Sunday, January 15, 2012

བཀའ་དང་བཀའ་བརྟེན་གྱི་དབྱེ་སྒོ་རགས་བསྡུས།


གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་དབྱེ་སྒོ་རགས་བསྡུས། 
༄༅། །རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་བསྟན་པ་ལ་གཡུང་དྲུང་གི་བོན་ཞེས་བྱ། སྤྱད་ཅིང་ཉམས་སུ་བླངས་བ་ལ་བརྟེན་ནས་ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་དེ་གཡུང་དྲུང་བོན་གྱི་མཚན་ཉིད་དང༌།
སྒྲ་བཤད་ནི། སྐྱེ་མེད་དོན་ལས་མི་གཡོ་བས་གཡུང༵༌། །འགག་མེད་རྟགས་ལས་མི་འགྱུར་བས་དྲུ༵ང༌། །སྐྱེ་འགག་གཉིས་སུ་མེད་པའི་དོན་སྟོན་ཞིང་གདུལ་བྱ་སྐྱོབ་པར་བྱེད་པས་ན་བོན༵་ཞེས་གསུངས། ཞང་སྐད་དུ། དྲུ༷ང་མུ༵་གྱེར༵་ཞེས་སོ། །དེ་ལ་དབྱེ་ན་བརྗོད་བྱ་དོན་གྱིས་བསྡུས་པའི་གཡུང་དྲུང་གི་བོན་དང༌། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་གཉིས། དང་པོ། སྤངས་རྟོགས་ཅི་རིགས་ཀྱིས་བསྡུས་པའི་ཡོན་ཏན་དང༌། སྐུ་གཟུགས་སྤྱན་ཅན། སྐུ་གདུང་མཆོད་རྟེན་སོགས་སོ། །གཉིས་པ། རྒྱལ་བའི་གསུང་རབ་དང་དེ་སྲས་ཀྱི་བཀའ་བརྟེན་རྣམས་ཡིན་ཞིང༌། དེ་དང་ལུང་གི་བོན་དོན་གཅིག དང་པོ་བཀའ་ཡི་མཚན་ཉིད་ནི། བདག་རྐྱེན་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་བྱུང་བའི་ཁྱར་པར་བཞི་ལྡན་གྱི་ལེགས་བཤད་རྣམ་དག་དེའོ། །དེ་དང་རྒྱལ་བའི་གསུང་རབ། ལུང་གི་བོན་འཁོར་རྣམས་དོན་གཅིག ཁྱད་པར་བཞི་ནི། ངོ་བོའི་ཁྱད་པར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ། བརྗོད་བྱའི་ཁྱད་པར་དྲང་ངེས་ཇི་ལྟར་བསྟན་ཀྱང་མཐར་ཐུག་གི་དོན་ལ་མི་བསླུ་བར་ངེས་པ། རྗོད་བྱེད་ཀྱི་ཁྱད་པར་བཀའ་བསྡུ་གྲུབ་ནས་གང་ཟག་གཞན་གྱིས་འདོད་དབང་གིས་བཅོས་བསླད་མེད་པ། བྱེད་ལས་ཀྱི་ཁྱད་པར་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ལས་བསྐྱབས་ཤིང་འབྲས་བུ་ཐར་པ་ཆེན་པོ་ཐོབ་པར་བྱེད་པ་བཅས་སོ།། ༡༽བཀའ་ལ་ངོ་བོའི་སྒོ་ནས་རྒྱུད་ལུང་མན་ངག་གསུམ་དང༌། ༢༽བདག་རྐྱེན་གྱི་སྒོ་ནས་ཞལ་ནས་གསུང་པ་དང༌། བྱིན་གྱིས་བརླབས་པ། རྗེས་སུ་གནང་བའི་བཀའ་དང་གསུམ། ༣༽བརྗོད་བྱའི་སྒོ་ནས་བདེན་གཉིས་ལ་ལྟོས་པའི་དྲང་ངེས་གཉིས། ༤༽སྣོད་ཀྱི་སྒོ་ནས་དཀའ་སྤྱད་དང༌། སླ་འགྱུར། གཉིས་ཀ་མ་ཡིན་པའི་སྡེ་གསུམ། ༥༽བསླབ་པའི་སྒོ་ནས་འདུལ་བ་དང༌། མདོ་སྡེ། མངོན་པའི་སྡེ་སྣོད་གསུམ། ༦༽དུས་ཀྱི་སྒོ་ནས་བཀའ་འཁོར་རྣམ་པ་གསུམ། ༧༽རྒྱུ་འབྲས་ཀྱི་སྒོ་ནས་རྒྱུ་མཚན་ཉིད་དང་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་བཀའ་གཉིས། ༨༽ལམ་གྱི་སྒོ་ནས་སྤང་ལམ་གཙོ་བོར་བསྟན་པ་ཕྱི་རྒྱུད་ཀྱི་བཀའ་དང༌། སྒྱུར་ལམ་གཙོ་བོར་བསྟན་པ་ནང་རྒྱུད་ཀྱི་བཀའ། གྲོལ་ལམ་གཙོ་བོར་བསྟན་པ་གསང་རྒྱུད་ཀྱི་བཀའ་དང་གསུམ། ༩༽རྟོགས་ཚད་ཀྱི་སྒོ་ནས་ཐེག་པ་རིམ་དགུའི་བཀའ། ༡༠༽སྤང་གཉེན་གྱི་སྒོ་ནས་སྤང་བྱ་དུག་ལྔ་ལ་ལྟོས་པའི་སྒོ་བཞི་མཛོད་དང་ལྔ༌། ༡༡༽སྡེ་ཚན་གྱི་སྒོ་ནས་རྒྱས་པར་ཕྱེ་ན་གསས་མཁར་སུམ་བརྒྱ་དྲུག་ཅུ་དང༌། བསྡུས་ན་མདོ་འབུམ་རྒྱུད་མཛོད་བཞི་རུ་དབྱེ་བའོ།། ༡༢༽གདུལ་བྱའི་སྒོ་ནས་གདུལ་བྱ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཏེ། དེ་ཡང་ཉོན་མོངས་པ་འདོད་ཆགས་ལས་གྱུར་པ་ཉིས་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་མདོ་ཡི་བོན་སྒོ་ཉིས་ཁྲི་ཆིག་སྟོང་དང༌། ཞེ་སྡང་གི་གཉེན་པོར་རྒྱས་པ་འབུམ། གཏི་མུག་གི་གཉེན་པོར་མངོན་པ་མཛོད། དུག་གསུམ་ཆ་སྙོམས་པའམ་ཁ་ཚང་བའི་གཉེན་པོར་སྔགས་སེམས་རྒྱུད་ཀྱི་བོན་སྒོ་རྣམས་སུ་གསུངས། ༡༣༽དགོས་པའི་སྒོ་ནས་རིག་པའི་གནས་ལྔའི་བཀའ་བཅས་དབྱེ་བ་དང་བཅུ་གསུམ་མོ། །རིག་པའི་གནས་ལྔ་ནི། བཟོ་དང་སྒྲ་དང་གསོ་བ་དང༌། ཕྱི་ནང་རིག་པ་གཉིས་ཏེ་ལྔ༌། ཞེས་གསུངས་པ་ལྟར་རོ། །དེ་དག་ལའང་འབྱུང་བའི་གནས་ལྔ་དང༌། བསྟན་པའི་བོན་ལྔ༌། གསུངས་པའི་དགོས་པ་ལྔ་བཅས་ཡོད། འབྱུང་བའི་གནས་ལྔ་ནི། ཡེ་སྲིད་སངས་པོ་འབུམ་ཁྲི། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ། ཡེ་རྗེ་སྨན་ལྷའི་རྒྱལ་པོ། ཡེ་དབང་ས་ཡི་རྒྱལ་པོ། ཡེ་དབལ་མཐུ་སྟོབས་རྒྱལ་པོ་སོགས་སོ། །བསྟན་པའི་བོན་ལྔ་ལས་དང་པོ་བཟོ་རིག་པ་ལ་འབུམ་གསུམ་སྟེ། བསྐལ་པ་སྣང་སྲིད་འཁོར་ལོའི་འབུམ། སྲིད་པ་མིའུ་རྒྱུད་ཀྱི་འབུམ། འབྱུང་བ་ཆགས་གནས་འཇིག་སྟོང་གི་འབུམ་དང་གསུམ། གཉིས་པ་སྒྲ་ཚད་ཀྱི་འབུམ་གསུམ་ནི། ལྷ་སྲིན་གྱི་འཁྲུག་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ། ནང་གསེས་སྒྲ་ཚད་སོ་སོར་བྱུང་བས་སྒྲ་ནི་སྐད་འགྱུར་སོ་སོར་བསྟན་པའི་མདོ་དང༌། ཚད་མ་ནི་སྡེ་བདུན་གྱི་མདོ་ལྟ་བུའོ། །སྡེ་བདུན་ནི། དྲི་བ་རྟགས་གསལ་སྒྲོན་མའི་སྡེ་དང༌། རྩོད་པ་རྫུ་འཕྲུལ་དྲ་བའི་སྡེ། སྤང་པ་རྒོལ་བ་ཚར་གཅོད་སྡེ། བླང་བ་ཀུན་འབྱུང་ཡངས་པའི་སྡེ། འགལ་བ་མི་མཐུན་སྤངས་པའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་གཅོད་ཀྱི་སྡེ་བཅས་སོ།། གསུམ་པ་གསོ་བ་རིག་པའི་འབུམ་གསུམ་ནི། གསོ་བྱའི་ནད་འབུམ་ནག་པོ། གསོ་བྱེད་ཀྱི་དཔྱད་འབུམ་ཁྲ་བོ། རྣམ་རྒྱལ་སྨན་འབུམ་དཀར་པོ་དང་གསུམ། བཞི་པ་ཕྱི་རིག་པའི་འབུམ་གསུམ་ནི། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་གྱི་ཀུན་འབུམ་ཁྲ་བོ། གཙུག་ལག་གི་དཔལ་འབུམ་དཀར་པོ་དང་གསུམ། ལྔ་པ་ནི་ཀླུ་འབུམ་དཀར་ནག་ཁྲ་གསུམ་བཅས་སོ། །དེ་དག་ལ་དཀར་ནག་ཁྲ་བོར་འདོགས་པའི་རྒྱུ་མཚན་ནི། མ་ཐུལ་བ་འདུལ་བའི་ནག་པོ། ཐུལ་བ་དཀྲིད་དྲང་གི་ཁྲ་བོ། དཀྲིད་དྲང་རྟོགས་པས་དཀར་པོ། གསུམ་པ་དགོས་པ་ནི། སངས་རྒྱས་ཀྱི་བསྟན་པའི་གཞིར་གྱུར་ཅིང་གཞན་རྗེས་སུ་འཛིན་པའི་ཕྱིར་རུ་བཟོ་རིག་པ། བསྟན་པ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་རྒོལ་བ་ཐམས་ཅད་ཚར་བཅད་ནས་ངེས་དོན་ཡང་དག་པར་བསྒྲུབ་པའི་ཕྱིར་དུ་སྒྲ་ཚད་རིག་པ། འགྲོ་བ་ནད་ཀྱི་ཟུག་རྔུ་བསལ་ཞིང་ལུས་སྲོག་གསོ་བར་བྱ་བའི་ཕྱིར་གསོ་བ་རིག་པ། ལེགས་ཉེས་རྩིས་ཀྱིས་སྟོན་ཞིང་སྣང་སྲིད་ཞི་བདེར་བཅོས་པའི་ཕྱིར་ཕྱི་རིག་པ། བགེགས་གདོན་ཐབས་ཀྱིས་བཅོམ་སྟེ་མཆོག་ཐུན་རང་རྒྱུད་ལ་ཐོབ་པར་བྱ་བའི་ཕྱིར་ནང་རིག་པ་བཅས་གསུངས་པ་ཡིན་ཏེ། བྱམས་མ་འབུམ་ལྔ་ལས། སེམས་ཅན་ཐབས་ཀྱིས་འདུལ་བ་སྟེ། ཕས་ཀྱི་རྒོལ་བ་སྒྲས་ཚར་གཅོད། །ནད་ཀྱིས་གདུང་བ་སྨན་གྱིས་གསོས། །གདོན་གྱིས་བཙེས་པ་སྔགས་ཀྱིས་བཅོམ། །རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ། ཞེས་གསུངས་པ་ལྟར་རོ། །
          གཉིས་པ་བཀའ་བརྟེན་ཙམ་གྱི་མཚན་ཉིད་ནི། སྟོན་པའི་རྗེས་འཇུག་གིས་གཙོ་བོར་བཀའ་བརྟེན་བརྩམ་པའི་བསམ་པས་ཀུན་ནས་བསླང་སྟེ་བསྟན་པའི་གསལ་བྱེད་དུ་དམིགས་ནས་བསྡེབས་པའི་ཚིག་སྦྱོར། དེ་ལ་བཀའ་བརྟེན་ཡང་དག་དང་ལྟར་སྣང་གཉིས་སམ། ༡བཤད་བྱ་བཀའ་ཡི་སྒོ་ནས་བསྡུས་པ་དོན་འགྲེལ་དང་རྒྱས་པ་ཚིག་འགྲེལ་གཉིས། ༢བརྗོད་བྱ་དོན་གྱི་སྒོ་ནས་ཇི་ལྟ་བ་བརྗོད་བྱའི་གཙོ་བོར་སྟོན་པ་དང༌། ཇི་སྙེད་པ་བརྗོད་བྱའི་གཙོ་བོར་སྟོན་པ། གནས་སྐབས་ཀྱི་བདེ་བ་བསྒྲུབ་པའི་ཐབས་བརྗོད་བྱའི་གཙོ་བོར་སྟོན་པ། བླ་མེད་ཀྱི་བྱང་ཆུབ་བསྒྲུབ་པའི་ཐབས་བརྗོད་བྱའི་གཙོ་བོར་སྟོན་པ་བཅས་བཞི། ༣དགོས་པ་བྱེད་ལས་ཀྱི་སྒོ་ནས་ཟབ་མོ་རྣམ་པར་འབྱེད་པའི་བཀའ་བརྟེན། རྒྱས་པ་བསྡུས་པར་བྱེད་པའི་བཀའ་བརྟེན། འཁྲུག་པ་གོ་རིམ་དུ་བསྡེབ་པའི་བཀའ་བརྟེན་དང་གསུམ། ༤མིང་ཙམ་མཐུན་པའི་སྒོ་ནས་ཡང་དག་གསུམ་དང་ལྟར་སྣང་དྲུག་སྟེ་བདུན། ཡང་དག་གསུམ་ནི། དོན་དང་ལྡན་པའི་བཀའ་བརྟེན། སྡུག་བསྔལ་སྤང་བའི་བཀའ་བརྟེན། བསྒྲུབ་པ་ལྷུར་ལེན་པའི་བཀའ་བརྟེན་དང་གསུམ། ལྟར་སྣང་དྲུག་ནི། དོན་མེད་པའི་བསྟན་བཅོས་དང༌། དོན་ལོག་པའི་བསྟན་བཅོས། ངན་གཡོ་བའི་བསྟན་བཅོས། སྙིང་བརྩེ་བྲལ་བའི་བསྟན་བཅོས། ཐོས་པ་ཁོ་ན་ལྷུར་ལེན་པའི་བསྟན་བཅོས། རྩོད་པ་ཁོ་ན་ལྷུར་ལེན་པའི་བསྟན་བཅོས་བཅས་སོ། ། ༥དགོངས་པ་འགྲེལ་ཚུལ་གྱི་སྒོ་ནས་དངོས་སུ་བཀའ་ལ་འགྲེལ་བ་མ་ཡིན་པར་བཀའ་ཡི་དོན་རང་རྒྱུད་ལ་བསླང་སྟེ་བརྩམས་པའི་བཀའ་བརྟེན་དང༌། དངོས་སུ་བཀའ་ལ་འགྲེལ་བ་བཏབ་སྟེ་བརྩམས་པའི་བཀའ་བརྟེན་གཉིས་བཅས་སུ་དབྱེ་བའོ། ། 
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དཔལ་ལྡན་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ཆོས་དགེའི་འོས་སྦྱོང་བ་རྣམས་ལ་ཕྱི་ལོ་ ༢༠༠༣ ཟླ་ ༩ པའི་ནང་གཡུང་དྲུང་བོན་གྱི་བསྟན་འབྱུང་དང་ལྟ་གྲུབ་ངོ་སྤྲོད་བགྱིད་སྐབས་ཀྱི་ཟིན་བྲིས་སུ་སྨན་རིའི་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བཏབ་པའོ། །

No comments: