Sunday, June 3, 2012

གནའ་རབས་བོན་དང་ཧི་མ་ལ་ཡའི་འབྲེལ་བའི་སྐོར།


༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ།

༡༽ ཧི་མ་ལ་ཡ་ཟེར་བའི་ས་བབས་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་མིན།
༄༅། །ཧི་མ་ལ་ཡ་ཞེས་པའི་ས་རྒྱུད་ནི་ད་ལྟ་རྒྱ་གར་གྱི་རྒྱལ་ཁོངས་སུ་ཡོད་པའི་ལ་དྭགས་དང། ཁུ་ནུ། འབྲས་ལྗོངས་ལས་སོགས་ཀྱི་ཡུལ་གྲུ་དག་དང། དེ་བཞིན་འབྲུག་ཡུལ། བལ་ཡུལ་གྱི་བྱང་རྒྱུད་དང། ཤར་བརྒྱུད་ལས་སོགས་ཀྱི་ས་རྒྱུད་རྣམས་དང། དེ་བཞིན་བོད་དང་བོད་ཀྱི་ལྷོ་རྒྱུད་རྣམས་དང། གཞན་ཡང་བྷར་མ་ལས་སོགས་ཀྱང་ཧི་མ་ལ་ཡཱ་ཡི་མངའ་ཁུལ་དུ་གཏོགས་པར་ཀྱང་བཤད། ཧི་མ་ལ་ཡ་ཞེས་པ་ནི་བོད་སྐད་དུ་རི་བོ་གངས་ཅན་ཟེར་བ་རྒྱ་གར་གྱི་སྐད་དུ་བསྒྱུར་བར་བཤད།
དེ་ཡང་རི་བོ་ཆེན་པོ་འདི་ཡི་རི་རྒྱུད་ནི། བོད་ཀྱི་ནུབ་ཕྱོགས་པ་ཀིས་ཏན་གྱི་བྱང་མཐའ་ནས་རྒྱ་གར་དང། བལ་ཡུལ། འབྲས་ལྗོངས། འབྲུག་ཡུལ་བཅས་པར་ཁྱབ་ཅིང་བརྐྱངས་པའི་འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཤིག་དང། རིང་ཤོས་ཀྱི་རི་རྒྱུད་ཅིག་ཡིན་པར་བཤད། གཞན་ཡང་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་སོགས་ནས། མ་ལ་ཡ་ཡི་རི་གཉིས་དང། ཨན་འདྲར་རང། བྱ་རྐང་རི། ཏ་ལའི་རི། འདུས་པའི་རི། ལྷག་པའི་རི། རྩེ་རྒྱལ་གྱི་རི། རྩེ་མངས་ཀྱི་རི་དང་དགུ་རུ་བཤད་པའི་དང་པོ་དེ་ཡིན་པར་སྙམས། གཞན་ཡང་བཤད་ཚུལ་གཞན་ཞིག་ལ། འཛམ་བུའི་གླིང་གི་མཚོ་དང་གླིང་དུ་འབྱེད་པའི་ཏི་སེ་ཅན་གྱི་རི་རྒྱུད། དེ་ཡི་ལྷོ་ན་མཐའ་འཁོབ་དང་ཡང་འཁོབ་དུ་འབྱེད་པའི་རི་བོ་དྷ་ན་ཤན་གྱི་རི་རྒྱུད། དེ་ཡི་ལྷོ་ན་ཡང་འཁོབ་དང་མཐའ་འཁོབ་དུ་འབྱེད་པ་རི་བོ་ཤ་ཚོགས་ཀྱི་རི་རྒྱུད། དེ་ཡི་ལྷོ་ན་མཐའ་འཁོབ་དང་གེ་སར་དུ་འབྱེད་པའི་ལ་ཤང་རྩེ་མང་གི་རི་རྒྱུད། དེ་ཡི་ལྷོ་ན་ཕྲོམ་དང་གེ་སར་དུ་འབྱེད་པའི་དྷ་ན་ཤན་གྱི་རི་རྒྱུད། དེ་ཡི་ལྷོ་ན་ཕྲོམ་དང་གེ་སར་དུ་འབྱེད་པའི་བྱང་གཙུག་རིའི་རི་རྒྱུད། དེ་ཡི་ལྷོ་ན་ཧོར་དང་གྲུ་གུར་འབྱེད་པ་ཤ་ལ་ནག་པོའི་རི་རྒྱུད། དེ་ཡི་ལྷོ་ན་གྲུ་གུ་དང་ཚ་གསེར་དུ་འབྱེད་པ་བ་ཐག་ཤན་གྱི་རི་རྒྱུད། དེ་ཡི་ལྷོ་ན་ཚ་གསེར་དང་འབྲུ་བཅུད་དུ་འབྱེད་པ་ཏ་ལ་ནག་པོའི་རི་རྒྱུད་དང་དགུའོ། དེ་ལྟར་མཛོད་ལས་བཤད་པ་ལྟར་ན། ལྷོ་འཛམ་བུའི་གླིང་ན་རི་ནག་དགུ་ཡིས་ཕྱི་ནས་ནང་དུ་བསྐོར་ནས་ཡོད་པར་བཤད་པ་སྟེ། ༢ ཏིང་ཝེར་གྱི་རི་རྒྱུད། རི་བོ་ཏ་ཤན་གྱི་རི་རྒྱུད། རི་བོ་ཤ་ཚགས་ཀྱི་རི་རྒྱུད། ལ་ཤང་རྩེ་མངས་ཀྱི་རི་རྒྱུད། རི་བོ་ཏ་ན་ཤན་གྱི་རི་རྒྱུད། རི་བོ་བྱ་གཙུག་རིའི་རི་རྒྱུད། ཤང་ལ་ནག་པོའི་རི་རྒྱུད། བ་དག་ཤེན་གྱི་རི་རྒྱུད། སྟག་ལ་ནག་པོའི་རི་རྒྱུད་དང་དགུའོ། དཔལ་ཚུལ་བསྟན་བྱུང་ནས། བེར་གྱི་རི། ད་ཤའི་རི། ཤ་ཚག་གི་རི། ཤང་རྩེ་མང་གི་རི། ཏ་ཤན་རི། བྱ་གཙུག་གཙུག་གི་རི། ཤ་ལ་ནག་པོའི་རི། ཀ་ཤན་གྱི་རི། ཞང་ཞུང་གི་རི་བྱ་རྐང་གི་རི་བཅས་དགུ་རུ་བཤད་དོ། དེ་དག་ནི་རི་ནག་པོ་དགུ་ཞེས་པར་བཤད་ཚུལ་མི་འདྲ་བ་དག་ཡིན།

༢༽ ཧི་མ་ལ་ཡ་ཡི་མི་རིགས་དང་དེ་དག་གི་ཆོས་ལུགས་དང་རིག་གཞུང་ལས་སོགས་ཇི་ལྟར་ཡིན་མིན།
ཧི་མ་ལ་ཡཱ་ཡི་རི་རྒྱུད་ཀྱི་མི་རིགས་ནི་བོད་མི་དང་ཕལ་ཆེར་ངོ་གདོང་དམར་ལ་སྣུམ་མདངས་ཆེ་ཞིང་སྣ་བཟོ་ལེབ་མོ་དང་མགོ་སྐྲ་ནག་པོ་ཡོད་པ་ཕལ་ཆེར་མཐུན། མི་རིགས་དེ་རྣམས་ཀྱི་དད་ཡུལ་གྱི་ཆོས་ལུགས་དེ་ལའང་དུས་ཀྱིས་འགྱུར་ལྡོག་ལ་བརྟེན་ནས་འདི་ཞེས་ངོས་བཟུང་བར་དཀའ་བར་གྱུར་ཡོད། འོན་ཀྱང་སྔོན་རབས་ཀྱི་དུས་སུ་ཕལ་ཆེ་བ་ཞང་ཞུང་གི་མངའ་ཁོངས་སུ་ཡོད་ཅིང་ཆོས་ལུགས་དད་མོས་ཀྱང་བོན་ལ་བྱེད་པ་ལོ་རྒྱུས་སོགས་ནས་དཔོག་ཐུབ། རྗེས་སུ་རིམ་པས་ཕྱི་ནང་གི་ཆོས་ལུགས་ཇི་སྙེད་ཅིག་དར་བར་མ་ཟད། ལྟ་གྲུབ་ལས་སོགས་སྲོལ་གསར་དུ་གཏོད་པ་པོ་མེད་པའི་ཤ་མན་ནམ་རང་བྱུང་གི་ཁམས་ལ་ལྷ་རུ་བལྟ་བའི་སྲོལ་ཀྱང་ཇི་སྙེད་ཅིག་དར་ཡོད་འདུག མི་རིགས་དེ་དག་གི་རིག་གཞུང་སྟེ། ཆ་ལུགས་ཆས་གོས་སྐད་ཡིག་སོགས་ཀྱང་ཆོས་ལུགས་ལ་འགྱུར་ལྡོག་བྱུང་བ་ལྟར་དེ་དག་ལའང་འགྱུར་བ་སྣ་ཚོགས་སུ་ཕྱིན་ཏེ་ད་ལྟ་ཐུན་མིན་གྱི་རིག་གཞུང་འདི་ཞེས་ངོས་འཛིན་དཀའ་བའི་གནས་སུའང་འགྱུར་བཞིན་ཡོད་འདུག འོན་ཀྱང་ཕལ་མོ་ཆེ་ད་ལྟའང་བོད་སྐད་དང་བོད་ཡིག་ལ་བེད་སྤྱོད་བྱེད་བཞིན་ཡོད།

༣༽གནའ་བོའི་བོན་དང་གཡུང་དྲུང་གི་བོན་གཉིས་ཀྱི་དབར་གྱི་ཁྱད་པར།
གནའ་བོའི་བོན་ཞེས་པ་ངོས་འཛིན་བྱེད་སྟངས་མང་པོ་ཞིག་ཏུ་ཡོད་འདུག་ཅིང། འགའ་ཞིག་གིས་དུས་རབས་བདུན་པའི་ཡར་སྔོན་གྱི་བོན་དང། འགའ་ཞིག་གིས་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་བོད་དུ་མ་ཕེབས་པའི་ཡར་སྔོན་དུ་ཡོད་པའི་བོད་ཀྱི་བོན་པོ་ཞེས་པར་ངོས་འཛིན་བྱེད་ཚུལ་སོགས་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས། ཞིབ་འཇུག་པ་མང་པོས། གནའ་བོའི་བོན་ཞེས་པ་ནི་དམར་མཆོད་ལས་སོགས་འཚེ་བ་ཆོས་སུ་བྱེད་པའི་ཆོས་ལུགས་སམ་ད་ལྟ་ཡོངས་གྲགས་སུ་བརྗོད་པའི་ཤ་མེན་ནམ་རང་བྱུང་གི་ཁམས་ལ་ལྷ་རུ་བལྟ་བའི་སྲོལ་ཏེ རྗེས་སུ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་བོད་དུ་ཕེབས་ཏེ་གཡུང་དྲུང་གི་བོན་ཞེས་སྔར་གྱི་འཚེ་བ་ཆོས་སུ་བྱེད་པའི་བོན་པོར་བཅོས་བསྒྱུར་བྱས་པ་ལ་བརྟེན་ནས་བྱུང་བའི་བོན་པོར་གཡུང་དྲུང་གི་བོན་ཞེས་པའམ། ནང་པ་དང་ཆ་ཡོངས་སུ་མཐུན་ཅིང་ནང་པ་ལས་དཔེ་བཀབ་བྱས་པ་ལས་བྱུང་བའི་ད་ལྟའི་བོན་ལ་བཤད། འོན་ཀྱང་བོན་གྱི་གཞུང་ལུགས་ཁག་ནས་གནའ་དེང་གི་བོན་ཞེས་མི་འདྲ་བ་གཉིས་སུ་མེད་ཅིང། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་བསྟན་པའི་བོན་ནི། སྔར་ནས་ད་བར་དུ་བཀའ་ལུང་གི་གདམས་རྒྱུད་སོགས་མ་ཉམས་པར་བཞུགས་པར་ངོས་འཛིན་བྱེད། མ་ཟད་གྲུབ་མཐའ་རང་རྐང་ཚུགས་པའི་ཆོས་ལུགས་ཞིག་དང། ཆོས་ལུགས་དེ་ཡང་དམ་པའི་ཆོས་རྒྱ་གར་ནས་བོད་དུ་མ་དར་བའི་གོང་དུ་བོད་རང་ས་ནས་བྱུང་བའི་ཆོས་ལུགས་ཞིག་དང་། དེ་བཞིན་ཧི་མ་ལ་ཡཱ་ཡི་རི་རྒྱུད་ཀྱི་མི་རྣམས་ཀྱིས་དད་ཡུལ་གཙོ་བོར་གྱུར་བའི་ཆོས་ལུགས་ཞིག་ཏུ་འདོད་དོ།།

༤༽ གནའ་བོའི་བོན་གྱི་བསྟན་པ་དེ་ཉིད་ཡུལ་གྲུ་ཇི་ཞིག་ལ་དར་ཡོད་མེད།
གནའ་བོའི་བོན་ནི་ཧི་མ་ལ་ཡཱ་ཡི་རི་རྒྱུད་ཀྱི་ཡུལ་གྲུ་ཕལ་ཆེ་བར་དར་ཡོད་ཅིང། དཔེར་ན། རྒྱ་གར་བྱང་ཕྱོགས་ལ་དྭགས་དང། ཁུ་ནུ། འབྲས་ལྗོངས། འབྲུག་ཡུལ། བལ་ཡུལ་གྱི་བྱང་ཕྱོགས་དང་ནུབ་ཕྱོགས། དེ་བཞིན་བོད་ལས་སོགས་སུ་དར་བ་ནི་ང་ཚོས་ལོ་རྒྱུས་ཀྱི་སྟེང་ནས་ཤེས་ཐུབ། གནའ་བོའི་བོན་ནི་ཞང་བོད་གཉིས་ཀྱི་ཆོས་རིག་ལོ་རྒྱུས་ཀྱི་ཆུ་འགོ་ལྟ་བུ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ཞང་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་ཚེ། གནའ་བོའི་བོན་དང་མ་འབྲེལ་བར་ཞིབ་འཇུག་བྱེད་པའི་གཞི་རྩ་མེད་པར་མཐོང་།

No comments: