Wednesday, May 9, 2012

མེ་སྟོན་ལྷུན་གྲུབ་རྒྱལ་མཚན་གྱི་མཛད་རྣམ་སྙིང་བསྡུས།


མདོ་ཁམས་ཁྱུང་ཡུལ་གྱི་བསྟན་པའི་སྒྲོན་མེ། གྲུབ་ཆེན་གདན་ས་མཐོང་གྲོལ་རི་ཁྲོད་ཀྱི་བསྟན་བདག། དཀའ་ཐུབ་པ་ཆེན་པོ་མེ་སྟོན་ལྷུན་གྲུབ་རྒྱལ་མཚན་མཆོག་ ༢༠༡༢ ཟླ་ ༥ ཚེས་ ༩ ཉིན་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
༄༅། །མདོ་ཁམས་ཁྱུང་དཀར་ཡུལ་གྱི་གནས་ཆེན་བྲག་དམར་རི་འདུས་ཀྱི་མདུན་ཞོལ། གཡུང་དྲུང་བོན་གྱི་སྒོམ་སྒྲུབ་ཀྱི་བསྟི་གནས། གྲུབ་ཆེན་མེ་སྟོན་ཉི་མ་རྒྱལ་མཚན་རིན་པོ་ཆེའི་གདན་ས་མཐོང་གྲོལ་རི་ཁྲོད་ཀྱི་ཁྲི་འཛིན་བརྒྱད་པ་མེ་སྟོན་ལྷུན་གྲུབ་རྒྱལ་མཚན་ནམ། གནམ་ལྷ་རིན་པོ་ཆེ་མཆོག་ནི། བོད་གངས་ཅན་པའི་ཞིང་ཁམས་འདི་ལ་སྟོད་ན་མངའ་རིས་བསྐོར་གསུམ་དང་། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་བཅས་གསུམ་དུ་ཕྱེ་བ་ལས། ཕྱི་མ་སྒང་དྲུག་གི་ནང་ཚན་ཟལ་མོ་སྒང་གི་སྨད་ཕྱོགས། ཁྱུང་ཡུལ་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གྱི་ཤར་ཕྱོགས། ཡང་ན་ཆུ་བཞི་ལས་དངུལ་ཆུའི་བྱང་ཕྱོགས། རྩ་གསུམ་ལྷ་ཡི་ཡུལ་གྱི་མཛེས་སྡུག་ལས་ངོ་མཚར་བ། རྣམ་པ་རབ་ཏུ་མཛེས་པའི་སྨན་ལྗོངས་དང་། ནེའུ་གསེང་མེ་ཏོག་སྐྱེད་ཚལ་ལ་སྤྲོ་དགའ་བྱེ་བས་མྱོས་པའི་སྤུ་སྡུག་གི་རི་དྭགས་ཤ་རྣ་དགོ་གསུམ་གྱི་རིགས་དང་། སྙན་འཇེབས་དབྱངས་དང་ལྡན་པའི་སྐད་སྙན་གྱི་བྱ་ཚོགས། སྨན་རིགས་སྣ་ཚོགས་ཀྱིས་ཕྱུག་པའི་རི་བོ་དང་། ལུང་གཞུང་ལ་ཕྱུགས་རིགས་དཀར་ནག་གི་ཁྱུ་ཚོགས་དགུང་སྔོན་གྱི་སྐར་ཚོགས་བཞིན་རྒྱུ་བ། དགོས་རྒུ་ནོར་གྱིས་ཕྱུག་པའི་ཡུལ་ལྗོངས། རི་རྒྱལ་སྣང་གཉེན་གཡུང་དྲུང་གསང་གནས་ཀྱི་མདུན་ཞོལ། ནོར་མ་ཚང་ཞེས་བྱ་བའི་རིགས་རྒྱུད་ཁྱད་དུ་འཕགས་པ་ཡར་མེའི་གདུང་འཛིན་རྣམ་དཀར་དགེ་བཅུ་སྒྲུབ་ལ་བརྩོན་འགྲུས་ཀྱི་རྩོལ་བ་དང་ལྡན་ཞིང་བླང་དོར་གྱི་གནས་ལ་མ་རྨོངས་པ། ཁོང་རྒྱ་ཡངས་ཤིང་ཐབས་ལ་མཁས་པ། དགེ་བའི་ས་བོན་བཟང་པོ་རྒྱུད་ལ་མངའ་བ། ཡབ་རྣམ་རྒྱལ་གྲགས་དབང་དང་། གཤིས་རྒྱུད་འཇམ་ཞིང་བུད་མེད་ཀྱི་སྐྱོན་དང་བྲལ་བ། དཀོན་མཆོག་ལ་དད་འདུན་ཆེ་བ། གཞན་ལ་ཕན་སེམས་དང་ལྡན་པའི་ཡུམ་ཁྱུང་སེར་བཟའ་བསོད་ནམས་དཔལ་སྒྲོན་གཉིས་ཀྱི་སྲས་སུ་འབྱུང་ལྡན་སུམ་བརྒྱ་སྟེ་རབ་བྱུང་བཅུ་དྲུག་པའི་ས་བྱི།  ༡༩༤༨ ལོར་ངོ་མཚར་བའི་རྟགས་དུ་མ་དང་བཅས་སྐུ་བལྟམས། དམ་པ་དེ་ཉིད་ཆུང་ནས་དགེ་བའི་ལས་ལ་འདུན་པ་ཆེ་ཞིང། མི་དགེ་བའི་ལས་ལ་བག་ཡོད་ཀྱིས་འཛེམ་བཞིན་དུས་བསྟུན་ངང་ལུག་རྫི་མཛད་པས་གོད་ཁ་བྲལ་ཏེ་འཕེལ་རྒྱས་མི་འདྲ་བ་ཕྱིན་པས། ཡུལ་མི་ཀུན་གྱིས་ལུག་འདི་དག་ས་ཕྱོགས་གཞན་ནས་དེད་འོང་བ་འདྲ་བའི་འཕེལ་ཁ་ཆེ་བ་ལ། མངའ་བདག་གི་བུ་འདི་ཡག་པོ་ཞིག་ཡིན་པ་འདྲ་ཟེར་བའི་བསྔགས་བརྗོད་གནང་ཡུལ་དུ་གྱུར། ཡིན་ནའང་སྐབས་དེའི་གྲལ་རིམ་གྱི་མིང་འདོགས་འོག་སློབ་གྲྭར་ཕེབས་རྒྱུའི་གོ་སྐབས་རྩ་བ་ནས་མ་སོན་ནའང། ཁོང་གིས་ཞོར་དུ་ཡི་གེ་འདོན་ཀློག་གི་སློབ་སྦྱོང་གནང་། སྐུ་ན་ཆེར་སོན་སྐབས་གཞུང་ལམ་བཟོ་སྐྲུན་སོགས་ཀྱི་ཨར་ལས་ཁོ་ནར་ཕེབས་པ་དང་། དེ་རྗེས་སྲིད་ཇུས་གུ་ཡང་བྱུང་མཚམས་གནས་ཆེན་ཀོང་པོ་བོན་རིར་ཕེབས་ཤིང་སྐོར་ཕྱག་གྲུབ་ནས་རང་ཁྱིམ་དུ་འབྱོར་རྗེས། ཕ་ཡུལ་རྒྱབ་སྐྱུར་མི་ཡུལ་དང་དུ་བླངས་ཏེ་དགེ་བ་བསྒྲུབ་དགོས་པ་ལྟར། རྩེ་དྲུག་དགོན་དུ་བཞུགས་ཏེ་གཅེན་པོ་དམ་པ་མེ་སྟོན་གཡུང་དྲུང་རྒྱལ་མཚན་གྱི་མདུན་ནས་སྔོན་འགྲོ་བསགས་སྦྱངས་དང། རྩེ་བླ་རིན་ཆེན་རྒྱལ་མཚན་གྱི་ཞལ་སྔ་ནས་བསྙེན་གནས་དང་དགེ་བསྙེན། གཙང་གཙུག་བཅས་ཀྱི་འདུལ་ཁྲིམས་ནོད། གཞན་ཡང་འཇའ་ལུས་པ་གཙུག་ཕུད་འོད་གསལ་དྲུང་ནས་དངོས་གཞིའི་སེམས་ཁྲིད་དང་། ཤར་རྫ་རིན་པོ་ཆེའི་གསུང་འབུམ་གྱི་ཁྲིད་ལུང་ཟབ་རྒྱས་ཞུས། རྩ་ལུང་མཁའ་འགྲོ་གསང་མཛོད་གསན་སྦྱོང་མཛད་པ་དང་། གཞན་གྱི་དབང་ལུང་གྲངས་མང་ཞུས་པ་མ་ཟད། གཅེན་པོ་དམ་པ་གཡུང་དྲུང་རྒྱལ་མཚན་མཆོག་སྐུ་གཤེགས་སྐབས་གདུང་འདེབས་མཆོད་འབུལ་རྒྱ་ཆེར་གནང་། ས་གསུམ་ན་འགྲན་ཟླ་བྲལ་བའི་བསྟན་འཛིན་སྐྱེས་མཆོག་རྩེ་བླ་རིན་ཆེན་རྒྱལ་མཚན་གྱི་ཞལ་སྔར་ནན་བཅར་གྱིས་བྱང་ཁྲིད་དང་འཕོ་ཁྲིད། རྩྭ་རླུང་གི་དོགས་གནད། དངོས་གཞིའི་ཉམས་ལེན་བཅས་ཀྱི་གདར་ཤ་ཆོད་པ་གནང་། གཞན་ཡང་སྐྱེས་མཆོག་འདི་ཉིད་གྲུབ་བརྙེས་ཤེལ་བླ་གཡུང་དྲུང་རྒྱལ་མཚན་དང་། ཀློང་སྒོམ་མངོན་གྱུར་མེ་སྟོན་ཚུལ་ཁྲིམས་རྒྱལ་མཚན། ཁྱུང་བླ་བསྟན་པ་རྒྱལ་མཚན་སོགས་ཀྱིས་དམུ་ཚ་གྱེར་མེད་གྱི་རྣམ་སྤྲུལ་ཡིན་པ་དངོས་སུ་ངོས་འཛིན་གནང་བ་མ་ཟད། མཁས་གྲུབ་དགོངས་རྩལ་རྫོགས་པ་ཁྱུང་བླ་བསྟན་པ་རྒྱལ་མཚན་གྱིས་རྟ་ཕྱག་ཁྱུང་གསུམ་གྱི་དབང་ཕུལ་བ་དང་སྦྲགས་མཐོང་གྲོལ་རི་ཁྲོད་ཀྱི་དབུ་མཛད་གཡུང་དྲུང་དབང་གྲགས་མཆོག་ལ་བླ་མ་གནམ་ལྷ་འདི་ནི་ཁ་སང་ངས་གསེར་ཞལ་དང་པོ་མཇལ་སྐབས་རིག་འཛིན་སྐུ་མདོག་དམར་སྨུག་ཅིག་མཇལ་སོང་ཞེས་དང་། ཞབས་བརྟན་གསོལ་འདེབས་ཕུལ་བར་རིག་འཛིན་དམུ་ཚ་གྱེར་མེད་རེད་ཅེས་འཁོད་པ་དང་། བླ་མ་གོང་མའི་རྗེས་འཛིན་བསྟན་པའི་དར་ཆེན་སྒྲེང་མཁན་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་ནུས་པ་ཞིག་འོང་ཞེས་ལུང་བསྟན་གནང་མྱོང་ཡོད།
          དགུང་གྲངས་སོ་བདུན་བཞེས་པ་ ༡༩༨༤ ལོར་བླ་མ་རིན་པོ་ཆེ་མཆོག་གཙོས་ཁྱུང་ཡུལ་དད་ལྡན་སེར་སྐྱ་ཀུན་གྱིས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་འདི་ཉིད་ཉམས་གསོ་ཞུ་རྒྱུའི་ཆོག་མཆན་ཞུས་པ་ལྟར། སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་གིས་མཆན་འགོད་གནང། ལོ་དེར་མཚུངས་བྲལ་ལྷུན་གྲུབ་རྒྱལ་མཚན་རིན་པོ་ཆེ་གཙོས་ཁྱུང་པོ་དཀར་ནག་སེར་གསུམ་དུ་བཞུགས་པ་ཉམས་རྟོགས་ཡོན་ཏན་གྱིས་སྤུད་པའི་བླ་མ་དང་། གནས་ལྔ་རིག་པའི་དབང་ཕྱུག་མཁས་དབང་། རྒྱལ་ཁྲིམས་ཐིག་ཤིང་འཛིན་པའི་དཔོན་རིགས། སྟོབས་འབྱོར་ལོངས་སྤྱོད་ལྡན་པའི་དད་སྦྱིན་བཅས་མཉམ་འཛོམས་ཀྱིས་ཐུགས་དགྱེས་ཞལ་འཛུམ་དང་བཅས་ནས་ས་བསླང་རྒྱུའི་སྟ་གོན་གྲུབ་ཏེ་འབྱག་རྒྱལ་རིན་ཆེན་འབར་བའི་སྣ། བྱུར་དམར་ཐང་ལ་བརྡལ་འདྲའི་མདུན་ཐང་ཐོག་དུང་གི་ཕྲ་རྒྱན་བཏབ་པ་འདྲ་བའི་གུར་ཆེན་དང་གུར་ཆུང་ཕྲ་དཔུང་ངེར་བྱས་ཏེ་ས་སློང་སྐབས་ཆོ་ག་བཅུ་གཉིས་དང་། རྣམ་ཀློང་གཉིས་ཀྱི་དཀྱིལ་འཁོར་ཞལ་ཐོག་མར་ཕྱེས་སྐབས། ས་ག་ཟླ་བའི་ཡར་ཚེས་གཟའ་སྐར་འཕྲོད་སྦྱོར་བཟང་པོར་ཉི་མ་ཤར་བ་དང་དུས་མཉམ་དགུང་ནས་དབྱར་རྔའི་སྒྲ་དབྱངས་སྒྲོག་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་མཛད་སྒོ་བཀྲ་ཤིས་ཞལ་དྲོའི་དགའ་སྟོན་གྲ་འགྲིག་ལ་ཕུན་སུམ་ཚོགས་པ་ལེགས་གྲུབ་གནང། དེ་དང་དེ་བཞིན་བསྟན་པའི་ཞབས་ཞུ་ནུས་པའི་ཀ་དགོན་ཡུལ་སྡེ་བ་འགོ་ཚེ་བརྟན་གཙོས་དད་ལྡན་རྣམས་ཀྱིས་མོས་གུས་ཀྱི་རྟེན་དང་ཡོ་བྱད་ཀྱང་འབྱོར་ཚད་གཅིག་རྗེས་གཉིས་མཐུད་དུ་ཕུལ་བས་རིམ་བཞིན་དགོན་པའི་ཕྱི་ནང་གི་རྟེན་དང་བརྟེན་པ་ཁག་ལེགས་གྲུབ་ཀྱིས་པིར་ཐོག་ཀུན་གྱིས་འགྲན་པའི་ཟླ་དང་བྲལ་བ་སྒྱུ་རྩལ་མཁན་པོ་ལྡོང་ཆུང་ཚེ་རིང་གཡང་འཕེལ་དགེ་སློབ་བཅས་གདན་ཞུས་ཀྱིས་ལྡེབས་བྲིས་ཁག་བཞེངས་གནང་མཛད་དེ་གྲུབ་ཆེན་གོང་འོག་གི་ལུགས་སྲོལ་མ་ཉམས་པར་སྒོམ་སྒྲུབ་ཀྱི་འདུས་སྡེ་དང། བཅུ་ཕྲག་རིག་པའི་གནས་ཆེན་ཁག་ལ་སློབ་གཉེར་གནང་སའི་མཐུན་རྐྱེན་ཡང་བསྐྲུན་གནང་མཛད།
          གནས་དགོན་འདིར་ཞབས་སོར་བཀའ་དྲིན་ཆེ་གནང་མཛད་པ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཁན་རབས་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། ཡོངས་འཛིན་དཔོན་སློབ་ཀུན་མཁྱེན་རིག་པའི་དབང་ཕྱུག་ཉི་དབང་རྣམ་རོལ་འཛམ་གླིང་ཡང་རྩེའི་སྨྲ་དབང་བསྟན་འཛིན་རྣམ་དག་རིན་པོ་ཆེ། གཞང་ཡང་ཡོངས་འཛིན་སློབ་དཔོན་མཆོག་གི་བཀའ་དྲིན་བསམ་ན་དད་པ་དྲག་པོས་ལུས་ཀྱི་བ་སྤུ་དངོས་སུ་ལྡང་ཞིང་མིག་ནས་མཆི་མ་ཆིལ་ཆིལ་དུ་འབབ་བཞིན་དུས་ཀུན་སྙིང་མཆོང་གུར་སྨུག་པོའི་ཀློང་ན་ཞལ་དཀྱིལ་ཡིད་ལ་ལམ་ལམ་དུ་རྒྱུ་བ་རྫོགས་པའི་སངས་རྒྱས་དང་དབྱེར་མ་མཆིས་པ་དཔོན་སློབ་སྐལ་བཟང་ཉི་མ། གཡུང་གླིང་བླ་མ་ཤེས་རབ་བསྟན་འཛིན། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་བཀའ་དྲིན་ཆེ་བའི་ཁྲ་རྒན་མཁན་པོ་སྐལ་བཟང་གཡུང་དྲུང་། རྩེ་དྲུག་སྒྲུབ་མཁན་གཙུག་ཕུད་ཚུལ་ཁྲིམས། ཁྱུང་ནག་མཁན་པོ་བོན་དབྱིངས་རང་གྲོལ་རྩལ། གཡུང་དྲུང་དཔལ་རིའི་བླ་མ་གཡུང་དྲུང་ཕུན་ཚོགས། ཤེལ་ཞིག་ཚེ་དབང་བསྟན་རྒྱལ། འགུ་ནེ་བླ་རྒན། དབུ་མཛད་གཡུང་དྲུང་དབང་གྲགས་སོགས་ཀྱི་ཞལ་སྔ་ནས་བོན་མདོ་སྔགས་སེམས་གསུམ་དང། གསར་རྙིང་བོན་སྡེ་ཡོད་དོ་ཅོག་གི་དབང་ལུང་ཁྲིད་གདམས་རྣམས་ཞུས་སྟེ་སྒོམ་སྒྲུབ་ཉམས་ལེན་དང་། བསྟན་འགྲོའི་དོན་ཆེན་རྒྱ་ཆེར་བསྐྱངས་གནང་མཛད་པ་སྟེ། ལོ་རེ་བཞིན་བོན་སྔོན་འགྲོ་དངོས་གཞི་སྦྱོང་མཁན་བརྒྱ་ཕྲག་གཅིག་མ་ཟིན་ཙམ་རེ་དང་། རྩ་རླུང་ཉམས་ལེན་གནང་མཁན་བཅུ་ཕྲག་བཞི་ལྷག་ལ་ཁྲིད་གདམས་དབང་ལུང་བསྟར་ཆགས་སུ་བསྩལ་གནང་མཛད། ཁྱུང་ཡུལ་ལྷོ་ཕྱོགས་སུ་རྒྱལ་སྒོ་དགོན་པའི་རྨང་གཞི་བཏིང་བ་དང། དེ་བཞིན་གཟི་གནམ་སྟེང་དགོན་པ། རྒྱལ་བ་དམུ་ཡད་དགོན། ག་རེའི་གཡུ་མཚོ་དགོན། འབོ་ཐའི་དགོན་པ། ཀོང་པོ་རྒྱལ་རི་དགོན་པ་སོགས་ཀྱི་རྟེན་དང་བརྟེན་པ་སྤུས་ཚད་དང་ལྡན་པ་ཡོང་ཆེད་བསྐུལ་མ་དང་རམ་འདེགས་རྒྱ་ཆེར་གནང།
ཁྱད་པར་ཁྱུང་ཡུལ་སྟོད་སྨད་བར་གསུམ་དང། ཚོ་པ་སུམ་ཅུ་སོ་དགུའི་མངའ་ཁུལ་ཡོངས་ཀྱི་བསྟན་དོན་མཛད་འཕྲིན་ལེགས་པར་བསྐྱངས་གནང་མཛད་པ་ཕུད། གཡུང་དྲུང་བོན་གྱི་གྲྭ་ས་གོང་མ་རྗེ་མཉམ་མེད་ཆེན་པོའི་གདན་ས་བཀྲ་ཤིས་སྨན་རི་དགོན་གྱི་བཤད་གྲྭ་ཆེན་མོར་འཚོ་བའི་མཐུན་རྐྱེན་སྦྱོར་གནང་མཛད་པར་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་བསྟན་འགྲོ་སྤྱི་དོན་ལ་ཕན་ཐོགས་ཆེ་བ་ལྷུན་གྲུབ་རྒྱལ་མཚན་ནམ་གནམ་ལྷ་རིན་པོ་ཆེ་ཡིན་ཞེས་གསུངས་གནང་བ་དང་། གཞན་ཡང་དད་ལྡན་ཀུན་གྱིས་དགོན་པའི་ཕྱི་ནང་གི་རྟེན་བཞེངས་མཇལ་བ་ཙམ་གྱིས་དད་པའི་ཐལ་མོ་སྙིང་ཁར་སྦྱར་ཞིང་འདི་ཕྱིའི་སྐྱབས་གནས་ཉིད་དུ་འཛིན་ནས་གསོལ་བ་སྨོན་ལམ་འདེབས་ཡུལ་བསྟན་འཛིན་སྐྱེས་ཆེན་དམ་པ་ཞིག་ལགས་སོ།།
མཛད་རྣམ་སྙིང་བསྡུས་འདི་ཉིད་ ༢༠༠༥ ལོར་པར་བསྐྲུན་གནང་བའི་ཁྱུང་པོ་སྟེང་ཆེན་དེབ་ཕྲེང་དང་པོ་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ཟུར་འདོན་ཞུས་པ་ཡིན་ཞིང་། དེ་ཕྱིན་གྱི་མཛད་རྣམ་ཁག་དང་མཛད་རྣམ་རྒྱས་པ་བཅས་རྒྱུས་ཡོད་གང་ན་སུ་ཡོད་ཀྱིས་ཁ་སྐོང་གནང་བར་འཚལ། ༢༠༡༢།༥།༩ དགོང་མོར་འཕགས་ཡུལ་ནས།
ཀ་དག་གཞི་དབྱིངས་ཀློང་དཀྱིལ་ནས།།
ལྷུན་གྲུབ་རང་གདངས་མངོན་ཤར་བའི།།
དབྱེར་མེད་རང་ཤར་བླ་མ་རྗེའི།།
ཟག་མེད་ཐུགས་དགོངས་ཡོངས་རྫོགས་ཤོག །

No comments:

Post a Comment