Saturday, July 7, 2012

འཇུ་ཆེན་ཐུབ་བསྟན་གྱི་རྗེས་དྲན་སྙིང་ཁོང་གི་འབོད་སྒྲ།


༄༅། །དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་
རྗེས་སུ་དྲན་པའི་གདུང་དབྱངས་བཅོས་མིན་
སྙིང་ཁོང་གི་འབོད་སྒྲ།
བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན།


སྡེ་བཞི་དགེ་བཅུའི་དཔལ་གྱིས་ཕྱུག་པའི་མདོ་ཁམས་ཤར་གྱི་མི་རྒྱུད་ལས།།
ལུགས་གཉིས་དབང་བསྒྱུར་ཆེ་བཙན་དུ་མས་འཁོར་ལོ་བསྒྱུར་བའི་ལོ་རྒྱུས་མང་།།
མི་ཡི་དབང་པོའི་མདུན་ན་འདོན་གྱི་མིང་གྲགས་ལྡན་པའི་བློན་འཁོར་གྲས།།
རིགས་རུས་བཟང་པོ་འཇུ་ཆེན་ཚང་དུ་དམ་པ་ཁྱེད་ཀྱི་ལྟེ་འཚལ་འཕོས།།
        ཤེས་པའི་གཞི་མ་བསླབ་ལ་བརྩོན་ཞིང་ལུགས་གཉིས་མཁྱེན་དཔྱོད་གོ་ཆ་བགོས།།
        ལྷ་ལྡན་ཞིང་དང་ས་སྐྱ་ལ་སོགས་རིས་མེད་བླ་སྡེ་དགོན་ཁག་མཇལ།།
        བསྟན་དགྲ་རྒྱ་དམར་བཙན་གྱིས་འཛུལ་ཞིང་གངས་ལྗོངས་སྣོད་བཅུད་བཅོམ་ཉེའི་སྐབས།།
        དུས་འགྱུར་ཡོ་ལང་ཟློག་པའི་ཆེད་དུ་རྒྱལ་བློན་འཁོར་ཚོགས་བཀའ་བགྲོས་མཛད།།
མདོ་ཁམས་གནས་སྟངས་མཁྱེན་རྟོགས་ཕྱིར་དང་མདོ་དབུས་དཔུང་སྟོབས་གཅིག་སྒྲིལ་ཆེད།།
གངས་ཅན་བོད་ཀྱི་རྒྱལ་སའི་ཕྱོགས་སུ་གནས་སྙན་སྒྲོན་དུ་ལན་ལྔ་བསྐྱོད།།
ཐབས་ཤེས་ཟད་རྗེས་གོ་འཕྲུལ་མཚོན་ལྡན་རྒྱ་དམག་ཁྲི་སྟོང་མང་པོར་རྒོལ།།
མཐའ་དོན་མང་སྣེ་ཉུང་གིས་མ་བརྟན་དབུས་འགྱུར་ལྷ་ལྡན་ཞིང་དུ་གཡོལ།།
        གངས་ཅན་མགོན་པོའི་སྐུ་ཕྱྭའི་ཆེད་དུ་ནོར་གླིང་ཕོ་བྲང་མཐའ་ནས་སྲུང།།
        བསྟན་སྲིད་བདེ་རྩའི་དམིགས་ཡུལ་བཟུང་སྟེ་རང་སྲོག་དམར་པོ་འབེན་དུ་བཙུགས།།
        དབུས་ལྷོའི་རྒྱ་དམག་དཔུང་དང་འཐབ་ནས་བསྟན་དགྲ་མང་པོ་དམིགས་མེད་བཏབ།།
        ཐམས་ཅད་མཁྱེན་པའི་རྗེས་ཤུལ་སྙེག་བཞིན་རྒྱ་གར་འཕགས་པའི་ཡུལ་དུ་བྱོལ།།
བྱང་ཤར་ས་གནས་འགའ་ཞིག་འགྲེམས་རྗེས་གངས་ལྗོངས་བསྟན་སྲིད་སླར་གསོའི་ཆེད།།
ལྷོ་ཕྱོགས་མའེ་སོར་གཞིས་སར་ཕེབས་ནས་སྤྱི་པའི་ལས་དོན་ཁུར་དུ་བླངས།།
མང་པོས་ཚོགས་ཀྱིས་བསྐོས་པ་ནང་བཞིན་གནས་རིམ་ཐེག་པ་རིམ་གྱིས་འཛེགས།།
གྲུབ་དབང་པདྨ་ནོར་བུ་ལ་སོགས་རིས་མེད་སྐྱེས་ཆེན་དུ་མར་བསྟེན།།
        མང་གཙོའི་ལམ་ནས་འོས་ཐོན་བྱུང་བཞིན་མདོ་སྟོད་སྤྱི་འཐུས་ལས་ཁུར་བཞེས།།
        འཐུས་མི་རྣམ་པས་མོས་འདུན་བྱུང་ལྟར་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བླངས།།
དྲིལ་བསྒྲགས་རྒྱུན་བཞུགས་ཤེས་རིག་ནང་སྲིད་ཆོས་དོན་བཀའ་བློན་ཁྲི་པ་བཅས།།
        བསྐོ་གཞག་བསྩལ་ལྟར་མི་ལོ་བཅོ་ལྔར་བཙན་བྱོལ་གཞུང་གི་བཀའ་བློན་གནང་།།
བཟོ་གཞིས་སློབ་གྲྭ་དགོན་སྡེ་ཁག་སོགས་སྲ་བརྟན་ཕུགས་འཕེར་གནས་གཞི་བཏིང་།།
རྒྱལ་སྤྱིའི་དུས་ཀྱི་འགྱུར་འགྲོས་དང་བསྟུན་བོད་དོན་བདེན་པའི་དཔུང་གྲོགས་བཙལ།།
སྐབས་སུ་བབ་པའི་ལས་འགན་མཐའ་དག་འགལ་མེད་ཅི་གསུང་བཀའ་བཞིན་བསྒྲུབས།།
གངས་ཅན་མགོན་པོས་ཐུགས་ཡིད་ཆེས་པའི་ཞལ་གསུང་བཟང་པོའི་དབུགས་དབྱུང་བསྩལ།།
        འབྲེལ་ལམ་ཆད་པའི་གཞིས་བྱེས་བོད་མིའི་བླ་སྲོག་སླར་ཡང་མཐུད་པའི་ཆེད།།
        གཟིགས་སྐོར་སྐུ་ཚབ་ཚོགས་གཙོ་གནང་སྟེ་འཐབ་ཕྱོགས་གཅིག་གྱུར་འགོ་ཁྲིད་དང་།།
        ཀུན་གཟིགས་པཎ་ཆེན་མཆོག་གིས་གཙོས་པའི་རྒྱ་བོད་དཔོན་རིགས་མང་པོར་མཇལ།།
        ཆོལ་གསུམ་བོད་ཀྱི་ས་ཁྱོན་ཡོངས་སུ་གཞིས་བཞུགས་སྤུན་ཟླའི་བདེ་སྡུག་བརྟག །
རྒྱ་གཞུང་དམར་པོའི་ཚོད་བགམ་དབྲལ་ཏེ་གངས་ཅན་བོད་མིས་ཆེ་མཐོང་སྤྲད།།
མི་ལོ་ཉི་ཤུའི་མནར་གཅོད་རིང་མོའི་བྱུང་རབས་སྙན་ཞུ་ཟིན་ཐོར་བཏབ།།
དབུས་སའི་གཞུང་གི་རྒྱ་དཔོན་རྣམས་ལ་དངོས་མཐོང་དཀའ་སྡུག་ཆད་མེད་བཤད།།
༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ལྕགས་སྒམ་གསུམ་གྱི་ཚིག་ཐོ་ཕུལ།།
        ཞི་མོལ་རྟོག་ཞིབ་གཙོ་འགན་བཞེས་ཏེ་རྒྱ་ནག་རྒྱལ་སར་ལན་གཉིས་ཕེབས།།
        གནད་ཡོད་རང་རིགས་དབུ་ཁྲིད་རྣམས་དང་ནང་མོལ་བཀའ་བསྡུར་དགོས་རིགས་གནང་།།
        འབྲེལ་ཡོད་རྒྱ་དཔོན་ཆེ་ཁག་ལྷན་དུ་བོད་ཀྱི་གནད་དོན་སྦྱངས་བཤད་སྐབས།།
        ས་ཡ་དྲུག་གི་བདེ་སྡུག་འབྲེལ་བའི་དཀའ་རྙོག་མཐའ་དག་གསལ་སྟོན་བྱས།།
དམིགས་བསལ་ཚོགས་ཆེན་བསྡུ་སྐོང་གནང་སྟེ་མང་གཙོའི་གོམ་སྟབས་ཆེ་བགྲོད་ཆེད།།
༸གོང་ས་མཆོག་གིས་ཐད་བསྐོ་གནང་བའི་བཀའ་ཡི་བློན་པོའི་ལས་མཚམས་བཞག །
རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཚོགས་གཙོར་ཐད་བསྐོས་གནང་བཞིན་ལེགས་པར་བསྒྲུབས།།
བོད་ཀྱི་རྩ་ཁྲིམས་བསྐྱར་ཞིབ་འཆར་ཟིན་གཙོ་འགན་བཞེས་ཏེ་ལས་མཇུག་བསྒྲིལ།།
        དོན་ཚན་གསུམ་གྱི་རྙོག་གླེང་དང་འབྲེལ་མདོ་ཁམས་ནང་ཁུལ་མི་མཐུན་པའི།།
        ལོ་ཟླ་དུ་མའི་རྙོག་འཛིང་སེལ་ཕྱིར་ཁྱེད་ཀྱི་བཀའ་དྲིན་མགོ་འདྲེན་འོག །
        ནམ་མཁའ་གཡའ་དག་ཞལ་གསུང་ཕེབས་ཤིང་བཀའ་འབྲེལ་མདོ་སྟོད་རྒྱལ་ཡོངས་ཀྱི།།
        འོས་འདེམས་ཚོགས་གཙོའི་ཐུགས་འགན་བཞེས་ནས་མིག་དཔེ་འོས་པའི་མང་གཙོ་བསྐྲུན།།
བཙན་བྱོལ་གཞུང་གི་རྩིས་རྙོག་མང་པོ་སྡེབས་གསོག་ཐེབས་པ་གཙང་སེལ་སླད།།
ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་འགན་ཁུར་བཀའ་གསུང་ཇི་བཞིན་དང་དུ་བླངས།།
ཆེ་མ་ཆུང་གི་འབྲེལ་ཡོད་སུར་ཆགས་བརྩད་ཞིབ་མཐིལ་ཕྱིན་བགྱིས་པའི་མཐར།།
ཤོག་གྲངས་སྟོང་ཕྲག་གཅིག་ལས་བརྒལ་བའི་སྙན་ཐོ་དོན་གྱི་བདག་པོར་ཕུལ།།
        མི་མང་རྣམས་ཀྱིས་བཀའ་བློན་ཁྲི་པ་ཐད་ཀར་འོས་འདེམས་གསར་གཏོད་སྐབས།།
        ཁྲིམས་སྒྲིག་དགོངས་དོན་ལག་ལེན་དཀའ་ཞིང་བློ་སྟོབས་ཞུམ་པའི་སྤྱི་ཚོགས་ཁྲོད།།
        ཐེངས་གཉིས་བསྟུད་མར་འོས་འདྲར་བཞེངས་ཏེ་ཕྱི་རབས་རྣམས་ལ་མིག་ལྟོས་བཞག །
གཞིས་ཕེབས་ཆོས་ཞུ་སྟོང་ཕྲག་མང་པོར་བཙན་བྱོལ་གནས་བབ་ངོ་སྤྲོད་གནང་།།
རྒྱ་ནག་དམར་པོའི་རྩ་ཁྲིམས་འོག་ཏུ་མི་རིགས་ས་གནས་རང་སྐྱོང་ཆེད།།
དགོས་འདུན་བཏོན་པའི་སྲིད་བྱུས་དེ་ཡི་ལེགས་ཉེས་རང་བཞིན་ཐེངས་མང་སྨྲས།།
གྲོས་ཚོགས་ནང་དུ་བསམ་འཆར་ཡིག་ཆ་བསྟན་མིན་ཞིག་གི་གླེང་འཕྲོས་ནས།།
ལོ་རྒྱུས་རང་བཞིན་བོད་དོན་ཉན་ཞིབ་བགྲོ་གླེང་མཐིལ་ཕྱིན་གཞི་རྩར་གྱུར།།
མ་སུ་རི་དང་བོད་ཕྲུག་ཁྱིམ་སྡེ་རྡ་ས་དཔེ་མཛོད་ཟློས་གར་སོགས།།
ཚོགས་སྡེ་དུ་མའི་འགན་ལྷན་འཐུས་མིའི་ཚོགས་གཙོ་སོགས་ཀྱི་མཚན་འགན་བཞེས།།
        དྲང་བདེན་ལྷག་བསམ་གདེང་སྤོབས་བཅས་ཏེ་སྐུ་ཚེ་ཧྲིལ་པོའི་མཛད་འཕྲིན་བསྐྱངས།།
        གོང་མའི་བཀའ་བཞིན་བྱུང་རབས་ལོ་རྒྱུས་དེབ་ཐེར་བཅུ་ཕྲག་རྗེས་བཞག་མཛད།།
དུས་ཀྱིས་གཏུགས་པའི་སྐུ་ཚེའི་འཕེན་པ་ཕྱི་མའི་ལམ་དུ་བཞུད་པའི་སྐབས།།
བཀའ་དྲིན་སུམ་ལྡན་བྱམས་མགོན་སི་ཏུའི་ཐུགས་གཙིགས་ཆེན་པོས་ཞབས་སོར་བཀོད།།
བཀའ་ཁྲི་མཆོག་དང་ཚོགས་གཙོ་ཟུང་གིས་གངས་ཅན་བོད་ཀྱི་རྒྱལ་དར་གཡོག །
བཙན་བྱོལ་སྒྲིག་འཛུགས་སྲི་ཞུ་ཡོངས་ནས་མྱ་ངན་ཞུས་ཏེ་སྨོན་ལམ་ཚོགས།།
ཆོས་སྲིད་སྐྱོང་བའི་ཆེ་རྒུ་དུ་མས་ཐུགས་གསོའི་འཚམས་འདྲི་སྣ་ཚོགས་ཞུས།།
རིས་མེད་ཆོས་ལུགས་དུ་མ་འདུས་པའི་ཞུགས་འབུལ་དོན་སྙིང་ལྡན་ངེས་གནང་།།།
ས་དགེ་ཀར་རྙིང་བོན་དང་བཅས་པའི་བླ་སྤྲུལ་འདུས་སྡེར་བསྙེན་བཀུར་ཕུལ།།
གྲོས་ཚོགས་ལ་སོགས་གཞུང་སྒེར་མང་པོས་རྗེས་དྲན་གུས་འདུད་རིམ་བཞིན་གནང་།།
གངས་ཅན་མགོན་པོ་དབུ་བཞུགས་གནང་བའི་བསྟན་བདག་བླ་སྤྲུལ་འདུས་ཚོགས་སུ།།
མདོ་ཁམས་ཆུ་བཞི་སྒང་དྲུག་ངོས་ནས་བསྔོ་སྨོན་མཆོད་འབུལ་གོ་སྒྲིག་བྱས།།
སྒྲུབ་བརྒྱུད་བསྟན་པའི་གཙུག་གི་རྒྱན་གཅིག་ཀརྨ་པ་ཡང་གདན་འདྲེན་ཞུས།།
ཤུལ་ལུས་ལྟོས་བཅས་ནང་མི་ཡོངས་ནས་གཤིན་འཇུག་ཚུལ་ལྡན་འགྱོད་མེད་བསྒྲུབས།།
ཁྱེད་ཀྱི་མཛད་རྗེས་མཐའ་དག་གླེང་བའི་སྨྲ་ལྕེ་ཐུང་ཡང་མདོར་བསྡུས་ན།།
སྐུ་ཚེ་ཧྲིལ་པོ་བསྟན་སྲིད་དོན་དུ་ལེགས་སྐྱེས་ཕུལ་བའི་བུ་རྒོད་ཅིག །
གཞིས་བྱེས་བོད་མིའི་བདེ་སྡུག་ཡོངས་ཀྱི་ལེགས་ཉེས་མཁྱེན་པའི་དཔྱོད་ལྡན་ཞིག །
དཀར་ནག་རྒྱ་སོགས་འཛམ་བུ་གླིང་གི་འགྱུར་འགྲོས་བརྒྱུད་པའི་མྱོང་ཅན་ཞིག །
བཙན་བྱོལ་བོད་མིའི་གནས་གཞི་ཡོངས་ཀྱི་རྩ་བ་བཙུགས་པའི་ཡབ་ཆེན་ཞིག །
མང་གཙོའི་གཞི་རྩ་ཁྲིམས་ལུགས་ཁག་རྣམས་གཏན་ན་ཕབ་པའི་གདོང་གྲོགས་ཤིག །
བདེན་མིན་ལས་རྣམས་ཡན་པོར་མི་གཏོང་དབྱེ་ཞིབ་གཅོད་པའི་སེག་རྡར་ཞིག །
བསྟན་སྲིད་ལས་དོན་ཁོ་ནར་གཞོལ་ལས་ནུབ་ཕྱོགས་མ་འགྲེམས་གླེན་པ་ཞིག །
ལྷག་བསམ་དཀར་བའི་དྲང་བདེན་ལས་ལ་ཡོ་འཁྱོག་མེད་པའི་མདའ་མོ་ཞིག །
མ་རུངས་ཁོག་བཅང་གཡོ་ཅན་མང་པོ་ཟིལ་གྱིས་གནོན་པའི་སེང་ཕྲུག་ཅིག །
ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་དོར་བའི་དག་སྣང་རྒྱས་པའི་ཉི་མ་ཞིག །
བོན་འབངས་རྣམས་ལའང་མགོན་སྐྱབས་བྲལ་དུས་ལམ་སྣ་སྟོན་པའི་དེད་དཔོན་ཞིག །
ཁྱེད་ཀྱི་སྐུ་ཚེ་མཐར་རུ་ཕྱིན་ནས་མཇལ་བའི་སྐལ་པ་མེད་ན་ཡང་།།
ཁྱེད་ཀྱི་མཛད་རྗེས་ཕྲ་མོ་ཙམ་ཡང་རྒྱུན་དུ་མི་བརྗེད་དྲན་བྱས་ནས།།
ཁྱེད་དང་འདྲ་བའི་གངས་ཅན་བསྟན་འགྲོའི་དོན་ཆེན་འགྲུབ་པ་མ་ནུས་ཀྱང་།།
ཁྱེད་ཀྱི་མཛད་བཟང་ཤུལ་རྗེས་བསུབ་པའི་བྱ་ངན་ནམ་ཡང་མི་གསོག་ངེས།།  
༢༠༡༢།༢།༢ ཉིན་བྲིས་པ་དགེའོ། །
མཐོ་སྒང་གི་ཉི་ཟེར་སྤྱིའི་འདོན་ཐེངས་བཞི་པར་བཀོད།  

No comments: