Saturday, February 4, 2012

སྟོན་པ་སངས་རྒྱས་ཀྱི་འཁྲུངས་དུས་ལ་དཔྱད་པ།

༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།

༄༅། །བདག་ཅག་གི་སྟོན་པ་སངས་རྒྱས་འཁྲུངས་པའི་དུས་དཔྱིད་ཟླ་ར་བ་རུ་ངེས་ཀྱང་། དཔྱིད་ཟླ་ར་བ་ལ་ངོས་འཛིན་མི་འདྲ་བ་མང་དུ་སྨྲས་ནས་མཁས་བླུན་མང་པོའི་དབུ་གདུགས་ལྟར་ཁྱི་ལི་ལི་འཁོར་བར་བྱུང་འདུག འདིར་ལུང་གི་ཚིག་བཞག་ནས་དེ་ཡི་དོན་ལ་དཔྱད་ན། གཟི་བརྗིད་ལས། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས། ཞེས་དང་།
བླ་ཆེན་ཁོད་སྤུངས་དྲན་པས་མཛད་པའི་མཛོད་སྒྲ་འགྲེལ་ལས། ལྡི་ལིའི་པར་མ། ༼༡༡༤༽ དེ་བཞིན་དུ་དཔྱིད་ཟླ་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། །སྐར་མ་རྒྱལ་ལ་ཚེས་སོ། །ནམ་ཟླ་དཔྱིད་ཟླ་ར་བའོ། །དེ་བཞིན་དུ་འབྲིང་པོ་ཡོས་བུ་རྟ་ཡི་ཚེས། ཞེས་དང་། དམུ་གཤེན་དྲན་པས་མཛད་པའི་དྲང་དོན་མུན་སེལ་གྱི་གཤེན་རབ་མཛད་པ་མཐར་ཕྱུང་གི་ལེའུ་ལས། དེ་ཡང་ལོ་ཡི་དང་པོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་དང་པོ་ཚེས་བཅོ་ལྔ། སྐར་མའི་དང་པོ་རྒྱལ་གྱི་རུ་གོང་། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་སྐྱེ་བ་བཞེས་ཏེ། ཞེས་དང་། མཁན་ཆེན་གྱི་བསྟན་རྩིས་ནོར་འཕྲེང་ལས། དཔྱིད་ར་མེ་སྟག་ཟླ་ཚེས་ ༡༥ ཡི་རྒྱལ་ཕུར་འཛོམས་པའི་ནམ་ལངས་ལ། ཞེས་དང་། ཀློང་རྒྱས་ལས། དཔྱིད་ར་ཟླ་བའི་བཅུ་བཞི་ལ། སྐར་མ་དབང་བསྒྱུར་ལག་དུས་སུ། ས་བཟུང་ཀུན་ཀ་དེ་རུ་འཚོགས། ཞེས་དང་། དེ་རིང་བཅུ་བཞིའི་གདུགས་ལ་གཞི་བཟུང་ཡོ་བྱད་གསོག ནངས་པར་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་རྒྱས་པར་འབུལ་བ་གཅད། ཅེས་གསུངས། མཁན་ཆེན་ཉི་མའི་བསྟན་རྩིས་ཀྱི་དོགས་བསལ་པཎ་ཙ་ལི་ཀའི་ཆུན་པོ་ལས། ལོ་ཡི་རྒྱལ་པོ་སོགས་ནས་སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས་པ་ཡན་ཆད། མདོ་རྒྱུད་མཐའ་དག་གི་དགོངས་པ་གཅིག་ཏུ་འདུས་པ་ཡིན་པས་སོམ་ཉི་དང་བྲལ་བ་ཡིན་ནོ། །ཞེས་གསུངས། གོང་གསལ་ལུང་འདི་རྣམས་ཀྱི་དགོངས་པ་དང་ཁས་ལེན་ནང་འགལ་ལོ། །

སྟོན་པ་འཁྲུངས་དུས་ནི་ཚེས་བཅོ་ལྔ་ཡིན་པ་གཞིར་བཞག དེའི་ཉིན་ཟླ་སྐར་རྒྱལ་ལ་བབས་པ་ཡིན་པ་མཛོད་སྒྲ་འགྲེལ་ལས་གསལ་བར་གསུངས། རྒྱལ་ལ་ཡང་རྒྱལ་སྟོད་དང་རྒྱལ་སྨད་གཉིས་ཡོད་པས་རྒྱལ་སྟོད་ཡིན་དགོས་ཏེ། འདུལ་བ་ཀུན་འབྱུང་དབྱིངས་དག་གི་རྒྱུད། ༼ཁ་༡༢༩༽ མི་ལོ་ལྔ་བདུན་སྟག་གི་ལོ། ཟླ་འབྱུང་དཀར་པོ་རྒྱལ་གྱི་བཅུ་གསུམ། རྒྱུ་སྐར་གྲངས་འཛིན་ལྡན་པ་མགོ། ཅེས་དང་། མདོ་གཟེར་མིག་ལས། གསས་ཁང་དཀར་ནག་བཀྲ་གསལ་ལ་རབ་གནས་མཛད་དུས་གཏོ་བུས་གསུངས་པ། དེ་རིང་བཅུ་བཞི་ལག་ལ་གཞི་བཟུང་། སང་ཉིན་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་བྱེད། ཅེས་གསུངས་པས། སྐར་མ་ལག་ཚེས་དུས་བཅུ་བཞི་ལ་ཁེལ་བའི་རྗེས་དེ་མ་ཐག་ཚེས་བཅོ་ལྔ་བྱུང་བའི་དུས་ཀྱི་རྒྱལ་དེ་རྒྱལ་སྟོད་ནམ་ནབས་སོ་རྒྱལ་གྱི་རུ་གོང་ལས་འོས་མེད་པའི་ཕྱིར། དེ་འདྲའི་སྐར་མ་རྒྱལ་ཉ་སྐར་ཁེལ་བའི་ཟླ་བ་ནི། ཟླ་བ་བཅུ་གཉིས་ནང་དུ་གཅིག་མ་གཏོགས་མེད་པ་གང་ཞིག དེ་དཔྱིད་ཟླ་ར་བ་ཡིན་པ་ནི་མཛོད་སྒྲ་འགྲེལ་ལས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར། དེ་འདྲ་བའི་དཔྱིད་ཟླ་ར་བ་དེ་སྟོན་པ་སངས་རྒྱས་འཁྲུངས་པའི་དུས་ཡིན་དགོས་པ། མདོ་ཡི་དགོངས་པ་ཡིན་པའི་ཕྱིར། དེ་ལ་དྲང་དོན་མུན་སེལ་གྱི་ཚོགས་འགྱུར་གཟེར་བུའི་ལུང་དྲངས་ཏེ། སྟོན་པ་འཁྲུངས་དུས། ཟླ་བ་རྟ་པ་དང་སྐར་མ་རྒྱལ་གྱི་ཁོངས་སུ་བྱོན་པའི་དུས་སུ་ཚོགས་ཆེ། ཞེས་གསུངས་པས། རྟ་པ་ཟླ་བ་ནི་དང་པོ་ཡིན་པས་དེ་དཔྱིད་ཟླ་ར་བ་ཡིན་དགོས་སོ། །ཞེས་མཁན་ཆེན་ཉི་མ་དང་། སྡེ་དགེ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་སོགས་ཀྱིས་མགྲིན་པ་བཏེགས་ནས་གསུངས་འདུག་ཀྱང་། དྲང་དོན་མུན་སེལ་གྱི་ཚོགས་འགྱུར་གཟེར་བུའི་ལུང་དྲངས་པ་དེའི་མཇུག་དེར་བསྟན་པ་བཞག་དུས་དཔྱིད་ཟླ་ར་བས་ཉ་ཡིན་པས་ཚོགས་ཆེའོ། །ཞེས་དང་དེའི་མཆན་དུ། ཀོང་ཙེ་འཕྲུལ་རྒྱལ་ཡིན་ནོ། །ཞེས་གསུངས། དེའི་དཔྱིད་ཟླ་ར་བའི་ཉ་དེ་ནི་སྔར་གཟེར་མིག་གི་ལུངས་དྲངས་པ་ལྟར་ཚེས་བཅུ་བཞི་ལ་ལག་དང་། ཚེས་བཅོ་ལྔ་ལ་རྒྱལ་ཁེལ་བ་དེ་ཡིན་པ་མ་གཏོགས་དཔྱིད་ཟླ་ར་བ་ཞེས་པ་ལོ་རེ་ལ་ཟླ་བ་གཅིག་མ་གཏོགས་མི་འབྱུང་བའི་ཕྱིར།།
༈ བདག་ཅག་སྟོན་པ་རྫོགས་སངས་རྒྱས།། གཤེན་རབ་མི་བོ་སྤྲུལ་པའི་སྐུ།། འབྱུང་ལྡན་དང་པོ་ཤིང་བྱི་ཡི།། རྒྱལ་ཟླ་དཔྱིད་རའི་ཚེས་བཅོ་ལྔར།། འཁྲུངས་པར་གསུངས་པའི་མདོ་ཡི་དོན།། ཚེས་གཞི་སོ་སོ་དང་བསྟུན་ནས།། ཉིན་ཚེས་ཁྱིམ་གྱི་ཞག་རྩིས་ཤིག །དྷྲཱུ་བ་ཡར་ལོག་བྱས་པའི་ཚུལ།། དང་པོ་དཔྱད་གསུམ་དག་རྩིས་ལྟར།། རྒྱལ་ཟླའི་ཚེས་པ་བཅོ་ལྔའི་ཉིན།།


འདི་ལྟར་མདོ་དོན་རིག་ལམ་གྱིས།། བསྒྲུབས་ནས་བཀོད་པའི་ལག་རྗེས་འདི།། རྣམ་དཔྱོད་ལྡན་ལ་མཆོད་སྤྲིན་འབུལ།། རྨོངས་ཆེན་མགྲིན་བཟང་སྒྲ་འཛིན་དུ།། གསེར་དང་ཐལ་རྡུལ་ཁྱད་ཅི་ཤེས།། འདི་སོགས་རིགས་པའི་ཚུལ་རྣམས་ཀྱིས།། རྒྱལ་ཟླ་དཔྱིད་ར་ཡིན་པ་དང་།། མདོ་རྒྱུད་ཚད་མ་ཡིན་པ་སོགས།། མིག་སྔར་གསལ་བར་བསྟན་པས་ན།། རྣམ་པར་དཔྱོད་པའི་མིག་ལྡོང་སྟེ།། རས་ཆོད་ཐོ་ཆོའི་འཁྱོལ་འགྲོས་ཀྱིས།། རྟ་ཟླ་སངས་རྒྱས་འཁྲུངས་དུས་ཀྱི།། དུས་བཟང་དེ་རུ་མ་གཤེགས་ཨང་།།

༈ གཞན་ཡང་ཚོགས་འགྱུར་གྱི་ལུང་དོན་ལེགས་པར་བརྟགས་ན། སྟོན་པ་བྱོན་དུས་ནི་ལོ་བྱི་བ། ཟླ་བ་སྟག་ཅེས་པ་རྟ་པར་བྲིས་ནོར་སོང་བ་ཡིན་ཡང་སྲིད་དེ།། བྱམས་མའི་དགྲ་སྐྱོབ་ཀྱི་གཟུངས་ལས།། དཔྱིད་ཟླ་ར་བ་ས་ཕོ་སྟག་གི་ཚེས་གཅིག ཅེས་གསུངས་པའི་ཕྱིར། དེ་མིན་ན་ཚོགས་འགྱུར་གྱི་ལུང་ལ་ནང་འགལ་ཡོད་པར་ཐལ། ཟླ་བའི་དེའི་ཉ་སྐར་རྟ་པ་ཡིན་པ་དང་། རྒྱལ་ཡིན་པ་གཉིས་ཡིན་པ་མི་སྲིད་པའི་ཕྱིར་དང་། སྟོན་པ་བྱོན་དུས་རྒྱལ་གྱི་ཁོངས་སུ་བྱོན་པ་དང་། རྟ་པའི་ཁོངས་སུ་བྱོན་པ་གཉིས་མི་རུང་བའི་ཕྱིར། དེ་རུང་ན་སྟོན་པ་ཟླ་བ་དང་པོའི་ཉ་དང་། བཅུ་གཉིས་པའི་ཉ་གཉིས་ཀ་ལ་འཁྲུངས་པར་ཐལ། དེ་གཉིས་ཀ་དཔྱིད་ཟླ་ར་བའི་ཉ་རུ་ཁས་བླངས་པའི་ཕྱིར། དེར་ཐལ། དང་པོ་ཁྱེད་ཀྱིས་ཁས་བླངས། གཉིས་པ་ལུང་གི་དོན་ཡིན་པའི་ཕྱིར། དེར་ཐལ། སྒྲ་འགྲེལ་དང་། མཛད་མདོ་གཉིས་ཀ་ལས་གསུངས་པ་སྔར་དྲངས་པའི་ཕྱིར། ཡང་ཚོགས་འགྱུར་གྱི་གཟེར་བུའི་ནང་དུ། ཆོ་འཕྲུལ་ཆེན་པོ་རྟ་པའི་ཟླ་བ་ལ་བྱ། བྱ་རྦོ་ཆུ་ཡི་ཟླ་བ་ལ་བྱ། དཔྱིད་ཟླ་ཐ་ཆུང་འབྲུག་གི་ཟླ་བ་ལ་བྱ། དེ་ཅིའི་ཕྱིར་ཞེ་ན། རྟ་པ་ལ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྲོངས་པའི་དུས་སུ། ཞེས་པ་ནས། ཆོ་འཕྲུལ་འབྲིང་བ་བྱ་རྦོ་ཆུ་ཡི་ཟླ་བ་ལ། སོགས་ནས། ཆོ་འཕྲུལ་ཆུང་བ་དཔྱིད་ཟླ་ཐ་ཆུང་ནི། ཞེས་དང་། འདུལ་བ་ཀུན་འབྱུང་དབྱིངས་དག་ལས། ༼ཁ་༣༣༽ དུས་འགྱུར་ནི་ལོ་སྟག་སྤྲེལ་བརྒྱ་འགྱུར། ཟླ་བ་ཆོ་འཕྲུལ་རྟ་རི་སྟོང་འགྱུར་ཞེས་སོགས་གསུངས་པས། ཟླ་བ་དང་པོར་རྟ་པ་ཟླ་བ་ལ་སྟོང་རྒྱུང་གྲོངས་པ་དང་། ཆོ་འཕྲུལ་ཆེན་པོའི་དུས་ཡིན་པ་གསུངས་པ་མ་གཏོགས་སྟོན་པ་འཁྲུངས་དུས་དང་དཔྱིད་ར་ཡིན་པ་གསུངས་པ་མེད་པའི་ཕྱིར། རྟགས་མ་གྲུབ་སྟེ། ཆོ་འཕྲུལ་ཆུང་བ་དང་དཔྱིད་ཟླ་ཐ་ཆུང་ལྷན་དུ་གསུངས་པའི་ཕྱིར། དེས་ན་རྟ་པ་ཟླ་བ་དཔྱིད་ར་དང་སངས་རྒྱས་འཁུངས་དུས་ཡིན་དགོས་པའི་ཕྱིར། ཟེར་ན། འོ་ན་སློབ་དཔོན་དྲན་པའི་མཛོད་འགྲེལ་དང་། དྲང་འགྲེལ་ཚོགས་འགྱུར་གཉིས་ལ་ནང་འགལ་ཞུགས་པར་ཐལ། མཛོད་འགྲེལ་ལས། དཔྱིད་རའི་ཉ་སྐར་རྒྱལ་དང་། དྲང་འགྲེལ་ལས་དཔྱིད་རའི་ཉ་སྐར་རྟ་པར་བཞེད་པའི་ཕྱིར། རྟགས་ཁས། ཡང་ཁྱེད་རྣམ་པས་སངས་རྒྱས་འཁྲུངས་དུས་རྟ་ཟླ་འདོད་ན། ཟླ་བ་དེའི་ཚེས་བཅོ་ལྔར་ཟླ་སྐར་རྟ་པར་ཁེལ་བའི་རྒྱུ་མཚན་གྱིས་རྟ་ཟླ་བརྗོད་པ་ཡིན་པ་གང་ཞིག དེ་ལ་སངས་རྒྱས་འཁྲུངས་དུས་ངོས་བཟུང་ན། གཟི་བརྗིད་ཀྱི་སྐྱེ་བ་བཞེས་པའི་ལེའུ་ལས། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི། བདུད་བཞི་དབང་དུ་བསྡུས་ཏེ་རྒྱལ་བ་དང་། འཇིག་རྟེན་ཟིལ་གྱིས་གནོན་པའི་ཕྱིར་རོ། །ཞེས་གསུངས་པ་དང་འགལ་ལོ། །འགལ་ཚུལ་གོང་དུ་བཤད་པ་ལ་དཔག་ནས། རྟོགས་ནུས་པའི་ཕྱིར། འོ་ན་ཁྱོད་རང་ཚོགས་འགྱུར་གྱི་ལུང་དེ་ཅི་ལྟར་འགྲེལ་རྒྱུ་ཡིན་ཟེར་ན། ལུང་དེར་ཆོ་འཕྲུལ་ཟླ་བ་གསུམ་གྱི་རྣམ་བཞག་བཤད་པ་ལས། སངས་རྒྱས་འཁྲུངས་དུས་དང་དཔྱིད་ཟླ་སོགས་མ་བཤད་དོ། །ཁོ་ན་རེ། དེ་མ་བཤད་པ་མི་འཐད་དེ། དཔྱིད་ཟླ་ཐ་ཆུང་ཞེས་དངོས་སུ་ཚིག་ཟིན་ལ་བསྟན་པའི་ཕྱིར། ཟེར་ན། དེ་ལྟར་རང་རེའི་མིག་ལམ་དུ་ཡོད་པའི་དཔེ་ལ་དེ་ལྟར་འདུག་ཀྱང་འདི་ཡིག་སྐྱོན་མ་གཏོགས་གཞུང་དོན་མ་ཡིན་ཏེ། ཆོ་འཕྲུལ་ཟླ་བ་སྔ་མ་གཉིས་སུ་ནམ་ཟླ་མ་བསྟན་པར་ཉ་སྐར་གྱི་མིང་གིས་བསྟན་བཞིན་པའི་མོད་ལ་གློ་བུར་དུ་ནམ་ཟླ་མ་གཏོགས་ཉ་སྐར་མི་སྟོན་པའི་རྒྱུ་མཚན་སུས་ཀྱང་མི་རྙེད་པས། ཆོ་འཕྲུལ་ཆུང་བ་ནག་པ་ཟླ་བ་བྱ། ཞེས་སྨྲ་དགོས་སོ། །དེས་ན་ལུང་ཚིག་ཐ་མ་ལ་འབྲི་སྐྱོན་ཞུགས་པར་འདོད་པ་དང་། ཚོགས་འགྱུར་གྱི་ལུང་ལྟར། སྟོན་པ་འཁྲུངས་དུས། ཟླ་བ་རྟ་པ་དང་། ཞེས་པ་ཟླ་བ་སྟག་དང་། ཞེས་སྨྲ་དགོས་སྟེ། སངས་རྒྱས་ཀྱི་འཁྲུངས་ཟླ་དཔྱིད་ཟླ་ར་བ་ཡིན་དགོས་པ་གང་ཞིག ཟླ་བ་དེ་སྟག་ཟླ་ཡིན་དགོས་སྟེ། རྗེ་བཙུན་ཁྲོ་ཚང་གི་གཏེར་མ་བྱམས་མའི་གཟུངས་ལས། དཔྱིད་ཟླ་ར་བ་ས་ཕོ་སྟག་གི་ཚེས་གཅིག་ཅེས་གསུངས་པའི་ཕྱིར། འདི་ལྟར་ཁས་མི་ལེན་ན་རང་གི་ལུང་ཐམས་ཅད་ཀྱི་དོན་འགལ་འདུའི་ཕུང་པོ་ཅན་དུ་བཟུང་ནས། ངའི་སངས་རྒྱས་འཁྲུངས་དུས་གྲོང་གསེབ་ཀྱི་རྒད་པོའི་ལུགས་སྲོལ་ཧོར་ཟླ་དང་པོ་འདི་ལ་བྱེད་པས་ངས་དེ་མི་འདོར་ཞེས་ཁས་བླངས་ན་མ་གཏོགས་སྒྲུབ་བྱེད་མེད་པ་ཐག་ཆོད་དོ། །ད་ཕྱིན་རྣམ་དཔྱོད་ཅན་རྒྱལ་བསྟན་ལ་ཤ་ཚ་མཁན་ཡོད་ན་སངས་རྒྱས་ཀྱི་འཁྲུངས་དུས་དང་སངས་རྒྱས་ཀྱི་སྐུ་ཡི་ཆ་བྱད་བཅས་པ་རང་གི་ལུང་ཁུངས་མ་དང་གོ་བསྡུར་ནས་ཡིད་དུ་ངེས་པར་བྱེད་པའི་སྐྱབས་འཇུག་ཡོད་པ་ཞུ། གཞན་ཡང་ཁ་ཅིག་གིས་རྫོགས་པའི་སངས་རྒྱས་ལོ་ཡི་མཇུག་ཟླ་བ་བཅུ་གཉིས་པ་ཡིན་པས། འདིར་མི་འཁྲུངས་སོ་ཞེས་པའང་འདུག་སྟེ། དེ་ལྟ་བུའི་ལོ་ཡི་མཇུག་དེ་རང་གི་ལོག་བློས་བཏགས་པ་ཙམ་ཡིན་གྱི། ཟླ་བ་བཅུ་གཉིས་པ་ལ་དུས་འཁོར་གསོ་དཔྱད་རྒྱ་རྩིས་ཧོར་བོད་སོགས་ཀྱིས་དགུན་ཟླ་ཐ་ཆུང་། སྐར་རྩིས་རྒྱ་གར་སོགས་ཀྱིས་དགུན་ཟླ་འབྲིང་པོ། རྒྱུད་སྡེ་འགའ་དང་། ནག་རྩིས་འཐོར་བུ་བ་ཁག་ཅིག་གིས་ལོ་འགོ་ཡིན་པར་འདོད་པ་དང་། འབྱུང་རྩིས་པས་དཔྱིད་ཟླ་འབྲིང་པོར་འདོད་པ་སོགས་ཡོད་པས་ཕན་ཚུན་གཅིག་གིས་གཅིག་ལ་འགོག་པར་བྱེད་མི་ནུས་པའི་ཕྱིར། ཟླ་བ་དང་པོ་ལ་ཡང་། དུས་འཁོར་གསོ་དཔྱད། རྒྱ་རྩིས་ཧོར་ཞེས་པ་འདི་ནི་སོག་པོ་ལ་བརྗོད། བོད་སོགས་ཀྱིས་དཔྱིད་ར་དང་། སྐར་རྩིས་རྒྱ་གར་སོགས་ཀྱིས་དགུན་ཐ། འབྱུང་རྩིས་དཔྱིད་ཐ་སོགས་འདོད་པས་ངན་རྟོག་གིས་མཐའ་ཅིག་ཏུ་ལོ་མཇུག་ཏུ་བཟུང་བ་དང་དེར་སངས་རྒྱས་མི་འཁྲུངས་པ་སོགས་འདོད་པ་ནི་རྒྱུ་མཚན་ཆུང་ངོ་། །ཡང་ཁྱུང་སྤྲུལ་རིན་པོ་ཆེས་དུས་སྦྱོར་དང་བསྟུན་ཏེ་རྒྱལ་གྱི་རྐང་པ་དང་པོ་ལ་སངས་རྒྱས་འཁྲུངས་པས་རྒྱལ་གྱི་རུ་བ་གོང་མ་ལ་འཁྲུངས་ཞེས་བསྟུན་པར་མཛད་འདུག་མོད་ཀྱང་། དེ་ཡང་རྒྱུ་མཚན་ཆུང་སྟེ། མདོ་ཡི་ལུང་གིས་དངོས་སུ་ཟླ་བའི་ཉ་སྐར་རྒྱལ་ལ་བཤད་པ་མཛད་པ་མ་གཏོགས་དུས་སྦྱོར་དང་བསྟུན་པའི་ཚུལ་སོགས་ཀྱིས་བཤད་པ་མིན། འོན་ཀྱང་ཟླ་བའི་ཉ་སྐར་རྟ་པ་ཡིན་ཚེ་དེ་ལ་སངས་རྒྱས་འཁྲུངས་དགོས་པའི་རྒྱུ་མཚན་རྒྱལ་ལ་མཛད་པ་བཞིན་ཅིའི་ཕྱིར་མ་མཛད་པའི་རྒྱུ་མཚན་དེ་ཡང་སྨྲ་དགོས་སོ། །འདི་ལྟ་བུའི་རྒྱུ་མཚན་ལ་གཟིགས་ཏེ་གཤེན་གྱི་མཁས་གྲུབ་ཤི་ལ་དྷྭ་ཛ་དང་། ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་སོགས་ཀྱིས་ཀྱང་ནན་གྱིས་ལུང་འདི་རྣམས་ཀྱི་དོན་བསྒྲུབས་པའི་ཕྱིར་རོ། །དེ་ལྟར་ན་འདས་མཆོད་ཟླ་བ་དགུ་པའི་གནམ་གང་དུ་འབེབས་པའི་ཕྱིར། ཞེས་སོ།། །།

སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་བཞི་པ་ལས་ཟུར་འདོན་ཞུས།

1 comment:

. said...

འགྲོ་ལ་ཕན་མཛད་ཐུགས་རྗེའི་གཏེར། །ཕུལ་ཕྱིན་ཡོན་ཏན་རྫོགས་པའི་སྐུ། །ཀུན་གསལ་མཁྱེན་པའི་སྤྱན་མངའ་བ། །ཡང་དག་སྟོན་ལ་ཕྱག་འཚལ་ལོ། །ཞེས་རྗེ་རིན་པོ་ཆེས་གསུངས་སོ།།