Thursday, February 2, 2012

ཤིག་རྒན་གཉིས་ལ་བོན་བཤད་པའི་ལེའུ།

སྐུ་མདུན་བསོད་ནམས་བློ་གྲོས་ཀྱི་རྣམ་ཐར་པདྨོའི་ཕྲེང་བ་ལས་བཤུས།
༄༅། །ས་སྐྱོངས་(སྐྱོང)ཞེས་བྱ་ཤིང་མོ་བྱ་ཡི་ལོ། འབུམ་འགྱུར་ཟླ་བའི་བཅུ་གསུམ་ཉིན། བདག་གི་ཕྲག་པ་གཡས་པའི་སྟེང། ཡི་གེ་བ་གཅིག་འདུག་པའི་སྣང་བ་ལ། གང་ཡིན་སྙོམ་(སྙམ)ནས་ལག་པའི་མཐིལ་དུ་ལེན།(བླངས) མིག་གི་(གིས)ལྟས་(བལྟས)པའི་པྲ་མོ་ཧ་ཞིག་འདུག དེ་ལ་རང་སྣང་འཁྲུལ་བ་ཡིན་བསམ་ནས། འཁྲུལ་སྣང་སྒྱུ་མར་()རུ་ཤར་ནས་འདི་སྐད་བརྗོད།
རྗེ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། མགོན་དུས་གསུམ་རྒྱལ་བའི་ངོ་བོ་ཉིད། སྐྱབས་དཀོན་མཆོག་གསུམ་གྱི་རྩ་བ་སྟེ། ཕ་བླ་མ་དམ་པ་ཐམས་ཅད་ཀྱི། བུ་བདག་ལ་ཐུགས་རྗེ་(རྗེས)ཡུད་ཙམ་གཟིགས། བུ་བསྐལ་མེད་འཁོར་བའི་འདམ་དུ་ལུས། ལུས་བེམ་རིག་མ་བྲལ་ཚེ་འདི་ལ། རང་སྣང་བ་འདི་ཙམ་འཁྲུལ་སྲིད་ན། ཐ་ལུས་སེམས་བྲལ་ནས་འཆི་བའི་ཚེ། ལས་འཁྲུལ་བའི་སྣང་བ་ཇི་ལྟར་འོང་། འདི་ལན་པ་ཐམས་ཅད་དཀོར་གྱི་(གྱིས)ལན། ཟས་དཀོར་ཟས་ཟོས་པའི་རྣམས་(རྣམ)སྨིན་ཡིན། ཆུ་དཀོར་ཆུ་འཐུང་བའི་རྣམ་སྨིན་ཡིན། གོས་དཀར་པོ་(དཀོར)གོས་གྱོན་པའི་རྣམས་(རྣམ)སྨིན་ཡིན། སྐྱབས་ཁྱེད་ཀྱི་ཐུགས་རྗེ་ལྕགས་ཀྱུ་ཡི།(ཡིས) དུས་ད་ལྟ་མྱུར་དུ་དྲོང་(འདྲེན)དུ་གསོལ། ཟེར་ནས་མིག་ནས་མཆིལ་(མཆི)མ་ཁྲ་ཁྲལ་དོན་ནས། ཆུཐིག་(ཐིགས)གཅིག་ཤིག་གི་སྟེང་དུ་ཕོག་པའི།(པས) དེ་ནས་ཤེས་ལྡན་ཤིག་གི་(གིས)འདི་སྐད་སྨྲ།(སྨྲས) ཁྱོད་ལ་འཆི་བའི་སྡུག་བསྔལ་དེ་གར་ཙམ། ཡོད་ལ་()བདག་ལ་གནོད་སེམས་བསྐྱེད་བྱེད་ནས། ལག་པའི་མཐིལ་དུ་ལེན་(བླངས)ནས་གསོད་རྩིས་བྱེད། ཤ་ཁྲག་གཟུགས་ལ་ཆེ་ཆུང་ཡོད་ལག་(ལགས)ཀྱང། འཆི་བའི་སྡུག་བསྔལ་བདག་ལ་ཡོད་ཟེར། དེ་ལ་བདག་གི་(གིས)ཁྱོད་ལ་གནོད་སེམས་བྱེད་པ་ག་ལ་ཡིན། ང་རང་སེམས་ཀྱི་སྣང་བ་འཁྲུལ་བའི་རྐྱེན་ཡིན་ནམ། ཁྱོད་ཀྱི་(ཀྱིས)འཁྲུལ་སྣང་སྟོན་པའི་རྐྱེན། དེ་གཉིས་དབྱེར་(དབྱེ)བ་མ་བྱུང་ལྟ་བ་འདི། གསོད་དགོས་བམས་ནས་ལེན་(བླངས)པ་མ་ཡིན་ནོ། །ཡི་གེ་བ་དུ་མཐོང་ནས་ལེན་(བླངས)པ་ཡིན། རང་ལོ་ཉི་ཤུ་ལོན་ནས་ད་ལྟའི་བར། ལུས་ཀྱི་དགྲ་ལ་ལས་ཀྱི་ཤིག་གི་ཚོགས། གྲངས་མེད་བརྗོད་ཀྱི་(ཀྱིས)མི་ལང་བྱུང་ནས་ཀྱང་། རང་ལུས་སྦྱིན་པ་གཏང་བའི་སེམས་བསྐྱེད་ཅིང་། གསོད་སེམས་བདག་གི་ཡིད་ལ་འཆར་མ་མྱོང་། ད་ལྟ་ལུས་ལ་ཤིག་གཅིག་ཡོད་པ་འདི། གསོད་པའི་སེམས་ནི་ང་ལ་ག་ནས་ཡོད། ཁྱོད་རང་ཅི་བདེ་གང་དགའ་གནས་སུ་སོང་། ཟེར་ནས་ཕྲག་པ་གཡོན་སྟེང་དུ་བསྐྱལ། དེ་ལ་ཤེས་ལྡན་ཤིག་གི་སྨྲ་(གིས་སྨྲས)པ། ཐམས་ཅད་མཁྱེན་པའི་འགྲོ་བའི་ཡབ་གཅིག་པོ། ང་ཡི་(གེ)བ་རུ་བསྒོམས་ནས་ཀུན་མཁྱེན་གྱི། འཕྲག་པ་གཡས་པ་སྟེང་དུ་སྡོད། རྣམས་(རྣམ)མཁྱེན་ཁྱེད་ཀྱི་(ཀྱིས)ཡི་གེ་བ་རུ་མཐོང་། ལག་ཏུ་ལེན་(བླངས)ནས་འཁྲུལ་སྣང་སྒྱུ་མ་མཁྱེན། སྤྱན་ཆབ་ཆུ་བཞིན་སྤྱན་ནས་འབྲུག་ནས་འོང་། དེའི་ནང་ནས་ཐིག་(ཐིགས)པ་གཅིག་དག་ནི། གྲོགས་ངན་བདག་ལ་ཕོག་པའི་(པས)ང་དྲན་གསོད།(སོས) ང་རྒྱལ་དབང་གི་(གིས)འདི་འདྲ་བསམ་པ་བྱུང་། ཟས་འཐུང་མི་ཡི་ཤ་ཁྲག་ལོངས་སྤྱོད་བྱེད། འདི་ནི་སྔོན་གྱི་སྲིད་པ་ལས་ཀྱི་(ཀྱིས)བསྐོས། གོས་ཁྱིམ་མིའི་གོས་ལ་བྱེད་པ་ནི། ང་རང་ཤེས་རིག་དྲོང་(དྲང)ནས་འབྱོར་བ་ཡིན། རང་ཉིད་ལུས་རྩལ་ཆེ་བ་ཡིན་མ་རྟོགས།(གཏོགས) ཁོ་ཡི་སྙིང་རྗེ་ཆེ་ནས་བཞག་པ་མིན། ནམ་ཡང་ང་རང་བསད་ཤག་ཡིན་བསམ་ནས། ཁྱེད་ལ་ངག་འཆལ་སྣ་ཚོགས་ཞུས་ནས་ཀྱང། དེ་ལ་དགོངས་མཚམས་(འཚོམས)མི་མཛད་བྱང་སེམས་བསྐྱེད། བདག་རང་བའི་གནས་སུ་སྐྱེལ་རོག་མཛད།(མཛོད) ཁྱེད་ཀྱི་བཀའ་དྲིན་བསམ་གྱི་(གྱིས)ག་ལ་ཁྱབ། ད་རུང་ཐུགས་རྗེས་རྒྱུན་དུ་གཟིགས་རོག་མཛད།(རོགས་མཛོད) ཟེར་ནས་གོས་ཀྱི་སེབ་(གསེབ)ཏུ་སོང་ངོ།
        ཡང་ཤིང་བྱ་འབུམ་འགྱུར་ཟླ་བའི་བཅོ་ལྔ་ཉིན། ཤེས་ལྡན་ཤིག་ནག་ཕྱག་དྲུག་དེས། ང་ཡི་ལུས་ཀྱི་ཤ་ཁྲག་ལ། ལོངས་སྤྱོད་བྱེད་ནས་ཡོད་པའི་དེའི་དུས་སུ། ཤེས་ལྡན་ཤིག་དམར་འོང་ནས་ང་རྒྱལ་སྒོ།(སྒོས) ས་འདི་ང་ཡི་དབང་བ་ཡིན། བཀའ་ང་བཙན་པ་ཡིན། ལུས་འདི་ལ་ང་མིན་པ་སྡོད་ས་མེད། ཁྱེད་རང་གནས་གཞན་དུ་སོང་། དེ་ལ་ཤེས་ལྡན་ཤིག་ནག་གི།(གིས) བྱང་སེམས་ལུས་འདི། ང་ཡི་(ཡིས)ཚོང་བ་མིན། ཁྱོད་ཀྱི་ཉོ་(ཀྱིས་ཉོས)བ་མིན། བྱང་སེམས་ཤ་ཁྲག་འདི། ཁྱོད་ཀྱི་(ཀྱིས)བསགས་པ་མིན། ང་ཡི་རྐུ་(བརྐུས)བ་མིན། བྱང་སེམས་ན་བཟའ་འདི། ཁྱོད་ཀྱི་(ཀྱིས་)ཟོས་པ་མིན། ང་ཡི་ཤིག་(ཡིས་བཤིག)པ་མིན། ཁྱོད་རང་རང་ཚོད་འཛིན་(ཟིན)ན་དགའ། དེ་ལ་ཤིག་དམར་ཕྱག་དྲུག་གིས། བྱང་སེམས་ལུས་གོས་ཤ་ཁྲག་རྣམས། ང་ལ་གནང་བ་ཡིན་པའི། རང་སྲོག་ཤོར་ཀྱང་སུ་ལ་སྤྲོད་གྱུ་(རྒྱུ)མིན། ཁྱོད་རང་རང་ཚོད་བཟུང་ནས་གཞན་དུ་སོང་། གལ་ཏེ་གཞན་དུ་མ་སོང་ན། རིན་ཆེན་སྲོག་དང་བྲལ་ཉེས་(ཉེན)ཡོད། ཤིག་ལ་ང་བའི་རྩལ་ཆེ་མེད། སྔོན་ཡང་ཤིག་ཕྲན་གྲངས་མེད་པས། ཤིག་སྟོང་ཕྲག་དགུ་ཙམ་བསད། ཁྱོད་ཀྱང་བསད་པ་དགའ་ན། ང་ཡི་(ཡིས)བསད་པའི་ཆོག་ཟེར་ནས། གཟུགས་ཀྱང་གྱེན་དུ་ལང་། ཁ་གདང་སོ་སྒྲིག མིག་གློག་ལྟར་ཁྱུག ཡན་ལག་རྣམས་ལྕགས་ཀྱུ་ལྟར་བཀུག་ཙམ་ནས། དེ་ལ་ནག་པོ་ཕྱག་དྲུག་གིས། དྲང་སྲོང་ཆེན་པོའི་སྐུ་ལུས་རྒྱ་ཆེ་ལ། འུ་གཉིས་མི་ཤོང་བ་ཨེ་འདུག གལ་ཏེ་མི་ཤོང་འདུག་ན་ང་ཡང་འགྲོ་བྱེད་མིན། མ་ཤོར་ར་མདའ་བྱེད་ན་ལྐུགས་པ་ཡིན། བུད་མེད་རང་འདོད་ཆེ་ན་རང་ཕུང་གཞི། དཔོན་ངན་གཡོག་ལ་སྡང་ན་རང་དམའ་འབེབས། གཡོག་ངན་དཔོན་ལ་སྡོག་(བསྡོ)ན་རང་སྲོག་གཅོད། མི་ངན་གྲོགས་ལ་སྡང་ན་རང་ཉིད་ཕུང་། འདར་(སྡར)མ་ཁ་ཕོ་ཆེ་ན་རང་དགྲ་འབོད། དཔའ་བོ་དཔའ་ཚོད་མ་ཟིན་རང་སྲོག་གཅོད། རྒྱལ་པོ་རྒྱལ་ཚོད་མ་ཟིན་རྒྱལ་གཞི་(གཞིས)ཤོར། ཐམས་ཅད་རང་ཚོད་མ་ཟིན་འབའ་ཞིག་ལེན།(ལན) འུ་གཉིས་རང་ཚོད་བཟུང་ནས་()དགའ། ཅི་ཡང་རང་ཚོད་མི་ཟིན་ན། ང་ཀྱང་(ཡང)ཤིག་གི་དཔའ་བོ་ཡིན། ཁྱོད་འདྲ་གཅིག་ལ་སྐྲག་མི་འོང་། འུ་གཉིས་ད་ལྟ་ཚད་པའི་ཆོག་ཟེར་ནས་གཟུགས་ཀྱང་ལང་། ཁ་གདང་སོ་སྒྲིག་མིག་གློག་ལྟར་ཁྱུག ཡན་ལག་ལྕགས་ཀྱུ་ལྟར་བཀུག ཤིག་དམར་ནག་གཉིས་འཛིང་སྟེ། སྐྱེས་པ་ལྟར་ཐང་འཛིང་བྱེད། བུ་མེད་ལྟར་རལ་འཛིང་བྱེད། བྱ་ལྟར་སྡེར་འཛིང་བྱེད། གཅན་གཟན་ལྟར་མཆེ་འཛིང་། རྟ་བོང་ལྟར་ཕྲག་འཛིང་། མཛོ་གཡག་ལྟར་ར་(རྭ)འཛིང་། ར་ལུག་ལྟར་ཐོད་འཛིང་རྣམས་བྱེད་ནས། གཉིས་ཀ་དབུགས་ལྷུང་ལྷུང་བྱེད་ནས་རང་རང་འདུག་ཙམ་ན། བདག་གི་རང་རིག་རྒྱལ་པོ་དེ་ཀུན་བཟང་གི་སྐུ་ཉུང་འབྲུ་ཙམ་གཅིག་གྱུར་ནས། ཤིག་དམར་ནག་གཉིས་ཀྱི་བར་དུ་སྡོད་(བསྡད)ནས། འདི་སྐད་བརྗོད། ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། དུག་ལྔ་རང་ཁར་སྤྱོད་པའི་ཤིག་རྒན་གཉིས། སྔོན་ཀྱང་(ཡང)སྤྱོད་ངན་འདི་འདྲ་ཁོ་ནར་སྤྱོད།(སྤྱད) དེ་ཡི་རྣམས་(རྣམ)སྨིན་ད་ལྟ་ཤིག་ལུས་ལེན།(བླངས) ད་རུང་སྤྱོད་ངན་འདི་འདྲ་སྤྱོད་གྱུར་ན། ཐ་མ་མནར་མེད་དམྱལ་བར་ལྟུང་བ་ངེས། གོ་འམ་ཤིག་རྒན་རྣམས་(རྣམ)པ་གཉིས། བདག་གིས་(གི)སྒྱུ་ལུས་ཕུང་པོ་ལ། ཕོ་ལོ་ཉི་ཤུ་སུམ་ཅུ་བར་མ་ལ། ཤིག་འབུམ་ཕྲག་ཙམ་གྱི་སྡོད་གནས་བྱེད། གཅིག་གིས་གཅིག་ལ་ཕན་གྲོགས་གང་ཆེ་བྱེད། གཅིག་གི་(གིས)གཅིག་ལ་གནོད་པ་སྐྱེད་མི་སྲིད། བདག་གི་ལུས་ཀྱི་ཤ་ཁྲག་གང་འདོད་ཟས། ཐ་མ་ཕུང་པོ་ལྷག་མེད་མངོན་སངས་རྒྱས། ད་ལྟ་སྒྱུ་ལུས་གཟུགས་ཀྱི་ཕུང་པོ་ལ། ཤིག་རྒན་གཉིས་ལས་མེད་ཀྱང་མི་འགྲིག་པས། རང་སེམས་རྣམ་པར་མ་དག་ཉེས་སྐྱོན་ཡིན། དེ་བས་རང་སེམས་རང་གི་(གིས)མནན་ན་ནས། གཅིག་གི་(གིས)གཅིག་ལ་གནོད་པ་བྱེད་མ་(མི)རུང་། གཅིག་གི་(གིས)གཅིག་ལ་གནོད་པ་བྱེད་ན་ནི། ཐ་མ་རང་གཞན་གཉིས་ཀ་ཕུང་བའི་རྒྱུ། དེ་ནས་རང་རང་ཤ་ཁྲག་ལོངས་སྤྱོད་ལ། གཅིག་གི་(གིས)གཅིག་ལ་ཕན་གྲོགས་བགྱིས། གཞན་ལས་()གནོད་པའི་སེམས་རྣམས་སྤང་གྱུར་ནས།() སངས་རྒྱས་ཀུན་བཟང་དགོངས་པ་དེ་གར་ཡིན། ཟེར་ཙམ་ནས་ཤིག་རྒན་གཉིས་ཀྱང་། དུག་ལྔའི་གདུག་སེམས་ཞི་ནས་བྱང་སེམས་ལྡན། གཅིག་གི་(གིས)གཅིག་ལ་ཕན་གྲོགས་གང་ཆེ་གཏོགས། གནོད་སེམས་མི་བསྐྱེད་པ་དམ་བཅའ་སྟེ། དེ་ནས་ཤིག་རྒན་དམར་པོའི་(པོས)འདི་ལྟར་ཞུ།(ཞུས) སེམས་དཔའ་ཆེན་པོ་ཡུད་ཙམ་སྙན་གསོན་ཅིང་།(ཅིག) ཁྱོད་ཀྱིས་(ཀྱི)ཤ་ཁྲག་ཁ་ལ་རག་ཚད་རྣམས། ཕུང་པོ་ལྷག་མེད་མངོན་སངས་རྒྱས་པར་གྱུར། བདག་ཅག་ཤིག་རྒན་ལུས་ངན་གཉིས། སངས་རྒྱས་ཐོབ་གྱུར་མི་དགོས་ཏེ། ད་རུང་འཁྲུལ་པའི་འཁོར་ལོ་བསྐོར། ཐ་མ་ངན་སོང་གནས་ལས་འགྲོ་ས་མེད། སངས་རྒྱས་ཁྱེད་ཀྱིས་(ཀྱི)ཐུགས་རྗེ་ཡི།(ཡིས) ད་ལྟ་ཤིག་རྒན་ངེད་གཉིས་ཀྱང་། གདུག་སེམས་ཞི་ནས་བྱང་སེམས་ལྡན། ད་ནི་སངས་རྒྱས་ཐོབ་པའི་བོན་གཅིག་ཞུ་ཟེར་ནས་གུས་པས་ཕྱག་འཚལ་ལོ། དེ་ནས་བདག་གི་(གིས)འདི་སྐད་བརྗོད། གཞན་ལ་ཕན་པའི་སེམས་ལྡན་ན། སངས་རྒྱས་གཞི་མ་དེ་རང་ཡིན། རང་གི་(གིས)རང་སེམས་འདུལ་ཐུབ་ན། ཀུན་བཟང་དགོངས་པ་དེ་ཀ་ཡིན། བཟོད་པ་རྒྱུན་དུ་སྒོམ་ནུས་ན། སངས་རྒྱས་དགོངས་པ་དེ་རང་ཡིན། བསམ་གཏན་རྒྱུན་དུ་བསྒོམ་པར་བགྱིའོ། ཟེར་ཙམ་ནས་ཤིག་རྒན་གཉིས་ཀྱི།(ཀྱིས) འུ་གཉིས་ལ་བཀའ་དྲིན་ཤིན་ཏུ་བྱང་སེམས་འདི་ཆེ། མི་ནོར་ལོངས་སྤྱོད་ངེད་གཉིས་ལ་མེད། ཡོད་ཀྱང་ཟས་ནོར་ལ་མཉེས་ཚོད་མེད། བྱང་སེམས་འདི་དགེ་རྩ་ལ་མཉེས་སྟོབས། འུ་གཉིས་ལུས་ངག་ཡིད་གསུམ་གྱི་ཕྱག་ཕུལ་ཟེར་ནས། བྱང་སེམས་ཆེན་པོ་ངེད་གཉིས་ཐུགས་རྗེ་(རྗེས)གཟིགས། དད་པའི་སེམས་འཆར་ནས་འབུལ་ནོར་ཆེ་ཆུང་མེད། བཟང་ངན་ལས་འབྲེལ་ཐོབ་ཙམ་ནས། ཐུགས་རྗེ་བྱིན་རླབས་ཉེ་རིང་མེད། ངེད་གཉིས་གུས་ཕྱག་མཆོད་པ་འདི། དགྱེས་པའི་ཚུལ་གྱི་(གྱིས)བཞེས་སུ་གསོལ། ཟེར་ནས་ཕྱག་གྲངས་མང་འཚལ་ཏེ། རང་རང་སྡད་(བསྡད)ནས་བསམ་གཏན་རྒྱུན་དུ་སྒོམ་མོ། ཤེས་ལྡན་ཤིག་རྒན་དམར་ནག་གཉིས་ལ་མངོན་པར་རྫོགས་པའི་སངས་རྒྱས་ཐོབ་པའི་བོན་བཤད་པའི་ལེའུ་རྫོགས་སོ།། །།
དཔལ་གཤེན་བསྟན་སྨན་རིའི་གླིང་གི་པར་མ་(དཔལ་ལྡན་བླ་མའི་རྣམ་ཐར་)དེབ་གཟུགས་ཤོག་གྲངས་ ༤༢༣ ནས་ ༤༣༠ བར་ལས་བཤུས། མ་དཔེར་ཡིག་ནོར་རམ་ཡོངས་གྲགས་དག་སྡེབས་དང་མི་མཐུན་པ་མང་པོ་འདུག་པ་རྣམས་ལ་དམར་རྟགས་བཀོད་དེ་ཚབ་རྣམས་གུག་རྟགས་ནང་བཞག་ཡོད།

No comments: