Saturday, January 14, 2012

རང་འབྱུང་ཆུ་ཚན་གྱི་རྣམ་བཞག་ཟུར་ཙམ་གླེང་བ།


སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་སྨན་དགེ་རག་ཤི་ཚུལ་ཁྲིམས་སངས་རྒྱས་ཀྱིས་བརྩམས།
༡༩༤༠-༢༠༡༡།༡།༢༠

ཐུགས་རྗེའི་སྟོབས་ལས་གསོ་བྱེད་སྤྲིན་སྤུངས་འཁྲིགས། །

འབྱུང་ལྔའི་རྩི་བཅུད་བདུད་རྩིའི་ཟིལ་ཐིགས་རྒྱས། །

ན་གསོ་འཆི་སློང་བདེ་བའི་སྐམ་སར་བསྐྱལ།

མེས་པོའི་སྐུ་དྲིན་སྙིང་དབུས་རྟག་ཏུ་རོལ།  

རྒྱལ་བའི་ཐུགས་རྗེ་ནམ་མཁའི་སྤྲིན་སྤུངས་ལས།

ཐོན་པའི་གསོ་རིག་བདུད་རྩིའི་ཆར་རྒྱུན་གྱིས།

བཞི་བསྡུས་འབྱུང་ཁམས་འཛིན་མའི་ལྟོ་བ་རུ།

ཟིམ་པས་འདབ་ལོ་མེ་ཏོག་ཚུལ་བཞིན་འཁྲུངས།  


སྔོན་བྱོན་སངས་རྒྱས་མཐུ་བྱིན་ནང༌།

སྤྱི་མཐུན་ལས་ཀྱི་བསོད་ནམས་ཀྱིས།

འབྱུང་ལྔ་རྟེན་འབྲེལ་ནུས་མཐུ་ཅན།

རང་འབྱུང་ཆ་ཚན་ཞེས་སུ་གྲུབ།  

འབྱུང་ལྔ་བཅུད་གྲུབ་རྡོ་སོལ་ལ།

གྲོགས་གཞན་སྨན་གྱི་བསྒྱུར་བ་ཡི།

བྲག་ཞུན་ཅོང་ཞི་མུ་ཟི་སོགས།

རང་འབྱུང་ཆུ་ཚན་རྣམ་ལྔར་གྲགས།  

དེ་ལ་འབྱུང་དུས་འཁོར་ཕྱོགས་ཀྱིས།

ནུས་པའི་ཁྱད་པར་ལ་དཔྱད་སྟེ།

འབྱུང་འཁྲུགས་ནད་ཀྱི་མཚན་ཉིད་དང༌།

སྦྱར་ཏེ་བསྟན་ན་ནད་ཀུན་སེལ།  

རང་འདྲའི་བློ་དམན་ཀུན་དོན་དུ།

ཆུ་ཚན་ངོས་འཛིན་བྱེད་པའི་ཚུལ།

ནུས་པས་ནད་སེལ་ཡོན་ཏན་དང༌།

ཆུ་ཚན་བསྟན་པའི་ཐབས་རྣམས་བཤད།



ཅེས་པའི་མཆོད་བརྗོད་སྔོན་དུ་བཏང་སྟེ། སྐབས་འདིར་གླེང་བར་བྱ་བ་ནི། སྔོན་གྱི་སྟོན་པའི་ཐུགས་རྗེ་དང༌། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ལས་བྱུང་བའི་རང་འབྱུང་གི་ཆུ་ཚན་འདི་དག་བོད་དང༌། རྒྱ་གར། རྒྱ་ནག བལ་པོ་སོགས་ཀྱི་མི་དམངས་རྣམས་ཀྱིས་དད་མོས་ཀྱི་བསྟེན་པ་ཤིན་ཏུ་དར་ཁྱབ་ཆེ་ཡང༌། ནམ་ཟླ་གང་ལ་བསྟེན་དགོས་པའི་ལེགས་ཉེས་ཀྱི་དཔྱད་གཞི་མེད་པར་གང་བྱུང་དུ་བསྟེན་བཞིན་འདུག་པ་མཐོང་ཐོས་སུ་བྱུང་བར་བརྟེན། འདིར་དེ་དག་ལ་ཕན་སྙམ་གྱི་བསམ་པས་ཆུ་ཚན་གྱི་རྣམ་བཞག་ཟུར་ཙམ་གླེང་བ་ལ་ཆུ་ཚན་གྱི་རིགས་དང༌། སོ་སོའི་ངོས་འཛིན་དང་ཕན་ནུས། ཆུ་ཚན་རིགས་ཀྱི་ཐུན་མོང་གི་ཡོན་ཏན། ཆུ་ཚན་བསྟེན་དུ་རུང་བའི་དུས། བསྟེན་དུ་མི་རུང་བའི་དུས། འཇུག་ཚུལ་དང་ཟས་སྤྱོད་ཀྱི་རྗེས་སྲུང་བཅས་སོ།

དང་པོ། ཆུ་ཚན་གྱི་རིགས།

སྤྱིར་ཆུ་ཚན་ཞེས་པ་སྟེ། རྡོ་སོལ་ཅོང་ཞི་འདྲེས་པ་དང༌། རྡོ་སོལ་མུ་ཟི་འདྲེས་པ། རྡོ་སོལ་དང་བྲག་ཞུན་འདྲེས་པ། རྡོ་སོལ་དང་ཅོང་ཞི་མུ་ཟི་གསུམ་འདྲེས་པ། རྡོ་སོལ་མུ་ཟི་བྲག་ཞུན་ལྡོང་རོས་འདྲེས་པ་བཅས་ཡོད་ཚུལ་གསུངས་ཡོད། འོན་ཀྱང༌། ད་ལམ་འདིར་མུ་ཟི་ཆུ་ཚན་དང༌། ཅོང་ཞི་ཆུ་ཚན། བྲག་མཚུར་ཆུ་ཚན། བྲག་ཞུན་ཆུ་ཚན། རྡོ་ཞོ་ཆུ་ཚན་བཅས་ལྔ་ཡིན་ཏེ། ཆུ་ཚན་སྐྱེད་བྱེད་ཀྱི་རྒྱུ་ནི་རྡོ་སོལ་ཡིན་པས། རྡོ་སོལ་ནི་མེ་ཡི་རང་གཤིས་ལྡན་པ་ཞིག་ཡིན་པ་དང༌། དེ་དྲོད་ཚད་དང་འཕྲད་པ་དང༌། གྲོགས་ཕན་ཚུན་དང་འཕྲད་པ། ཆུ་བོ་རྣམས་དང་འཕྲད་པ་སོགས་ཀྱི་དབང་གིས་ཆུ་ཚན་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད།

གཉིས་པ། སོ་སོའི་ངོས་འཛིན་དང་ཕན་ནུས།

དང་པོ་ནི། མུ་ཟི་ཡོད་པའི་ས་གནས་སུ་ཆུ་ཚན་བྱུང་བ་ཡིན་ན། ཆུ་ཚན་དེར་མུ་ཟིའི་དྲི་མནམ་གྱི་ཡོད་ལ། ཁ་དོག་ཡང་སེར་པོ་དྲི་མ་ཤིན་ཏུ་དུགས་པ་དང༌། ས་ཕྱོགས་དེ་དག་མུ་ཟིས་ཡོངས་སུ་ཁྱབ་པ་ཡིན་པས། ཆུ་ཚན་དེས་ཆུ་སེར་གྱི་ནད་དང༌། ཆུ་སེར་པགས་གྲམས་ཀྱི་ཤ་བཀྲ། ཆུ་སེར་ནག་པོ་མཛེ་ནད། ལྷན་སྐྱེས་ཀྱི་འབྲས་ནད་རྣམས་སེལ་གྱི་ཡོད་སྟེ། ལུང་ལས། མུ་ཟི་ཆུ་ཚན་མུ་ཟི་མནམ། ཁ་དོག་སེར་པོ་དྲི་དུགས་ཆེ། །ས་ཕྱོགས་དེ་ཡང་མུ་ཟིས་ཁྱབ། །ཆུ་སེར་ཤ་བཀྲ་མཛེ་འབྲས་སེལ། ཞེས་གསུངས་པས་སོ།

གཉིས་པ་ནི། ཅོང་ཞིའི་ཆུ་ཚན་ཡིན་ན། དྲི་མ་ཆེར་མེད་ཅིང་ཤིན་ཏུ་དྭངས་པ་དང༌། ས་ཕྱོགས་དེ་དག་ཅོང་ཞིས་ཁྱབ་ཅིང༌། ཆུ་དེས་ཇ་སྐོལ་བྱེད་དང་ཆང་གསིང་བྱེད་སོགས་བྱས་ཀྱང་རོ་བསྒྱུར་གྱི་མེད་ལ། ཡོན་ཏན་ཡང་སྨུག་པོ་དང༌། དུག་ནད། ཚད་པ་རྙིང་པ་རྣམས་སེལ་ཐུབ་ཀྱི་ཡོད་སྟེ། ལུང་ལས། ཅོང་ཞི་ཆུ་ཚན་དྲི་མེད་དྭངས། །ས་ཕྱོགས་དེར་ཡང་ཅོང་ཞིས་ཁྱབ། །ཇ་ཆང་བསིངས་ཀྱང་རོ་མི་བསྒྱུར། །སྨུག་པོ་དུག་དང་ཚད་རྙིང་སེལ། ཞེས་གསུངས་པས་སོ།

གསུམ་པ་ནི། བྲག་མཚུར་གྱི་ཆུ་ཚན་ཡིན་ན། ཆུ་དེར་མཚུར་གྱི་དྲི་བྲོ་ཞིང༌། དེ་གའི་ས་ཕྱོགས་སུ་མཚུར་གྱིས་ཁྱབ་པས། ཆུ་མདོག་ཀྱང་སྔོ་ལ་ནག་ཅིང་དྭངས་མ་མིན་པར་ཅུང་ཟད་རྙོག་མ་རུ་ཡོད། དེས་ཀྱང་ལྷན་སྐྱེས་ཀྱི་འབྲས་དང༌། སྐྲན་ནད་ཆུ་ལམ་གྱི་རྡེའུ། བད་ཀན་ལྕགས་དྲེག་བཅས་སེལ་གྱི་ཡོད་སྟེ། ལུང་ལས། བྲག་མཚུར་ཆུ་ཚན་མཚུར་དྲི་བྲོ། །ས་ཕྱོགས་དེར་ཡང་མཚུར་གྱིས་ཁྱབ། །ཆུ་མདོག་སྔོ་ནག་ཅུང་ཟད་རྙོག །འབྲས་སྐྲན་རྡེའུ་ནད་ལྕགས་དྲེག་སེལ། ཞེས་གསུངས་པས་སོ།

བཞི་པ་ནི། བྲག་ཞུན་ལས་བྱུང་བའི་ཆུ་ཚན་ཡིན་ན། བྲག་གི་ཐོག་ཁ་ནས་འབྱུང་ཞིང༌། བྲག་ཞུན་ཕྱིར་འཛར་བའི་ཐིགས་པའི་རྗེས་ཀྱི་རྟགས་ཀྱང་མངོན་པ་དང༌། ཆུ་མདོག་ཀྱང་སྨུག་ཅིང་རོ་ཁ་བ་དང༌། དྲི་མ་མཉམ་ཚེ་མི་ཞིམ་པ་ཡིན་ཡང༌། འདུས་ནད་སྨུག་པོ་དང༌། དྲེག་ནད་ཀྱི་ཆུ་ལམ་འགག་པ་སོགས་སེལ་གྱི་ཡོད་སྟེ། ལུང་ལས། བྲག་ཞུན་ཆུ་ཚན་བྲག་ཁར་འབྱུང༌། །བྲག་ཞུན་འཛར་ཐིགས་རྗེས་མངོན་ཞིང༌། །མདོག་སྨུག་རོ་ཁ་དྲི་མི་ཞིམ། །སྨུག་པོ་དྲེག་ནད་ཆུ་འགག་སེལ། ཞེས་གསུངས་པས་སོ།

ལྔ་པ་ནི། བྱ་རྡོའམ་རྡོ་ཞོའི་ཆུ་ཚན་ཡིན་ན། ཆུ་ལ་རྭ་ཞོབ་ཀྱི་དྲི་བྲོ་བ་དང༌། ས་ཕྱོགས་སུ་བྱ་རྡོ་སྐྱ་བོས་གང་སར་ཁྱབ་ཡོད། དེས་ཟས་མ་ཞུ་བ་རྣམས་འཇུ་བར་བྱེད་པ་དང༌། ཕོ་བའི་མེ་དྲོད་ཡར་བསྐྱེད་པར་བྱེད་པ་དང༌། བད་ཀན་ལྷེན་གྱི་ནད་དང་ལྕགས་དྲེག་གི་ནད་ཀྱང་སེལ་བ་ཡིན་ཏེ། ལུང་ལས། རྡོ་ཞོའི་ཆུ་ཚན་རྭ་ཞོབ་བྲོ། །ས་ཕྱོགས་རྡོ་སྐྱས་ཁྱབ་དེ་ཡིས། །མ་ཞུ་འཇུ་ཞིང་མེ་དྲོད་བསྐྱེད། །བད་ཀན་ལྷེན་དང་ལྕགས་དྲེག་སེལ། ཞེས་གསུངས་པ་ལྟར་རོ།

གསུམ་པ། ཆུ་ཚན་རིགས་ཀྱི་ཐུན་མོང་གི་ཡོན་ཏན།

དུག་གི་ནད་དང༌། རྙིང་པའི་ཚ་བ་ཚ་བ་བྱེར་བ་སོགས་རྩ་ནས་འདོན། དྲེག་དང་གྲུམ་བུ་རྐང་འབམ་སོགས་ཀྱི་རེངས་པ་འདུལ་ཞིང༌། འབྲས་དང་སུརྱ་རྣག་ཆུ་དག་སྐེམ་པ་དང༌། ལུས་གནས་གྱེ་བ་འགུག་ཅིང་སྒུར་པོ་རྐྱང་ཐུབ་པ་ཡིན། ཤ་སྐེམ་པ་རྒྱས་པར་འགྱུར་བ་དང༌། སྦོམ་པོ་རིམ་བཞིན་བྲི་སྟེ་ཆུ་སེར་གྱི་ནད་དང་འོར་ནད་དམུ་ཆུ་སོགས་ཀྱི་ཆུ་སེར་སྐེམ་པར་བྱེད། ཤ་དང་པགས་པ་རྩ་དང་རུས་པའི་ཐིགས་ལྷད་བྱུང་བར་འདོན་པ་དང༌། ལུས་དྲི་ངན་པ་སྦྱང་ཞིང་བཀྲག་མདངས་ལེགས་པ་དང་ལུས་རྩུབ་པ་འཇམ་པར་བྱེད་པ་ཡིན་ནོ།

བཞི་པ། ཆུ་ཚན་བསྟེན་རུང་བའི་དུས།

རང་བྱུང་གི་ཆུ་ལུམས་དང༌། བཅོས་མའི་ཆུ་ལུམས་གང་ཡིན་རུང༌། དུས་ཚོད་སོས་ཀ་དང་དགུན་སྟོད་བསྟེན་དགོས་པ་ཡིན། དེ་གང་ལགས་ཤེ་ན། དགུན་གྱི་འཁྱགས་རོམ་སང་སྟེ། སོས་ཀའི་མགོ་བྱུང་ན་དྲོད་ཚད་སྙོམས་པ་དང༌། དབྱར་གྱི་ཆར་རླུང་དང་སྟོན་ཚད་ཡོལ་ཏེ་ཚ་གྲང་མཉམ་པས། དེ་ནི་འབྱུང་བ་གཞན་དང་མ་འདྲེས་པར་རང་རང་གི་ཁམས་རྒྱས་པས་ནུས་པ་ཆེ་བའོ།

ལྔ་པ། བསྟེན་དུ་མི་རུང་བའི་དུས།

བསྟེན་དུ་མི་རུང་བའི་དུས་ནི་དབྱར་དགུན་སྟོན་གསུམ་སྟེ། དབྱར་དུས་དང་སྟོན་དུས་གཉིས་སུ་ས་ཆུ་གཉིས་ཀྱི་ནུས་པ་དེའང་མེ་རླུང་གཉིས་ཀྱི་ནུས་པ་གྱེན་དུ་རྒྱུ་བས། དེ་ཚེ་རྒྱ་མཚོ་ཁོལ་བའི་དབང་གིས་ཟིལ་པ་དང་རླངས་པ་འདྲེས་ནས་ཆུ་ཚན་གྱི་ནུས་པ་ཆུང་དུ་འགྲོ་བ་ཡིན། དགུན་གྱི་དུས་སུ་ས་ཆུ་རླུང་གསུམ་གྱི་སྟོབས་རྒྱས་པ་འཁྱགས་ཤིང་འཐས་པའི་དབང་ལས། ནུས་པ་ཐོན་མི་ཐུན་པར་སྦུབས་སུ་གཞའ་བ་ལྟར་འགྱུར་བ་ཡིན་པས། ཆུ་ཚན་དང་སྨན་ཆུ་གང་ཡིན་ཡང༌། འབྱུང་བ་ཚ་གྲང་དང་འཕེལ་འགྲིབ་ཀྱི་ནུས་པའི་ཁྱད་པར་ཡོང་གི་ཡོད་པར་བརྟེན། ཕན་ཡོན་བྱེད་ལས་རྟེན་འབྲེལ་དོན་ལ་མ་རྨོངས་པར་བྱ་རྒྱུ་གལ་ཆེའོ།

ཐོག་མར་ཆུ་ཚན་ལ་འཇུག་སྐབས་རང་ཉིད་ལུས་སྟོབས་ཀྱི་ཆུ་ཚན་ཐུབ་མིན་དཔྱད་པ་བྱ་དགོས་པ་མ་གཏོགས། གང་བྱུང་ཞུགས་ན་ལུས་སྟོབས་དང་ནད་ཁམས་ལ་མི་འཕྲོད་པ་ཡོང་གི་ཡོད། ལུས་སྟོབས་ལ་མ་འཕྲོད་ན་མགོ་འཁོར་བ་དང༌། ཞེ་ལོག་རྒྱག་པ། ལུས་ཆུ་ཡི་གཏིང་དུ་མི་བྱིང་བར་ཆུ་སྟེང་དུ་ཐོན་ནས་དབང་པོའི་ཚོར་བ་བརྟན་པོ་མེད་པ་སོགས་ཡོང་གི་ཡོད། ནད་གཞི་དང་མ་འཕྲོད་ན། གོང་ལས་ལྡོག་པའི་དབང་པོ་ལྔ་གསལ་ཞིང་ལུས་ཁམས་བདེ་བའི་ཚོར་སྣང་འབྱུང་གི་ཡོད།

དྲུག་པ། ཆུ་ཚན་བསྟེན་ཚུལ།

སྤྱིར་ཆུ་ཚན་ལ་འཇུག་སྟངས་ནི། ཐོག་མར་ཞུགས་སྐབས་ཆུ་ཚན་ཧ་ཅང་ཚ་བོ་མ་ཡིན་པར་ཞུགས་ཏེ་ལུས་ཀྱི་ཆ་ཤས་ཙམ་འཁྲུ་དགོས་པ་ལས། ཆུ་ཚ་བོར་ཞུགས་ཏེ་དང་ཐོག་ནས་ལུས་ཡོངས་རྫོགས་འཁྲུ་མི་རུང་ངོ༌།

ཆུ་ཚན་ལ་ཉིན་བདུན་གཞུག་རྒྱུའི་དབང་དུ་བྱས་ན། ཉིན་དང་པོར་ཐེངས་གཅིག་དང༌། ཉིན་གཉིས་པར་ཐེངས་གཉིས། ཉིན་གསུམ་པར་ཐེངས་གསུམ། ཉིན་བཞི་པར་ཐེངས་བཞིར་ཞུགས་པའི་རྗེས་སུ་ཉིན་ལྔ་པར་ཐེངས་གསུམ་དང༌། ཉིན་དྲུག་པར་ཐེངས་གཉིས། ཉིན་བདུན་པར་ཐེངས་གཅིག་བཅས་ཞུགས་ཏེ་རིམ་པས་ཉུང་དུ་གཏང་དགོས། ལུས་ཟུངས་ཀྱིས་ཐུབ་ན་ཉིན་བཅུ་བཞི་ཞུགས་པ་ཡིན་ན། ཉིན་གཅིག་ནས་བདུན་བར་རིམ་གྱིས་ཡར་སྤར་བ་དང་མར་ཉུང་དུ་གཏོང་བ་གོང་བཞིན་བྱ་དགོས་སོ།

ཆུ་ཚན་ལ་འཁྲུད་འཇུག་བྱེད་པའི་དུས་ནད་གཞི་གང་ཡོད་ཤ་དང་རྩ་ཡི་ན་དམིགས་རྣམས་ལེགས་པར་མཉེ་ཞིང་འཁྲུད་པར་བྱེད་དགོས་ལ། ལྷག་པར་དུ་ཁོང་གི་འབྲས་སྐྲན་གྱི་ནད་ཡོད་པ་རྣམས་ཀྱིས་ཆུ་ཚན་དལ་བུས་འཐུང་ཞིང་རླུང་བཟུང་སྟེ་ཕོ་བའི་འཁྲུལ་འཁོར་རྒྱག་པ་སོགས་བྱས་ཏེ་ནད་གཞི་བ་སྤུ་ནས་འདྲོང་པའི་ཐབས་བྱ་དགོས། ནད་ཀྱི་བབ་སྒོ་དང་ལུས་ཤེད་ལ་སྦྱར་ནས་ཕན་པའི་ངེས་པ་བརྟན་པོ་མངོན་སུམ་དུ་མ་ཐུབ་བར་དུ་བསྟེན་དགོས་ལ། ཆུ་ནས་ཐོན་པའི་བར་གསེང་རྣམས་སུ་ལུས་དྲོ་བའི་གོས་གྱོན་ཞིང༌། ཐུག་པ་ཚ་བོ་བཏུང་སྟེ་པུས་མོ་བྲང་ལ་སྦྱོར་བ་དང༌། རྔུལ་ཆུ་ཐོན་རྗེས་གོས་བརྗེ་བའམ་རྔུལ་ཆུ་ཡང་ཡང་ལེགས་པར་ཕྱིས། ཟས་སྐོམ་དང་སྤྱོད་ལམ་རྣམས་ནད་དང་བསྟུན་ཏེ་ལུས་དྲོད་ལ་བསྒོར་ཞིང་རླན་གྲང་སྤང་དགོས་སོ།

བདུན་པ། ཟས་སྤྱོད་སོགས་ཀྱི་རྗེས་སྲུང༌།

རྗེས་སྲུང་ནི་ནད་དང་སྦྱར་བའི་རྩ་ལྟོ་གང་རིགས་སྦྱོང་བ་དང༌། ལུས་ཁམས་དང་སྦྱར་བའི་བཀུ་མཉེ་བྱ་ཞིང༌། ལུས་ཟུངས་རྒྱས་པའི་ཟས་སྨན་བསྟེན་དགོས། ཁྲག་མཁྲིས་འདྲེས་པ་ལྟ་བུའི་ནད་ལ་ཐོག་མར་གཏར་ཁ་བྱེད་པ་དང་སྦྱོང་གཏོང་བ། དེ་ནས་ཆུ་ཚན་དལ་བུར་བསྟེན་དགོས་ལ། དེ་བཞི་གྲང་རླུང་གི་ནད་ལའང་ཆུ་ཚན་བཏུང་རྗེས་ངལ་གསོ་ལེགས་པར་བྱས་ཏེ་ནད་དམིགས་སུ་མེ་རྒྱས་གདབ་དགོས་སོ།

མཇུག་བསྡུ་བའི་གཏམ།

སྤྱིར་བཏང་བྱས་ན། ནད་གཞིའི་ནད་གཞིའི་རིགས་མཐའ་དག་ལ་བསྡུ་བ་དང༌། བསད་པ། སྦྱོང་བའི་ལག་ལེན་བསྟར་ཐུབ་ན། སླར་ཡང་ནད་ལོག་མི་རྒྱག་པའི་དགེ་མཚན་ཆེ་བ་དང༌། དེ་ལྟར་ལག་ལེན་མ་གྲུབ་ཚེ་སླར་ཡང་ནད་ལངས་ཏེ་སྔོན་མ་ལྟར་གྱི་སྨན་བཅོས་ཡང་ནས་ཡང་དུ་བྱེད་དགོས་པའི་རྒྱུ་མཚན་དེ་ལ་ཐུག་པར་སྨོས་སུ་མེད།

གཞན་པའི་སྨན་བཅོས་ཀྱི་ནད་ཀྱི་རྣོ་སོ་བཅགས་པ་དང༌། རྨ་རིགས་གསོ་བཅོས་བྱེད་པར་དམིགས་བསལ་གྱི་ཁྱད་བོན་ལྡན་པ་ཞིག་ཡིན་ཡང༌། ནད་མཇུག་གཅོད་བྱེད་ཀྱི་བྱ་ཐབས་གཤག་གཅོད་ཀྱི་ལས་ཀ་ཙམ་ལས་སླར་ཡང་མི་ལྡོག་པའི་རྗེས་གཅོད་གཏར་བསྲེགས་དུགས་ལུམས་ལྟ་བུ་རྗེས་གཅོད་ཀྱི་ལག་ལེན་དཀོན་པས། སྨན་ཡུན་རིང་ལོ་ཟླ་གྲངས་བསགས་ནས་བཟས་པས་ནད་ལ་ཕན་པའི་རེ་ལྟོས་བཅའ་དགོས་པ་ལྟ་བུར་སྣང༌།

ང་ཚོའི་བོད་ཀྱི་གསོ་བ་རིག་པ་ལྟར་ན་དེ་ལྟར་མིན་པར་ནད་གཞི་གང་འདྲ་ཞིག་ཡིན་རུང༌། དང་པོ་ཞི་བྱེད་སྨན་གྱི་ནད་རྩེ་བསྐྱིལ་ཏེ་བསྡུས། བསྡུས་པ་དེ་བསད། བསད་རྗེས་ནད་རོ་ཕྱིར་འབྱིན་པ་ལའང་སྦྱོང་བྱེད་སྐྱུགས་བཤལ་གཏར་བསྲེགས་དུགས་ལུམས་བྱུགས་པ་བཅས་ཀྱིས་ནད་རྣམས་རྒྱུ་མ་དང༌། རྩ། བ་སྤུའི་བརྒྱུད་ནས་འདོན་པ་དང༌། ནད་ཀྱི་རྒྱུ་ལམ་བཀག་ནས་ཟས་དང་སྤྱོད་ལམ་སོགས་ཕན་པར་བསྟེན་ཞིང༌། སླར་མི་ལྡོག་པའི་ཟས་སྤྱོད་སྤང་བླང་བྱེད་པ་དང༌། གདོན་ལ་ལྟོ་ཆོག་བྱེད་པ་སོགས་ཐབས་ཚུལ་མ་འགག་པ་རྒྱལ་བ་བཀའ་དྲིན་ཅན་གྱིས་རྒྱ་ཆེ་ལ་གཏིང་ཟབ་པར་གནང་བ་དག་ལག་ལེན་མཐའ་འཁྱོལ་བྱེད་ཐུབ་ན། གཞན་ལ་རེ་ལྟོས་མི་དགོས་པར་རང་ཚུགས་བརྟན་པོར་ལང་ཐུབ་པའི་ཡིད་ཆཻས་ཡོད་དོ།། །།

སླར་སྨྲས་པ།

ལག་ལེན་གདམས་པ་ཟབ་མོ་འདི་མེད་ན།

ནད་རོ་བ་སྤུའི་སྦུབས་ནས་མི་འདྲོངས་པས།

གཞན་ཕན་ལྷག་བསམ་བཟང་པོའི་ལེགས་པར་བྲིས།

དགེ་འདིས་ནད་གདུང་སེལ་བའི་རྒྱུར་གྱུར་ཅིག

No comments:

Post a Comment