Friday, June 8, 2012

བོན་གྱི་ཐུན་མིན་སྲོལ་རྒྱུན་རིག་གནས་སྐོར་གྱི་རྒྱུན་ཤེས།


༄༅། །བོན་གྱི་ཐུན་མིན་སྲོལ་རྒྱུན་རིག་གནས་སྐོར་གྱི་རྒྱུན་ཤེས་ཞེས་པ་ནི། གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན་གྱི་ཐུན་མོང་མིན་པའི་སྔར་སྲོལ་བཟང་པོའི་རིང་ལུགས་རྒྱུན་མ་ཆད་པ་རིག་པའི་གནས་ཆེན་ཁག་གི་ཉིང་བཅུད་དམ། རྒྱུན་ལྡན་ཉེ་བར་མཁོ་བའི་ཤེས་བྱ་རྣམས་ལ་གོ་དགོས་པར་སྙམ།
    དེས་ན་ཐོག་མར་རང་གཞུང་གི་བཀའ་ལུང་རྣམས་ལས་གསུངས་པའི་རིག་པའི་གནས་ལྔའི་སྐོར་དང་། གཞན་ཐུན་མིན་བོན་གྱི་ཐ་སྙད་འགའི་སྐོར་བློ་གསར་རྣམས་ཀྱི་ཆེད་ཟུར་ཙམ་ཞུས་ན།

དེ་ཡང་བསྟན་པ་རྗེས་བཞག་གི་མདོ་ལས། བཟོ་དང་སྒྲ་དང་གསོ་བ་དང་། །ཕྱི་ནང་རིག་པ་གཉིས་དང་ལྔ། །ཞེས་གསུངས་པ་ལྟར།

༡༽     སངས་རྒྱས་ཀྱི་བསྟན་པའི་གཞི་རུ་གྱུར་ཞིང་གཞན་རྗེས་སུ་བཟུང་བའི་ཕྱིར་དུ། བཟོ་རིག་པ།

༢༽    བསྟན་པ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་རྒོལ་བ་ཐམས་ཅད་ཚར་བཅད་ནས། ངེས་དོན་ཡང་དག་བསྒྲུབ་པའི་ཕྱིར་དུ། སྒྲ་ཚད་རིག་པ།

༣༽    འགྲོ་བའི་ནད་ཀྱི་ཟུག་རྔུ་བསལ་ཞིང་། ལུག་སྲོག་གསོ་བར་བྱ་བའི་ཕྱིར། གསོ་བ་རིག་པ།

༤༽    ལེགས་ཉེས་རྩིས་ཀྱིས་སྟོན་ཞིང། སྣང་སྲིད་ཞི་བདེར་བཅོས་པའི་ཕྱིར་དུ། ཕྱི་རིག་པ།

༥༽    བགེགས་གདོན་ཐབས་ཀྱིས་བཅོམ་སྟེ། མཆོག་ཐུན་རང་རྒྱུད་ལ་འཐོབ་པར་བྱ་བའི་ཕྱིར་དུ། ནང་རིག་པ། བཅས་ཡིན།

བཀའ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གསུང་ཞིང་སྐྱོན་བྲལ་ལེགས་བཤད་རྣམ་པར་དག་པའི་བཀའ

བཀའ་བརྟེན།  སྟོན་པའི་རྗེས་འཇུག་གི་བཀའ་ལ་བརྟེན་ནས་བསྟན་པའི་གསལ་བྱེད་དུ་བརྩམས་པའི་བསྟན་བཅོས།

བོན་མདོ་སྔགས་སེམས་གསུམ། གཡུང་དྲུང་བོན་གྱི་གཞུང་ལུགས་ཀྱི་སྙིང་དོན་སྤང་ལམ་མདོ། སྒྱུར་ལམ་སྔགས། གྲོལ་ལམ་སེམས་སྡེ་རྫོགས་པ་ཆེན་པོ།

བོན་སྒོ་བཞི་མཛོད་ལྔ། དཔོན་གསས་མན་ངག་ལུང་གི་བོན།       ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། ཆབ་དཀར་དྲག་པོ་སྔགས་ཀྱི་བོན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་བཅས་སོ།།

ཐེག་པ་རིམ་དགུ།    ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུ་ཡི་ཐེག་པ་བཞི། དགེ་བསྙེན། དྲང་སྲོང་། ཨ་དཀར། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི། ཡོངས་རྩེ་བླ་ན་མེད་པའི་ཐེག་པ་བཅས་སོ།།

དཔོན་གསས། དཔོན་གསས་བླ་མ་ཞེས་བླ་མ་དང་སློབ་དཔོན་ལ་འཇུག་པ་དང་། དཔོན་གསས་མན་ངག་ཞེས་གཞུང་ལུགས་ལ་འཇུག་པ་ཡང་ཡོད།

གསས་མཁར བོན་གྱི་གཞུང་ལུགས་ཁག་ལ་འཇུག་པ་སྟེ་གསས་མཁར་སུམ་བརྒྱ་དྲུག་ཅུ་སོགས་དང་། ཡི་དམ་ལྷ་ལའང་འཇུག་པ་སྟེ་གསས་མཁར་མཆོག་ལྔ་ལྟ་བུ། ལྷ་ཁང་ལ་འཇུག་པ་སྟེ་གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས་ཞེས་པ་སོགས་ཀྱིས་མཚོན་ནུས།

གཡུང་དྲུང་ཆག་ཤིང་། གཡུང་དྲུང་གཉིས་སྦྲེལ་གྱི་བར་ལྕུམ་གཞོག་ཅན་དེ་མདོ་སྔགས་སེམས་གསུམ་གྱི་བརྡ་མཚོན་བྱེད།

གཤང། གཤང་ཆེན་དང་གཤང་ཆུང་། སིལ་སྙན།

པད་ཞུ། བོན་ལུགས་རབ་བྱུང་གི་སྡོམ་ཁྲིམས་ཡོངས་སུ་རྫོགས་པ་ཁག་གི་དབུ་ཞྭ་པད་མའི་དབྱིབས་ཅན།

རྨད་གོས། བོན་རང་ལུགས་ཀྱི་འདུལ་བ་པའི་སྟོད་དུ་གསོལ་རྒྱུའི་ན་བཟའ་ཞིག

ཧོས་རུ།      རབ་ཏུ་བྱུང་བའི་ཕྱག་རྟེན་འཁར༵་གསིལ༵་ཏེ་ཧོས་རུ་གསིལ་བ་སྒྲ་སྙན།

གཞི་སྐུར།    རབ་ཏུ་བྱུང་བའི་བཞེས་སྣོད་ལྷུང༵་བཟེད༵་དེ་གཞི་སྐུར་བཅུད་ལྡན་པད་གྱེས།

བྱ་རུ་བྱ་གྲི།   ཐབས་དང་ཤེས་རབ། ཡེ་ཤེས་ཆེན་པོའི་དོན།

རིགས་རྟགས། ཤར་གཡུང་དྲུང། བྱང་འཁོར་ལོ། ནུབ་པད་མ། ལྷོ་རིན་ཆེན། དབུས་རྒྱལ་མཚན། ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སྔོ། དབུས་སེར་བཅས་སོ།།

No comments: