Sunday, March 11, 2012

སྨན་རིའི་གླིང་དུ་དགེ་བཤེས་བརྒྱ་ཕྲག་བརྒལ་བའི་མཛད་སྒོ།


༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༧ ནས་ཟླ་ ༣ ཚེས་ ༩ བར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པར་གནས་ཆགས་པའི་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐབས་ ༡༦ པའི་དགེ་བཤེས་མཛད་སྒོ་ཚུགས་ཏེ་བསླབ་མཐར་སོན་པའི་དགེ་བཤེས་བརྒྱ་ཕྲག་གཅིག་ལྷག་བརྒལ་ཡོད་པ་རེད།
      ཐོག་མར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་སྤྱི་དང། ཐུན་མོང་བཅུ་ཕྲག་རིག་པའི་གནས་ཀུན་ལ་བསླབ་པ་མཐར་སོན་པའི་རབ་འབྱམས་པ་བདུན་ནས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང། བཤད་སྡེའི་མཁན་སློབ་རྣམ་གཉིས་གཙོས་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དབུས་སུ་སྔོན་འགྲོ་མདོ་སྔགས་སེམས་གསུམ་གྱི་གཞུང་བཤད་དང། དངོས་གཞིའི་ངག་རྒྱུགས་དང་རྩོད་རྒྱུགས་དམ་བཅའ་ཆེན་མོ་སོགས་ཉིན་གྲངས་བཅུ་ཕྲག་ཙམ་གཅིག་རིང་བསྐྱངས་གནང་མཛད། 
མཐར་ཕྱི་ཟླ་ ༣ ཚེས་ ༩ ཉིན་སྔ་དྲོ་བཀྲ་ཤིས་དམ་བཅའ་དང། ཕྱི་དྲོ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཏེ་སྐལ་བཟང་ཁྲི་བཞེངས་ཀྱི་མཛད་སྒོ་ཚུགས་གནང་སྐབས་ཆེད་དུ་གདན་ཞུ་ཕུལ་བའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་མཆོག་དང། ཁྲིམས་ཞིབ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག གཡུང་དྲུང་བོན་གྱི་སྤྱི་འཐུས་གཉིས་དང་སྤྱི་ཟུར་སྨན་པ་ཐོགས་མེད་ལགས། བོན་གཞིས་ས་འཐུས་ཚོགས་གཙོ་དང། ས་གནས་འགོ་འཛིན། རང་བདེན་ཚོགས་གཙོ། གཞན་ཡང་ཚོགས་སྡེ་ཁག་གི་འགན་ཁུར་བ་དང་བསྟན་སྦྱིན་སོགས་སྐུ་མགྲོན་མང་པོ་ལྷན་འཛོམས་གནང་ཡོད། སྐབས་དེར་ཆོས་རིག་ལས་ཁུངས་ནས་བསྙེན་བཀུར་མང་ཇ་དང་སྐུ་འགྱེད་ཕུལ་གནང་གིས་ལྷག་བསམ་སྙིང་སྟོབས་ཅན་གྱི་གཞིས་བཞུགས་རང་རིགས་སྤུན་ཟླ་སེར་སྐྱ་ཕོ་མོ་དུ་མའི་འུ་ཐུག་བཟོད་བྲལ་གྱི་ཚེ་སྲོག་ཉིན་རེ་བཞིན་ཤོར་དང་ཤོར་བཞིན་པ་རྣམས་ཀྱི་བྱས་བསགས་ཉེས་ལྟུང་སྡིག་སྒྲིབ་མ་ལུས་པ་དག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་འཐོབ་པ་དང། རྨས་སྐྱོན་དང་དཀའ་སྡུག་འོག་ལྷག་བཞིན་པ་རྣམས་ཞི་བདེ་ཡོང་བ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བསྟན་ཅིང། རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱི་བསྟན་འགྲོའི་མཛད་འཕྲིན་གོང་ནས་གོང་དུ་འཕེལ་ཏེ་གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྐྱབས་འཇུག་ཀྱང་ཞུ་གནང་མཛད་ཡོད་པ་རེད།
༡༩༥༩ ལོར་བོད་ཀྱི་སྣོད་བཅུད་གཉིས་ཀ་རྒྱ་དམར་གྱིས་བཙན་བཟུང་བྱས་རྗེས་གཡུང་དྲུང་བོན་གྱི་གདན་ས་གོང་འོག་གི་མཁན་སློབ་རྣམ་པ་སོགས་བོན་བསྟན་འཛིན་པའི་སྐྱེས་མཆོག་མང་པོ་ཞིག་བཙན་བྱོལ་དུ་ཕེབས་ཐུབ་པའི་ཁོངས་ནས་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་ ༡༩༦༥ ལོར་བོན་གཞིས་ཐོབ་རྒྱལ་གསར་པ་ཆགས་བཏབ་གནང་བ་དང། ༡༩༦༨ ལོར་༸སྐྱབས་རྗེ་སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་མཆོག་སྔར་སྲོལ་བཞིན་ལུང་བརྟག་ངོས་འཛིན་ཁྲི་བཞེངས་གནང་རྗེས་རིན་པོ་ཆེ་མཆོག་གིས་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྟེན་དང་བརྟེན་པ་གསར་བཞེངས་མཛད་ཅིང་། ༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་མཛད་དགོངས་གཅིག་མཐུན་ཐོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་འཛུགས་གནང་སྟེ་ ༡༩༨༦ ལོར་བསླབ་པ་མཐར་སོན་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་ ༦ ནས་འགོ་བརྩམས་ཏེ་འདི་ལོ་དབར་དགེ་བཤེས་གྲངས་ ༡༠༤ ཟིན་ཡོད་པ་རེད། ༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ ༡༩༨༨ ལོ་དང་། ༢༠༠༧ ལོ་སོ་སོར་༸ཞབས་སོར་བཀའ་དྲིན་ཆེ་བསྐྱངས་གིས་༸དཔལ་གཤེན་བསྟན་སྨན་རིའི་གླིང་དང། བལ་ཡུལ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་གཉིས་ཀྱི་བསླབ་པ་སློབ་གཉེར་གནང་ཕྱོགས་ཐད་ལེགས་གསོལ་བསྔགས་བརྗོད་སྩལ་གནང་མཛད་ཡོད།
༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང། སྨན་རིའི་དཔོན་སློབ་རག་ཤི་སྐལ་བཟང་ཉི་མ་རིན་པོ་ཆེ། ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་སོགས་བསླབ་པ་མཐར་སོན་པའི་དགེ་བཤེས་རྣམས་ཀྱིས་བོད་ཕྱི་ནང་གཉིས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གང་སར་བསྟན་འགྲོའི་མཛད་འཕྲིན་སྐྱོང་བཞིན། སྨན་རིའི་གླིང་དུ་དགེ་བཤེས་བརྒྱ་ཕྲག་གཅིག་ལྷག་བརྒལ་བར་བརྟེན་ནས་བོན་གྱི་མཁས་དབང་ཆེན་མོ་ཨ་ལགས་བོན་བརྒྱ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། ཨེ་མ་མཁས་བཙུན་བཟང་འཛོམས་དཀོན་པའི་མཆོག  །དགེ་བཤེས་བརྒྱ་ལྷག་དུས་གཅིག་དངོས་མཇལ་ཐུབ། །འབྱོན་བཞུགས་གཏམ་སྙན་ཝ་ལེར་གསལ་ཐོས་ཚེ། །རྣམ་ཐར་འོད་སྟོང་ལྡན་པས་ཡིད་རབ་འཕྲོག །ཅེས་གསལ་བྱེད་སུམ་ཅུ་ཚང་བའི་བྱ་དཀའི་བཀྲ་ཤིས་པའི་ཚིགས་བཅད་ཀྱང་བསྩལ་གནང་མཛད་ཡོད་པ་རེད།

No comments:

Post a Comment