུན་རྣམས།། རྒྱལ་བློན་བཀའ་སྒྲུབ་སྲི་ཞུས་བཀུར།། འབངས་འཁོར་ངང་བཟང་བྱམས་པས་སྐྱོངས།། བག་ཡོད་སྦྱོར་བ་ཤིན་ཏུ་གཟབ།། ༸ རང་དགའ་མ་སྤྱོད་ལུས་ཚགས་སྡོམས།། མཛའ་བཤེས་མ་མང་རྒྱལ་རྒྱུད་ལད།། རང་ཆུད་འཆོར་ཞིང་གཞན་དག་ཕུང།། དེ་བས་གནས་མལ་གཅིག་ཏུ་ཟུངས།། ༸ གཡུལ་ངོ་ཟློག་པའི་དེད་དཔོན་རྣམས།། འཁྲུག་ཆེན་གཡུལ་ལ་ཤོམ་ར་རྩི།། རྒྱུག་ཆེན་ཇག་ལ་ཐེག་ཐང་གཅེས།། དཔུང་ཆེན་དམག་ལ་རྒྱལ་ཚོད་ཟུངས།། ༸ ཡ་མེད་ཡིན་ཀྱང་རང་སྲོག་བཙའ།། སྡར་མ་ཡིན་ཀྱང་རོགས་ལ་དཔྱད།། མི་ཐུབ་ངེས་ན་བློ་གྲོས་ཤོམས།། རྒྱལ་ཁ་ལོངས་ན་སྲོག་ལ་འཛེམས།། ༸ ཕ་རོལ་ཇི་ལྟར་ཉམ་ཆུང་ཡང།། ཞེ་བརྙས་མི་རུང་དོགས་ཟོན་དགོས།། རང་ཉིད་དཔུང་ཚོགས་ལྡན་ན་ཡང།། བཙན་ཚོད་མེད་ན་ནམ་ཡང་ཕུང།། ༸ ནོར་གླིང་བགྲོད་པའི་ཚོང་དཔོན་རྣམས།། ཉོ་ཚོང་དམར་ཟོག་གང་ཡིན་ཀྱང་།། རང་རང་ཡུལ་གྱི་སྤྱི་ཐང་ལྟར།། ཕམ་རྒྱལ་མེད་པ་དྲང་མཉམ་བྱ།། ༸ མི་ཁུག་རིན་ཆེན་སྟོང་ལོག་ཁུར།། རང་བསྟོད་གཞན་སྨད་ཁྲོམ་པས་ཁྲེལ།། གཡོ་སྒྱུ་ཐོབ་ཤོར་ཚོང་ལམ་འགག །མནའ་རྫུན་མགོ་སྐོར་ངན་འགྲོའི་རྒྱུ།། ༸ ཤེས་རིག་རྣོ་བའི་བཟོ་བོ་རྣམས།། ལག་ལེན་གནད་ལ་མཁས་པར་སློབས།། དུས་སུ་རྣམ་དཀར་སེམས་ཀྱིས་སྒྲུབས།། ཟ་ཡོན་ཚོད་ཟིན་གཉིས་ཕན་བྱ།། ༸ ལག་ལེན་མེད་པའི་ཚོད་མདའ་འཕེན།། ལས་ལ་མི་གཟབ་གླ་ལྟོ་རྩོད།། རྐུ་ལ་རེ་ན་ཟ་ལམ་འགག །ནམ་ཞིག་ཚ་གྲང་སྡུག་བསྔལ་འབྱུང་།། ༸ བསོད་ནམས་བསགས་པའི་འབྱོར་ལྡན་རྣམས།། མཆོད་དང་སྦྱིན་པའི་ཞིང་ས་རུ།། གཏོང་ཕོད་ཇི་ལྟར་ཆེ་བ་བཞིན།། དགེ་འབྲས་ལོངས་སྤྱོད་སླར་ལ་འཕེལ།། ༸ སྐྱབས་ཡུལ་གང་མཉེས་ནོར་གྱིས་མཆོད།། རང་ལ་སྐྱིད་ཀྱི་དཔལ་ཁ་བསྟོད།། གཞན་ལ་དགའ་མགུའི་ཟས་ཀྱིས་བརྔན།། བྲན་ལ་བརྔན་པའི་རེ་བ་ལྷོད།། ༸ མཐའ་མ་སུས་རོལ་མི་ཤེས་པར།། དགེ་ལ་མི་གཏོང་རང་ཉིད་ཀྱང་།། སྤྲང་པོར་བརྫུ་ནས་སྡུག་བསྲན་བསྐྱེད།། འདིར་སྡུག་ཕྱི་མའི་གག་ཤིང་ཡིན།། ༸ རང་བཞིན་སྐྱེ་བོ་ཕལ་པ་རྣམས།། བླ་དཔོན་བཀའ་ཉན་ཞི་དྲག་སྒྲུབས།། རང་རང་དུས་ཀྱི་སོ་ནམ་བྱ།། དགྲ་འདུལ་གཉེན་སྐྱོང་ཐབས་ལམ་གཟབ།། ༸ རྗེ་ལ་མ་རྒོལ་རང་སྲོག་ཉེས།། རྩིང་སྤྱོད་མ་མང་ནག་མཚན་ཕོག། །ཁྲམ་བྱི་མ་བརྟེན་རང་ཉིད་ཕུང།། སྡིག་རྔམ་མ་ཆེ་དམྱལ་བར་ལྟུང་།། ༸ བུད་མེད་བདག་པོའི་གྲོས་ལ་བསྡུར།། ཁྱིམ་གྱི་འདུ་འཛི་ཡེངས་མེད་སྒྲུབས།། ལྟོ་གོས་ནམ་དུས་ཚད་ལ་སྦྱར།། ཆད་མེད་ཀུན་ཚིམས་ཚོད་ཅིག་ཟུངས།། ༸ ཕན་དབང་མ་གཅོད་བྱ་བ་ལད།། ཁྱོ་དད་མ་ཆེ་དམེ་གཞི་སློང་།། ལོང་གཏམ་མ་མང་རྫུན་དབྱེན་འགྲོ།། དར་མདུད་མ་དཀྲོལ་བཀའ་ཆད་འབབ།། ༸ ནོར་མེད་ཕྱུག་པོའི་གམ་དུ་སྡོད།། སྙིང་རིང་མ་བྱེད་རང་སེམས་ཟུངས།། གང་བཅོལ་ལྷད་མེད་སེམས་ཀྱིས་སྒྲུབས།། དཀའ་ཚེགས་ཆེ་ཡང་སྡུག་ཐེག་གྱིས།། ༸ ཟས་ལ་འཇབ་ཅིང་ལས་ལ་བྱོལ།། ཟ་ཁ་བསྟན་ཀྱང་སྙིང་ཁ་ལྡོག །སྡུག་སྐད་དམོད་མོ་རྒྱུན་མི་ཆད།། རང་ཉིད་ཡི་དྭགས་བསྒྲུབ་པ་ཡིན།། ༸ ཨར་ཁྲམ་ཡུལ་གྱི་སྤྱང་ཀི་ཚོ།། གཞན་ནོར་ཟ་ཚོད་མ་ཐིག་ན།། ཚེ་འདིར་གཅེས་པའི་དབང་པོ་ལ།། དུས་ཀྱི་ལ་ཡོག་མྱུར་དུ་འབབ།། ༸ ལར་ཡང་རང་དབང་ཡོད་པའི་དུས།། དགེ་སྡིག་རྒྱུ་འབྲས་མ་བརྩིས་ན།། ངན་འགྲོར་འཁྱམས་པ་ལྟ་ཅི་སྨོས།། ཐར་དུས་མེད་པ་སྙིང་རེ་རྗེ།། ༸ འཇིག་རྟེན་འདི་ཡི་མེ་རླུང་བས།། ཕྱི་མའི་མེ་རླུང་དགུ་འགྱུར་ཚ།། སྐད་ཅིག་རང་ལུས་ཚལ་བརྒྱ་བའི།། ཚ་གྲང་རེག་བྱ་སུ་ཡིས་བཟོད།། ༸ མི་རྒན་རྒྱགས་པའི་ཁ་སྒམ་འདི།། གོ་ན་སྙིང་གི་གདམ་པ་ཡིན།། མ་གོ་ཚིག་གི་མཚོན་ཆ་ཡིན།། ཨི་གོ་རང་རང་ལས་དབང་གཙོ།། ཞེས་བླང་དོར་དཔྱད་ཀྱི་མེ་ལོང་ལས་འཇིག་རྟེན་བྱེ་བྲག་གི་སྤྱོད་འཇུག་བསྟན་པས་རབ་དུ་བྱེད་པ་སྟེ་གཉིས་པའོ།། །།
༸ དོན་དམ་བོན་སྤྱོད་ཟབ་མོ་ཡང།། སྐལ་ལྡན་སྤྱི་ཡི་བོན་སྤྱོད་དང་།། བྱེ་བྲག་སོ་སོའི་སྤྱོད་འཇུག་གོ།། སྤྱི་ཁྱབ་བོན་སྤྱོད་ཅི་ལྟར་ན།། ༸ འཁོར་བར་སྐྱེས་པ་མཐའ་ཡས་ཀྱང།། དལ་འབྱོར་ཡོན་ཏན་བཅོ་བརྒྱད་དང་།། ལྡན་པའི་མི་ལུས་རིན་པོ་ཆེ།། ཐོབ་པའི་སྐལ་བཟང་ད་ལན་ཙམ།། ༸ ཕྱི་སྣོད་ཆགས་གནས་འཇིག་སྟོངས་དང།། ནང་བཅུད་སྐྱེ་རྒས་ན་འཆི་ལས།། ཐར་བའི་དངོས་པོ་མ་མཆིས་ན།། དལ་འབྱོར་འདི་ཡང་མི་རྟག་ངེས།། ༸ དལ་འབྱོར་ཆུད་ཟོས་མི་རུང་བས།། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས།། བརྒྱན་པའི་མཚན་ལྡན་བླ་མ་བསྟེན།། མིག་སྙིང་སྲོག་བས་གཅེས་པར་ཟུངས།། ༸ དད་མེད་གདམས་པ་གང་ཞུས་ཀྱང།། ཡོན་ཏན་རྒྱུད་ལ་མི་སྐྱེ་བས།། རྩེ་གཅིག་མོས་པའི་བློ་གཏད་དེ།། དྭངས་སྤྲོ་མོས་འདུན་ཡིད་ཆེས་བྱ།། ༸ སྙིང་རྗེ་མེད་ན་ངེས་འབྱུང་གི།། ཤེས་རབ་རྒྱུད་ལ་མི་སྐྱེ་བས།། འགྲོ་ཀུན་འཁོར་བའི་སྡུག་བསྔལ་ལས།། ཐར་འདོད་བསམ་པ་རབ་ཏུ་གཏོང་།། ༸ གདམས་པ་མེད་ན་ལམ་འབྲས་ཀྱི།། ཡོན་ཏན་གང་ཡང་མི་འཆར་བས།། བོན་སྒོ་ཕྱི་ནང་གང་མོས་ལ།། འཇུག་རིམ་གདམས་པ་གནད་སྨིན་ཞུ།། ༸ རྒྱུ་འབྲས་ལེགས་པར་མ་དཔྱད་ན།། འདིར་སྣང་མངོན་ཞེན་མི་ལྡོག་པས།། མཐོ་རིས་ངན་འགྲོའི་བདེ་སྡུག་ལ།། བརྟག་སྟེ་ལས་ལ་ཡིད་ཆེས་བྱ།། ༸ འཁོར་བའི་འཇིགས་ལས་སྐྱོབས་ནུས་པ།། དཀོན་མཆོག་མ་གཏོགས་གཞན་མེད་པས།། སྒོ་གསུམ་མོས་འདུན་གུས་འཇུག་གིས།། འགྲོ་ཀུན་སྐྱབས་གསོལ་འབྲལ་མེད་གདབ།། ༸ སེམས་བསྐྱེད་མེད་ན་དགེ་འབྲས་གང།། རྣམ་པར་སྨིན་པའི་རྒྱུ་མེད་པས།། འགྲོ་ཀུན་བྱང་ཆུབ་ཐོབ་འདོད་ཀྱི།། སྨོན་འཇུག་སེམས་མཆོག་རྟག་ཏུ་བསྐྱེད།། ༸ སྔར་བསགས་སྡིག་ཚོགས་མ་བཤགས་ན།། ཟབ་མོའི་སྣོད་དུ་མི་རུང་བས།། སྐྱབས་གནས་དམ་པའི་སྤྱན་ལམ་དུ།། གནོང་འགྱོད་དྲག་པོས་འགྱོད་བཤགས་འབུལ།། ༸ སྐྱབས་ཡུལ་མཆོད་པས་མ་མཉེས་ན།། བསོད་ནམས་ཚོགས་ཆེན་མི་རྫོགས་པས།། ལུས་སྲོག་རྒྱན་དང་ལོངས་སྤྱོད་ཚོགས།། བསླུ་མེད་ཚོགས་ལ་མཎྜལ་འབུལ།། ༸ མཐུ་དང་བྱིན་རླབས་མ་ཞུས་ན།། རང་རྒྱུད་སྨིན་གྲོལ་མི་ནུས་པས།། སྐྱབས་ཡུལ་ཐུགས་རྗེའི་མངའ་བདག་ལ།། གསོལ་འདེབས་བྱིན་རླབས་ཡང་ཡང་ཞུ།། ༸ སྲོག་གིས་བསྡུས་པའི་འགྲོ་བ་གང།། བསད་ན་སྡིག་ལྟུང་ཆེན་པོར་འགྱུར།། གང་གི་སྲོག་ལ་མི་འཚེ་བར།། ལུས་སྲོག་གསོ་བའི་སྦྱིན་པ་གཏོང།། ༸ གཞན་བློས་མ་ཐོངས་འདོད་དོན་གང།། བླངས་ན་བཀྲེས་སྐོམ་རྒྱུན་མི་ཆད།། མ་བྱིན་ཟས་ནོར་མི་ལེན་པར།། རང་ནོར་སྦྱིན་པའི་ཞིང་ལ་བསྔོ།། ༸ དམན་ལུས་འཁོར་བའི་ཞིང་ས་ལ།། སོ་ནམ་བྱས་ན་ཐར་དུས་མེད།། ལུས་དང་ཁ་ལག་མ་འབྲལ་བར།། ཆགས་མེད་ཚངས་སྤྱོད་རྒྱུད་ལ་བརྟེན།། ༸ གང་ལ་མི་བདེན་གཏམ་སྨྲས་ན།། ལྕེ་ལ་དམྱལ་ཞིང་རྨོ་བར་འགྱུར།། གང་སྨྲས་ཚིག་དོན་མི་བསྣོལ་བར།། བདེན་གཏམ་དྲང་ལ་སྙན་པར་བརྗོད།། ༸ མཐུན་གཉིས་བར་ལ་དབྱེན་བཅུག་ན།། རང་ལ་མི་འདོད་སྣ་ཚོགས་འབྱུང།། གང་ལ་ཕྲ་མ་མི་སྨྲ་བར།། ཀུན་ལ་དགའ་བའི་མཐུན་འཇུག་སྤེལ།། ༸ བསྟན་དོན་འབྲེལ་མེད་ལོག་པའི་གཏམ།། སྨྲས་ན་ལྐུག་པ་ཁ་མེད་འགྱུར།། མ་དག་འཆལ་ཚིག་མི་སྨྲ་བར།། ངག་ཞི་གསོང་ལ་འབྲེལ་ཆགས་སྨྲ།། ༸ གཞན་ཡིད་འགེམ་པའི་ཚིག་སྨྲས་ན།། རང་ལུས་གསོད་གཏུབ་གནས་སུ་ལྟུང།། ཁྲོ་ཚིག་དྲག་པོ་མི་སྨྲ་བར།། ཚིག་འཇམ་དོན་གསལ་གཞན་ཕན་སྨྲ།། ༸ ཡིད་འོང་ཞིང་ལ་ཞིག་དགའི་སེམས།། བཏང་ན་རོ་མྱག་འདམ་ལ་ལྟུང།། གང་ལ་མངན་སེམས་མི་བཟུང་བར།། གཞན་ཕན་ལྷག་སེམས་བཟང་པོར་སྐྱེ།། ༸ མི་འདོད་ཡུལ་ལ་གདུག་རྩུབ་སེམས།། གཏང་ན་ཐིག་ནག་ཞིང་ལ་སྦྱང།། ཞེ་སྡང་གདུག་པའི་སེམས་སྤང་སྟེ།། བརྩེ་གདུང་བྱམས་པའི་ཕན་སེམས་བསྐྱེད།། ༸ བདེན་པའི་དོན་ལ་ལོག་ལྟ་གང།།  ཐར་མེད་ན་རག་གན་ལ་འབྱར།། བོན་ལ་ལོག་པར་མི་ལྟ་ཞིང།། ཡང་དག་བདེན་པའི་དོན་ལ་སྤྱོད།། ༸ སྤང་བླང་ཡིད་ཀྱི་གཡར་དམ་ལས།། འདས་ན་ཐར་པའི་འབྲས་བུ་འཚིག །བཅས་པའི་དམ་ལས་མི་འདའ་བར།། དམ་ཚིག་མིག་གི་རྡུལ་བཞིན་སྲུངས།། ༸ དམན་ལ་སྔོན་སྦྱིན་མ་གཏང་ན།། མ་འོངས་འདོད་དགུ་མི་འཚོགས་པས།། བོན་སྐྱབས་མི་ནོར་ཡུལ་མཁར་ཟས།། ཆགས་མེད་སྦྱིན་པ་ཡོངས་ལ་བཀྱེ།། ༸ དལ་དུས་སྡོམ་ཁྲིམས་མ་བསྲུང་ན།། འཁོར་བའི་རྩ་བ་མི་ལྡོག་པས།། སྒྲིབ་སྦྱོང་འཁོར་བའི་རྒྱུ་ལྡོག་པའི།། ངེས་འབྱུང་ཚུལ་ཁྲིམས་རྣམ་དག་སྲུངས།། ༸ དགྲ་ལ་བཟོད་སེམས་མ་བསྐྱེད་ན།། ཞེ་འཁོན་བརྣག་སེམས་མི་ཞི་བས།། གཞན་གྱིས་གནོད་འཚེ་ཇི་བརྩམ་ཡང།། བྱུང་ཚོར་མེད་པའི་བཟོད་པ་བསྒོམ།། ༸ ལོང་མེད་རྒྱུད་ལ་མ་བརྟེན་ན།། འཁྲུལ་པའི་རྟོག་ཚོགས་མི་འགག་པས།། འཇིག་རྟེན་སྒྱུ་མའི་འཁྲུལ་འཁོར་ལ།། གཡོ་རྩོལ་མེད་པའི་བསམ་གཏན་བསྒོམ།། ༸ བྱང་ཆུབ་སེམས་སྟོབས་མ་བསྐྱེད་ན།། འཁྲུལ་སྣང་ཟིལ་གྱིས་མི་ནོན་པས།། ཉོན་མོངས་དབང་དུ་མི་གཏོང་ཞིང།། ཞུམ་པ་མེད་པའི་སྟོབས་མཆོག་བསྐྱེད།། ༸ འགྲོ་ལ་བརྩེ་བའི་སེམས་མེད་ན།། བྱང་སེམས་རྒྱུད་ལ་མི་སྐྱེ་བས།། བཟོད་མེད་འཁོར་བའི་སྡུག་བསྔལ་ལ།། དཔག་སྟེ་སྙིང་རྗེ་ཚད་མེད་བསྐྱེད།། ༸ སྨོན་ལམ་རྣམ་པར་མ་དག་ན།། དོན་གཉིས་མཐའ་རུ་མི་ཕྱིན་པས།། གང་ལ་རེ་དོགས་མེད་པ་ཡི།། དམིགས་མེད་སྨོན་ལམ་རྒྱ་ཆེར་གདབ།། ༸ བསྒྲུབ་པའི་ཐབས་ལ་མ་མཁས་ན།། འདོད་དོན་ཉེ་བར་མི་འགྲུབ་པའི།། བསམ་སྦྱོར་ཕྱིན་ཅི་མ་ལོག་པའི།། འབྲས་བུ་བསྒྲུབ་པའི་ཐབས་ལམ་གཟབ།། ༸ བདག་མེད་རྟོགས་པའི་བློ་མེད་ན།། འཁྲུལ་རྟོག་རང་སར་མི་ཞི་བས།། འཁོར་འདས་གང་ལ་མི་རྨོངས་པར།། སྟོང་ཉིད་རྟོགས་པའི་ཤེས་རབ་བསྐྱེད།། ༸ ཞེ་སྡང་བྱམས་པས་མ་བཏུལ་ན།། ཁོང་ཁྲོས་ཁོང་ཁྲོ་ག་ལ་ཐུལ།། སྡང་ལན་ཚད་མེད་བྱམས་པས་སྐྱོངས།། རང་དུལ་གཞན་གྱི་བརྣག་པ་ཞི།། ༸ འདོད་ཆགས་སྦྱིན་པས་མ་བཏུལ་ན།། འདོད་གདུང་གདོད་པས་མི་སེལ་བས།། འདོད་ཆགས་སྦྱིན་པས་ཚིམས་བྱས་ན།། རང་གཞན་གཉིས་ཀ་ཆགས་སེམས་བྲལ།། ༸ གཏི་མུག་མཁྱེན་པས་མ་བསལ་ན།། རྨོངས་པས་རྨོངས་པ་ཅི་སྟེ་སེལ།། མ་ཤེས་ཤེས་པར་བསླབ་བྱས་ན།། རང་གྲོལ་གཞན་གྱི་ཤེས་རབ་རྒྱས།། ༸ ང་རྒྱལ་ཞི་བས་མ་བཅོམ་ན།། དྲེགས་པས་དྲེགས་པ་མི་ཆོམ་པས།། ཤིན་ཏུ་དམན་པའི་ཚུལ་བཟུང་ནས།། བདག་གཞན་རང་ཆེའི་ཁེངས་པ་ཐུལ།། ༸ འཕྲག་དོག་ཡངས་པས་མ་བཀྲོལ་ན།། དོག་པོས་དོག་པོ་ཅི་མ་ཁྲོལ།། རུ་ཏྲའི་འགྲན་ཉམས་ཡངས་པས་མེན།། རང་ཁོག་ཡངས་ན་གཞན་ཁོག་ཁྲོལ།། ༸ རང་རྒྱུད་ཉོན་མོངས་དགྲ་ཆོམས་ན།། ཕ་རོལ་དགྲ་ཚོགས་ཐུལ་བ་ཡིན།། ཅི་ཕྱིར་དམིགས་པའི་ཡུལ་མེད་ན།། ཆགས་སྡང་སྐྱེ་བ་ག་ལ་སྲིད།། ༸ རང་ཉིད་ཞི་བར་མ་གྱུར་ན།། ཕྱི་དགྲ་ཟད་པའི་དུས་མི་སྲིད།། དུག་ལྔས་དུག་ལྔ་འདུལ་འདོད་དེ།། མེ་ལ་རླུང་གཡབ་ཐོག་པ་འདྲ།། ༸ རང་ཉིད་བྱང་ཆུབ་སེམས་ལྡན་ན།། བདུད་སྲིན་ཡིན་ཀྱང་ལྷ་སེམས་སྐྱེ།། རྣོ་མཚོན་ཡིན་ཀྱང་ངར་སོ་ཉིལ།། ཐོག་རྒོད་ཡིན་ཀྱང་ལྡོག་པར་ནུས།། ༸ རང་སྣང་དགྲ་རུ་མ་ལོང་ན།། ཕ་རོལ་དགྲ་རུ་མི་ལོང་སྟེ།། རིག་པའི་རང་རྩལ་མ་ཡིན་པའི།། དགྲ་གཉེན་སྣང་ཆས་དབེན་ཕྱིར་རོ།། ༸ རང་སྣང་འཁྲུལ་པའི་འགྲོ་ལ་ལས།། འདྲ་མིན་རྣམ་འགྱུར་ཅི་བསྟན་ཀྱང།། བཟང་ངན་མེད་པར་རོ་གཅིག་ཏུ།། མཉམ་སྙོམས་བག་དང་ལྡན་པར་བྱ།། ༸ ལོག་སྤྱོད་སྟོན་པའི་ངོ་གང་ལ།། རང་ཉིད་བག་དང་མི་ལྡན་པས།། དེ་ཡི་ཚོར་བ་བསླང་གྱུར་ན།། རང་གིས་རང་ཉིད་བསླད་པ་ཡིན།། ༸ བག་ཡོད་བོན་པོས་མ་བྱས་ན།། སྐྱེ་བོ་ཕལ་པས་ག་ལ་ཤེས།། བྱང་སེམས་མཁས་པས་མ་བསྒོམ་ན།། དྲེགས་ལྡན་བླུན་པོས་ཅི་ལ་བསྒོམ།། ༸ རང་སེམས་དུལ་བར་མ་གྱུར་ན།། འདུལ་བའི་མིང་གིས་ཅི་ཞིག་བྱ།། འཁོར་བ་བློ་ཡིས་མ་ཐོངས་ན།། དཀའ་ཚེག་སྤྱོད་པ་རང་ལ་ཡིན།། ༸ སངས་རྒྱས་རང་ལ་ཡོད་ན་ཡང།། མ་བཙལ་བར་དུ་དེ་མི་རྙེད།། རྙེད་ཀྱང་དཀའ་བ་དུ་མས་སྒོས།། མ་བསྒྲུབ་བར་དུ་སངས་མི་རྒྱས།། ༸ ཚིག་གི་སྒྲོ་འདོགས་མ་བཅད་ན།། དོན་གྱི་གདར་ཤ་མི་ཆོད་པས།། ཐོག་མར་ཐོས་བསམ་རྒྱུད་ལ་བརྟེན།། གང་བསླབ་གཅིག་ལ་ཕུལ་ཕྱིན་བྱ།། ༸ དོན་གྱི་རྣམ་པ་ཤར་ཙམ་ན།། ཚིག་སྤུ་མི་སློང་དོན་ལ་སྒྲིལ།། དོན་མེད་རྟོག་གེའི་ཚིག་སྐམ་གྱིས།། ཐེ་ཚོམ་ཆོད་པའི་དུས་མཐའ་མེད།། ༸ ངེས་དོན་ཟབ་མོའི་གནས་ལུགས་ལ།། ཡིད་ཆེས་གཏིང་ནས་སྐྱེས་ཙམ་ན།། རྣམ་མཁྱེན་མངོན་དུ་མ་གྱུར་བར།། འབྲལ་མེད་ཆུ་བོའི་རྒྱུན་བཞིན་བསྒོམ།། ༸ འགྲོ་ལ་ཤེས་རྒྱུད་གཉིས་མེད་པས།། ལུས་ངག་ཡེངས་ན་སེམས་ཀྱང་ཡེངས།། བྱ་བ་ཀུན་བཏང་ཁོང་དལ་ན།། རང་འབྱུང་ཡེ་ཤེས་མངོན་དུ་འགྱུར།། ༸ བོན་སྒོ་ཕྱི་ནང་གང་སྤྱོད་ཀྱང།། ལྟ་བ་ཁོག་དབུབ་སྒོམ་པ་ཡིས།། ལམ་འདྲེན་སྤྱོད་པས་ལམ་དོར་ཞིང།། དམ་ཚིག་དག་གི་གཞི་བཟུང་དགོས།། ༸ ཕྱི་རྒྱུད་ལྟར་ན་སྣང་བ་ཀུན།། ཀུན་རྫོབ་རྗེས་ཐོབ་སྣང་ཚུལ་དུ།། གསལ་ལ་རང་བཞིན་མ་གྲུབ་པ།། བདེན་སྟོང་སྒྱུ་མ་བཞིན་ཏུ་ལྟ།། ༸ དོན་དམ་སྣང་མེད་མཉམ་བཞག་དུས།། ཡིན་ཚུལ་ཅི་ཡང་མ་གྲུབ་ཅིང།། ཡེ་ནས་སྐྱེ་མེད་གདོད་དག་པ།། སྤྲོས་བྲལ་ནམ་མཁའི་ངོགས་བཞིན་བལྟ།། ༸ ནང་རྒྱུད་ལྟར་ན་སྣང་གྲགས་ཀུན།། ཀུན་རྫོབ་རོལ་པ་འགག་མེད་དུ།། སྣོད་བཅུད་གཞལ་ཡས་ལྷ་ལྷ་མོ།། སྣང་ལ་རང་བཞིན་མེད་པར་བལྟ།། ༸ དོན་དམ་ངོ་བོ་སྐྱེ་མེད་དུ།། གཞལ་ཡས་ལྷ་དང་ལྷ་མོ་སོགས།། ཐིག་ལེ་ཉག་གཅིག་ངང་ལ་འདུས།། དེ་ཉིད་བློ་འདས་ཆེན་པོར་བལྟ།། ༸ གསང་རྒྱུད་ལྟར་ན་བལྟ་ཡུལ་དང།། ལྟ་བྱེད་ལྟ་བའི་རང་བཞིན་སོགས།། འདི་ཞེས་ཅི་ཡང་མ་ཡིན་པ།། མཐའ་བྲལ་རྒྱ་ཡན་ཉིད་དུ་བལྟ།། ༸ ཕྱི་ལྟར་སྒྲིབ་གཉིས་རྟོག་ཚོགས་ཀུན།། རིམ་དང་གཅིག་ཆར་སྤང་བ་ཡི།། གཉེན་པོ་ཡེ་ཤེས་རྒྱུད་ལ་བསྟེན།། མཉམ་རྗེས་ཟུང་འབྲེལ་ཚུལ་དུ་བསྒོམ།། ༸ ནང་ལྟར་འབྱུང་དུག་ཕུང་པོ་དང།། ཁམས་དང་སྐྱེ་མཆེད་རྟོག་ཚོགས་ཀུན།། གཞལ་ཡས་ལྷ་སྐུ་ཡེ་ཤེས་བསྒྱུར།། བསྐྱེད་རྫོགས་ཟུང་འབྲེལ་ཚུལ་དུ་བསྒོམ།། ༸ གསང་ལྟར་བསྒོམ་བྱ་སྒོམ་བྱེད་སོགས།། ཡུལ་དང་ཡུལ་ཅན་སྤྲོས་པ་ཀུན།། ཡེ་སྟོང་མཐའ་བྲལ་ཆེན་པོའི་ངང།། བཅས་བཅོས་མེད་པར་ལྷང་ངེར་ཞོག ། ༸ ཕྱི་ལྟར་དགེ་བཅུ་བསླབ་པ་གསུམ།། ཕར་ཕྱིན་བཅུ་དང་བསྡུ་བ་བཞི།། སེམས་དཔའི་བསླབ་པ་ཟབ་མོ་ལ།། བདེན་གཉིས་ཟུང་འབྲེལ་ཚུལ་དུ་སྤྱོད།། ༸ ནང་ལྟར་ལྷ་སྔགས་ཕྱག་རྒྱ་རྫས།། ཏིང་འཛིན་ཡི་གེའི་འཕྲོ་འདུ་དང།། རྩ་རླུང་ཐིག་ལེའི་སྤྲོ་བསྡུ་སོགས།། ཐབས་ཤེས་ཟུང་འབྲེལ་ཚུལ་དུ་སྤྱོད།། ༸ གསང་བ་སྤྱད་བྱ་སྤྱོད་བྱེད་དང།། དག་དང་མ་དག་སྐྱོན་ཡོན་སོགས།། སྤང་བླང་དགག་སྒུྲབ་དང་བྲལ་བ།། བྱར་མེད་རང་གྲོལ་ཆེན་པོར་སྤྱོད།། ༸ ཕྱི་ལྟར་སོ་ཐར་སྡེ་བཞི་དང།། བྱང་སྡོམ་རྩ་ལག་དམ་ཚིག་ཀུན།། ཉམས་ཆག་དྲི་མས་མ་གོས་པར།། བདེན་གཉིས་ཟུང་འབྲེལ་ཚུལ་དུ་བསྲུང།། ༸ ནང་ལྟར་སྤྱི་དང་ལྷག་པ་དང།། ཁྱད་པར་རྩ་ལག་དམ་ཚིག་ཀུན།། འདོར་མེད་སྙིང་གི་རག་ཏ་བཞིན།། ཐབས་ཤེས་ཟུང་འབྲེལ་ཚུལ་དུ་བསྒོམ།། ༸ གསང་བ་བསྲུང་བྱ་སྲུང་བྱེད་དང།། སྲུང་ཚུལ་ཉམས་ཐུབ་སྐྱོན་ཡོན་སོགས།། སྤྲོས་བྲལ་ཉིད་ལས་མི་འདའ་བ།། ཡེ་སྲུང་ཆེན་པོའི་ངང་ལ་འོ།། ༸ བོན་ལ་སྤྱོད་པའི་སྐལ་ལྡན་དེ།། ལྟ་སྒོམ་སྤྱོད་དམ་ཟུང་འབྲེལ་ན།། ཚེ་འདིར་ས་ལམ་ཉེར་བགྲོད་ནས།། འབྲས་བུ་མངོན་སངས་རྒྱས་པར་ངེས།། ༸ བོན་པོས་བོན་བཞིན་མི་སྤྱོད་པར།། ལྟ་བ་ལོག་གམ་སྒོམ་པ་གོལ།། སྤྱོད་པ་ནོར་རམ་དམ་ཚིག་འཆལ།། གང་དེ་མནར་མེད་དམྱལ་བར་འགྲོ།། ༸ བོན་རྣམས་ཤེས་པས་མི་ཕན་ཏེ།། སྒྲུབ་པ་ཟབ་མོ་ཉམས་ལེན་དགོས།། བསྒྲུབ་པ་ཙམ་གྱིས་མི་ཆོག་སྟེ།། གྲུབ་པ་མཐའ་རུ་ཕྱིན་པ་གཅེས།། ཞེས་བླང་དོར་དཔྱད་ཀྱི་མེ་ལོང་ལས་བོན་སྤྱོད་སྤྱི་ཡི་སྤྱོད་འཇུག་བསྟན་པས་རབ་ཏུ་བྱེད་པ་སྟེ་གསུམ་པའོ།། །།
༸ གཞན་དོན་མཛད་པའི་བླ་མ་རྣམས།། རྒྱལ་བའི་བཀའ་དང་འཕགས་པའི་ལུང།། རང་རིག་ཚད་མ་ཟུང་འབྲེལ་ནས།། བདེན་གཉིས་དོ་མཉམ་ཚུལ་དུ་སྤྱོད།། ༸ ཚུལ་འཆོས་རྫུན་གཡོས་མ་བསླད་པའི།། གྲུབ་མཐའི་ལྟ་སྒོམ་སྤྱོད་དམ་དང།། འབྲལ་མེད་མདུང་ཁྱིམ་བཞིན་དུ་བརྟེན།། དེ་བས་ལྷག་པའི་མི་ཐབས་གང།། ༸ མངོན་ཤེས་རྩལ་དང་ལྡན་ན་ཡང།། རྟག་ཏུ་མི་སྨྲ་དུས་སུ་བརྗོད།། གྲུབ་རྩལ་ཐོགས་པ་མེད་ན་ཡང།། ཚད་ལ་མ་ཕྱིན་བར་དུ་སྦ།། ༸ དག་དང་མ་དག་སྣང་ཚུལ་དང།། ལྷ་འདྲེའི་ལུང་བསྟན་བཟང་ངན་སོགས།། ཉམས་ཀྱི་འཆར་ཚུལ་མཐའ་ཡས་ཀྱང།། ཁེངས་རྟོག་མེད་པར་ཀུན་ཏུ་གསང།། ༸ སངས་རྒྱས་བསྟན་པའི་སྤྱི་ཆུས་དང།། རང་རང་གྲུབ་མཐའི་རིང་ལུགས་འཚོ།། ལས་འཕྲོ་མཐུན་པའི་གྲྭ་སློབ་རྣམས།། ཉེ་རིང་མེད་པ་བརྩེ་བས་སྐྱོངས།། ༸ ལས་ཀྱི་འབྲེལ་བའི་དད་སྦྱིན་སོགས།། འགྲོ་དྲུག་ཐུགས་རྗེའི་ཞིང་ས་ལ།། བཟང་ངན་ངོ་སྲུང་མེད་པ་རུ།། ཚད་མེད་སྙིང་རྗེའི་ཚད་གཅིག་བཟུང།། ༸ བོན་སྒོ་ཕྱི་ནང་གང་འཆད་ཀྱང།། བློ་ཚད་ཐེག་པའི་སྟོབས་དང་སྦྱར།། སྒྲ་དག་ཚིག་གསལ་དོན་མཐུན་པ།། མ་རྟོགས་བར་དུ་ལེགས་པར་ལྡབ།། ༸ བོན་གང་རྩོད་པས་མ་ཟིན་ན།། ལོག་པའི་གོལ་ས་མི་ཆོད་པས།། བསྟན་པ་རྣམ་དག་འབྱུང་བ་དཀའ།། དེས་ན་རྩོད་པ་ཤིན་ཏུ་གནད།། ༸ ལུང་དང་བླ་མས་མ་གནང་བའི།། ཡིག་སྦྱོར་བརྩམས་ཀྱང་དགོས་པ་ཆུང།། གནང་བ་ཐོབ་ཀྱང་རང་ལུགས་ཀྱི།། ལུང་དང་རིག་པ་ཟུང་འབྲེལ་དགོས།། ༸ རྒྱལ་བའི་ཐུགས་རྗེ་ཚད་མེད་དུ།། ཤར་བའི་གྲུབ་མཐའི་ཁྱད་མེད་ཀྱང།། རང་རང་གོང་མའི་རང་ལུགས་དེ།། སོ་མར་བཞག་ན་རབ་ཏུ་དགེ།། ༸ གོང་མའི་འཕྲིན་ལས་ཇི་ལྟ་བ།། འཛིན་སྐྱོང་སྤེལ་བའི་ལེགས་བྱས་ཀྱིས།། འོག་མ་སྨིན་གྲོལ་ལམ་ལ་བཀོད།། བསྟན་པའི་གཉེར་ཁ་རྫོགས་ལ་གཏད།། ༸ འབུལ་སྡུད་དཀོར་རྫས་ཇི་སྙེད་པ།། ཁྲོག་རླག་མེད་པར་ཚོགས་སུ་གཏང།། དཔོན་དང་ཁྱིམ་པའི་ངོ་སྲུང་ལ།། གཏང་ན་རྣམ་སྨིན་རང་ལ་ལྗི།། ༸ མི་ནུས་པ་ཡི་འགྲོ་དོན་དང།། མི་ཕེབས་པ་ཡི་དབང་བསྐུར་དང།། མི་ཤེས་པ་ཡི་ལུང་བསྟན་གྱིས།། མི་ཞུ་པ་ཡི་འབུལ་སྡུད་བཤོལ།། ༸ བཟང་འདོད་རྫུན་གྱི་འཁོར་ལོ་བསྐོར།། གཞན་སྣང་འདྲེན་པའི་ཆུལ་འཆོས་གཟབ།། སྙིང་རྗེ་མེད་པར་འབུལ་ཚད་གཞལ།། དེ་དག་རང་གཞན་གཉིས་ཕུང་ཡིན།། ༸ རང་དོན་མ་འགྲུབ་གཞན་དོན་དེ།། ལག་སྦྲེལ་ཕྱམ་ལ་ཡལ་བ་འདྲ།། གང་ཡང་མི་ཐར་གཉིས་ཀ་ལྟུང།། དེ་བས་རང་དོན་འགྲུབ་པ་གཅེས།། ༸ བཀའ་ལུང་རིག་པས་མ་ཟིན་པའི།། ལུང་མེད་འཁོར་བའི་འདུ་འཛི་བཀག །རྒྱལ་རིགས་བཟང་པོའི་སྤྱོད་པ་ལས།། རྣམ་པ་ཀུན་ཏུ་འདའ་མི་རུང།། ༸ ཁྱིམ་ལས་ཐར་པའི་བཙུན་པ་རྣམས།། འདུལ་བའི་གཞུང་ལུགས་ཇི་ལྟ་བ།། ཕྱི་ཚུལ་ནང་ཁྲིམས་ཟུང་དུ་སྦྲེལ།། རྒྱལ་སྲིད་གཅིག་པའི་ཁྲིམས་བཞིན་བྱ།། ༸ རང་རང་གནས་སྡེའི་བཅའ་ཁྲིམས་དང།། བླ་མས་ཇི་ལྟར་བསྐོས་པའི་བཀའ།། འལ་འོལ་སབ་སོབ་མེད་པ་རུ།། རྣམ་དག་སེམས་ཀྱིས་ལེགས་པར་བསྒྲུབ།། ༸ བཙུན་པ་བཙུན་པའི་གྲལ་ན་སྐྱིད།། བཞུགས་ཚུལ་ལེགས་ན་ལྷ་མིས་སྨོན།། གཅིག་པུར་གྲོང་ཡུལ་འགྲིམས་ཆེ་ན།། མ་དག་སྐྱེ་བོས་ཁ་མདའ་ཕོག ། ༸ མངོན་ལྐོག་སྤྱོད་པ་གཞན་གྱིས་འཕྱ།། རང་སེམས་དབང་མེད་རང་གིས་ཁྲེལ།། སྡོམ་པ་ཉམས་ན་ཁྱི་བས་ལོད།། བསྐལ་བརྒྱའི་བསོད་ནམས་ཆུད་ཟོས་འགྱུར།། ༸ རང་ལ་གཉེན་འབྲེལ་ཡུལ་པ་རྣམས།། བཙའ་སྐྱོང་མི་དགོས་རང་མགོ་ཐོན།། ཡུལ་གཉེན་བདུད་ཀྱི་ཞགས་པ་ཡིས།། འཆིང་དོགས་ཡོད་པས་ཁོང་ཟོན་རེམས།། ༸ རང་བཞིན་ཁ་ན་མ་ཐོ་བས།། ལོང་གཏམ་འཕྱར་གཡེང་ཐོལ་མ་གྱུ།། ཤོ་བག་ཚོང་ཆས་ཐ་མ་སོགས།། འདུལ་བའི་ལུང་དང་འགལ་བས་སྤོངས།། ༸ གཞན་གྱི་ཚོགས་སྦྱོར་ལེན་པའི་ཚེ།། སྦྱོར་དངོས་རྗེས་གསུམ་མ་དག་ན།། རང་ལ་མི་ཞུ་ཁྲོ་ཆུ་འདྲ།། གཞན་ལ་མི་ཕན་མུན་ཁྲོད་རྫས།། ༸ རྒྱལ་བའི་བཀའ་དང་བསྟན་བཅོས་ལ།། རང་དོན་ཐོས་བསམ་སྒོམ་སྒྲུབ་དང།། གཞན་དོན་འཆད་རྩོདརྩོམ་གསུམ་ལ།། གང་བརྩོན་བསྟན་པའི་རྒྱན་དུ་འགྱུར།། ༸ ཟབ་ལམ་གསང་བ་སྔགས་འཆང་རྣམས།། མཚན་ལྡན་ལུང་གི་གཉེར་དཔོན་ལ།། དབང་ལུང་མན་ངག་རྫོགས་པར་ཞུ།། ཁྲིད་གདམས་ཕྱག་ལེན་ཕུལ་ཕྱིན་བསླབ།། ༸ གསང་སྔགས་ཐེག་པ་ཆེན་པོ་ཡི།། ལྟ་སྒོམ་སྤྱོད་དམ་འཕྲིན་ལས་ལྔས།། ཡང་དག་དོན་གྱི་ཁོག་ཕུབ་སྟེ།། རང་དོན་བསྙེན་སྒྲུབ་མཐར་ཕྱིན་བྱ།། ༸ བདག་དོན་ལྷུན་གྱིས་གྲུབ་ཙམ་ན།། ཞི་རྒྱས་དབང་དྲག་རྒྱུན་ལ་སོགས།། ལས་མཐའ་གང་དགོས་སྐབས་དང་སྦྱར།། གཞན་དོན་མཐའ་རུ་ཕྱིན་པར་མཛོད།། ༸ ཚད་མེད་སྙིང་རྗེས་མ་ཟིན་བར།། གསང་སྤྱོད་ཟབ་མོ་ཁར་ཁྱེར་ཏེ།། བསྒྲལ་བསད་ཞེ་སྡང་རང་ཁ་མ།། ཐེག་ཆེན་ཟབ་མོའི་དོན་ལས་གོལ།། ༸ ཐེག་ཆེན་ལུགས་ལ་ཁ་འཕང་སྟེ།། ཐབས་ཤེས་རོལ་པ་ཁ་ཁྱེར་གྱི།། ཆགས་སྦྱོར་འདོད་པ་རང་ཁ་མ།། གསང་སྔགས་ཟབ་མོའི་དམ་ལས་འགལ།། ༸ གསང་སྤྱོད་ཟབ་མོའི་ཐོས་ལོ་བ།། སངས་རྒྱས་བསྟན་དོན་མ་གཏོགས་པ།། གཞན་ལ་དམོད་བྱད་སྡིག་པ་དེ།། རང་ཉིད་དམྱལ་བ་ལྟུང་བའི་རྒྱུ།། ༸ ཐེག་ཆེན་བསྒོམ་པའི་རྣལ་འབྱོར་ཚོ།། སྔགས་བཙུན་སྒོམ་ཆེན་གཅེར་བུ་དང།། སྨྱོན་པ་བྱིས་ཚུལ་སྦས་ཐབས་སོགས།། རྣམ་འགྱུར་ཇི་ལྟར་བསྟན་ཀྱང་རུང།། ༸ ལྟ་བ་གཏད་མེད་ཟང་ཐལ་ལ།། སྒོམ་པ་དམིགས་མེད་བློ་འདས་དང་།། སྤྱོད་པ་ཤུགས་འབྱུང་རྒྱ་ཡན་ཏེ།། འབྲལ་མེད་གཙང་རྒྱལ་རྒྱུན་བཞིན་དགོས།། ༸ ཟས་བཅུད་ཏིང་འཛིན་ཟབ་མོ་བཟང་།། གོས་ལ་ཉམས་ཀྱི་བདེ་དྲོད་དྲོ།། གྲོགས་ལ་རང་འབྱུང་ཡེ་ཤེས་འཐད།། དེ་གསུམ་རྣལ་འབྱོར་ཕ་ནོར་ཡིན།། ༸ རྩ་རླུང་ཉམས་ཀྱི་བོགས་འདོན་དང།། ཆགས་མེད་ལུས་ཀྱི་སྦྱིན་པ་དང་།། བསང་གཏོར་ཚོགས་ཀྱི་འཁོར་ལོ་སོགས།། རྣལ་འབྱོར་སྤྱོད་པའི་རྒྱན་དུ་འགྱུར།། ༸ ཉམས་རྟོགས་མེད་པར་སྟོང་སྐད་སྒྲོག །རྟོག་བཅས་བག་མེད་རྟུལ་ཤུགས་འཆང་།། ཟ་འདོད་འགོ་སྐོར་གྲུབ་ཚུལ་སོགས།། རང་གཞན་ཐར་མེད་ཞིང་ལ་སྦྱོར།། ༸ མོ་རྩིས་ས་གཏོ་སྨན་པ་རྣམས།། དང་པོ་ལག་ཁྲིད་མཁས་པར་སློབས།། བར་དུ་བཟང་ངན་ཞིབ་པར་དཔྱོད།། མཐའ་མ་ལུང་བསྟན་དྲང་པོར་བྱ།། ༸ མི་ཤེས་པ་ཡི་གཟུ་ལུམ་དང་།། ལེགས་པར་མ་དཔྱད་འོལ་ཚོད་དང་།། བཟང་ངན་ལུང་སྟོན་ལོག་པ་སོགས།། རང་གཞན་གཉིས་ཀ་ཕུང་བའི་རྒྱུ།། ༸ གཞན་དོན་བྱ་བ་གང་ལ་ཡང་།། སེམས་བསྐྱེད་རྣམ་པར་མ་དག་ན།།  བྱ་བ་གནད་ལ་ཐེབས་ན་ཡང་།། རང་ལ་ཕན་པའི་འབྲས་བུ་མེད།། ༸ སེམས་བསྐྱེད་རྣམ་པར་དག་གྱུར་ན།། བྱ་བ་གནད་ལ་མ་ཁེལ་ཀྱང།། རང་ལ་ཕན་བདེའི་སྐལ་པ་འབྱུང་།། དེ་བས་སེམས་བསྐྱེད་ཤིན་ཏུ་གཙོ།། ༸ སྔོན་ཚེ་རྣམ་དཀར་ཚོགས་བསགས་པས།། ལྷ་ལས་ལྷག་པའི་ལུས་འདི་ཐོབ།། སླར་ཡང་འདི་འདྲ་འཐོབ་འདོད་གང་།། རྣམ་བྱང་ཐར་པའི་འདུན་མ་རེམས།། ཞེས་བླང་དོར་དཔྱད་ཀྱི་མེ་ལོང་ལས་བོན་སྤྱོད་སོ་སོའི་སྤྱོད་འཇུག་བསྟན་པས་རབ་ཏུ་བྱེད་པ་སྟེ་བཞི་པའོ།།
སྨྲས་པ།           རང་ཉིད་དུས་ཀྱི་ལྟོ་ཚོད་མི་ཐིག་པར།།
                    སྤྱོད་གདམས་འཆད་འདོད་ཧ་ཅང་བླུན་མོད་ཀྱི།།
                    གཞན་སེམས་བསད་པའི་ཉེས་པས་གོས་དོགས་ནས།།
                    གོང་མས་ལུང་ལས་རིག་པས་ཕྱེས་ཏེ་སྦྱར།།
སྡེབས་ལེགས་སྙན་ཚིག་རྒྱན་གྱིས་བཅིངས་གྱུར་ན།།
དཔྱོད་ལྡན་རྣ་བའི་དཔྱིད་དུ་གྱུར་ན་ཡང་།།
ཐོས་ཆུང་རྣམས་ལ་བརྡ་དོན་འཕྲོད་དཀའ་བས།།
གླེན་པའི་འབོལ་རྩོམ་ཕལ་པའི་བརྡ་ལས་དྲངས།།
                   འགྲོ་རྣམས་རང་སྣང་མི་མཐུན་ཐ་དད་པས།།
                   ཀུན་ཡིད་རངས་པའི་སྤྱོད་པ་མི་འབྱོང་ཡང་།།
                   འདིར་འཇུག་དོན་བཞིན་བགྱིས་པའི་སྐྱེས་བུ་གང་།།
                   ཡ་རབས་མཁས་པའི་གྲལ་གོང་བསྙེག་པར་ནུས།།
འདིར་འབད་རྣམ་པར་དཀར་བའི་ཆ་མཆིས་ན།།
འགྲོ་ལ་ཕན་བདེ་སྤེལ་བའི་རྒྱུ་རུ་བསྔོ།།
བརྡ་དོན་ལོག་པར་གོལ་བའི་ཉེས་པ་གང་།།
ཚུལ་བཞིན་སྤྱོད་པའི་མཁྱེན་ལྡན་ཚོགས་ལ་བཤགས།།
                   འདི་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན།།
                   ལོག་པའི་ལས་དོར་བདེ་བའི་ལམ་ཞུགས་ནས།།
                   ཡང་དག་ཐར་པའི་ས་ལམ་ཉེར་བགྲོད་དེ།།
                   བདེ་ཆེན་བོན་སྐུའི་རྒྱལ་ས་ནོན་གྱུར་ཅིག །
ཅེས་པའི་ཚུལ་འདི་རང་གཞན་ཀུན་ལ་དམ་པའི་ལེགས་བཤད་གཅིག་བས་གཅིག་ལེགས་དུ་མ་ཡོད་བཞིན་དུ་བླུན་པོའི་འཆོལ་གཏམ་འདི་འདྲ་དགོས་གལ་མེད་པ་ཤེས་མོད་ཀྱི་རང་རྒྱབ་པ་གཡུང་དྲུང་བསྟན་པས་རང་ལུགས་དང་མཐུན་པའི་ལུགས་གཉིས་ཀྱི་བསླབ་པ་ཚིག་ཉུང་དོན་ཚང་ཞིག་དགོས་ཚུལ་ཉེ་བར་བསྐུལ་བ་མི་བཅག་ཙམ་དུ་གཤེན་གྱི་བཙུན་གཟུགས་ཚུལ་རྒྱན་བྱ་བའི་སྙོམས་ལས་པས་གཤེན་བསྟན་གཡུང་དྲུང་གླིང་དུ་བཀོད་པ་དགེའོ།། བཀྲ་ཤིས་པར་ཤོག །། །།                      

No comments:

Post a Comment