Thursday, January 7, 2016

ནམ་མཁའི་ནོར་བུ་བོན་པོ་ཡིན་ནམ། མུ་སྟེགས་པ་ཡིན།

སྔོན་བརྗོད།

     
བོད་ཀྱི་ལོ་རྒྱུས་ལ་དོ་སྣང་མེད་པའམ་མི་རིགས་ཀྱི་ལ་རྒྱ་ཟེར་བ་དེའི་གཞི་རྩ་གང་ཡིན་མ་ཤེས་མཁན་རྣམས་ཀྱི་སྣང་ངོར་ནམ་མཁའི་ནོར་བུས་བྱ་དཔེ་བྱིས་སྒྲུང་གི་སྐོར་རྣམས་གལ་ཆེ་མདོག་གིས་ཤོད་ཀྱི་འདུག་ཅེས་ངེས་པར་དུ་བསམ་སྲིད།
          ཁོ་བོས་བོན་གྱི་སྐོར་དོ་སྣང་ཆེན་པོས་བཤད་པ་དེ་ལ། མང་ཞིག་གིས། ནམ་མཁའི་ནོར་བུ་བོན་པོ་རེད། ཟེར་བ་དང་། འགའ་ཤས་ཀྱིས་ནམ་མཁའི་ནོར་བུ་མུ་སྟེགས་པ་རེད་ཟེར་མཁན་བྱུང་འདུག
          ངའི་སློབ་མ་ནུབ་ཕྱོགས་པ་མང་པོ་ཞིག་བལ་ཡུལ་དང་རྒྱ་གར་ཕྱོགས་སྔོན་རྗེས་སུ་གནས་སྐོར་ཕྱིན་པར། བོད་ཀྱི་བླ་མ་མིང་གྲགས་ཡོད་པ་འགའ་ཤས་ཀྱིས། ནམ་མཁའི་ནོར་བུ་བོན་པོ་རེད། ནམ་མཁའི་ནོར་བུས་ཁྱེད་ཚོ་ལ་ག་རེ་ག་རེ་སློབ་ཀྱི་འདུག་ཅེས་ཨུ་ཚུགས་ཆེན་པོས་འདྲི་བགྲོའང་བྱེད་སྐབས་བྱུང་འདུག

          ང་ནི་རང་གཞན་སུས་བཤད་ཀྱང་རུང་མ་བཤད་ཀྱང་རུང། རྫོགས་པ་ཆེན་པོའི་སྐོར་ལ་བློ་སྦྱོང་གང་ཐུབ་ཐུབ་བྱེད་མཁན་ཞིག་ཡིན། སྔོན་གྱི་ལས་འཕྲོ་ལྟ་བུས་ཆུང་ངུའི་དུས་ནས་ལམ་ཟབ་མོ་དེ་དང་འབྲེལ་འཕྲད་བྱུང་བར་མ་ཟད་ལམ་ཟབ་མོ་དེ་ལ་ངེས་ཤེས་ཡང་དག་པའང་རྙེད་པ་ཡིན།
ངས་སློབ་མ་ཚོར་བསྟན་རྒྱུའང་། ང་རང་ལ་ཡིད་ཆེས་གང་ཡོད་པ་དང་། གང་ཤེས་པ་དེ་ཙམ་ལས། མ་ཡིན་ཡིན་མདོག་གང་ཞིག་ཀྱང་བྱེད་ཀྱི་མེད། ངའི་སློབ་མའི་གྲས་ནས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ལ་གོ་རྟོགས་སྐྱོན་མེད་ཙམ་ཆགས་པ་ཕལ་ཆེར་སྟོང་ཕྲག་ཟིན་ཉེ་ཞིག་ཡོད། དེ་ཚོ་ཕལ་ཆེ་བ་ནི། ནམ་མཁའི་ནོར་བུ་ཆོས་པ་ཡིན་ནམ་བོན་པོ་ཡིན་པ་ལ་རེ་དྭོགས་ཏིལ་འབྲུ་ཙམ་ཡང་མེད་པ་ནམ་མཁའི་ནོར་བུ་དང་། ནམ་མཁའི་ནོར་བུས་བསླབས་པའི་རྫོགས་ཆེན་གྱི་ལྟ་དགོངས་ནང་བཞིན་རེད། གང་ལ་ཟེར་ན། ལམ་རྫོགས་པ་ཆེན་པོའི་དབང་དུ་བྱས་ན། ལམ་གྱི་ངོ་བོ་ནི་ལྟ་བ་ཡིན་ལ། ལྟ་བ་ཞེས་པ་དེ་ནི་གྲུབ་མཐའི་ཕྱོགས་སུ་མ་ལྷུང་། ཕྱོགས་གང་དུའང་རྒྱར་མ་ཆད་པ། དེའང་ཁ་ནས་རིས་མེད་དང་ཕྱོགས་མེད་ཟེར་གྱིན་ཟེར་གྱིན་ལ་ང་དང་ཁྱོད། དགྲ་དང་གཉེན་ཧྲང་ཧྲང་པོ་རེ་ཁོག་པར་བཅངས་པ་དེ་འདྲ་མ་ཡིན་པར། ལྟ་བ་རྟོགས་པ་དང་འབྲེལ། རྟོགས་པས་སྤྱོད་པའི་གཞི་བཟུང་ཞིང་། སྤྱོད་པ་ལྟ་བ་ལས་མ་འདས་པ་དེ་འདྲ་བ་ལ་ལམ་རྫོགས་པ་ཆེན་པོ་ཟེར་བ་ཡིན། ངའི་བླ་མས་ཀྱང་དེ་འདྲ་ཞིག་བསླབས་བྱུང་། ངས་དེ་འདྲ་ཞིག་གོ །རྫོགས་ཆེན་གྱི་རྒྱུད་གཞུང་རྣམས་ནས་ཀྱང་དེ་འདྲ་རྐྱང་མཐོང། དེ་འདྲ་ཡིན་སྟབས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཕྱོགས་དང་རིས་སུ་མ་ཆད་པ་ཐམས་ཅད་རང་རིག་པའི་རྩལ་དུ་ཡོངས་སུ་རྫོགས་ཆོག་པ་ལ། བོན་པོ་ཕར་གཅད་དགོས་པ་གང་ཞིག་ཀྱང་མ་མཐོང་། དེར་མ་ཟད་བོན་གྱི་ཁོངས་སུའང་ཞང་ཞུང་སྙན་བརྒྱུད་གཙོས་པའི་རྫོགས་ཆེན་གྱི་གདམས་པ་ཟབ་མོ་དུ་མ་ཞིག་བཞུགས་བཞིན་པ་དང་། དེའང་བཞུགས་པ་ཙམ་དུ་མ་ཟད་གདམས་པའི་བརྒྱུད་པ་མ་ཆད་པ། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ། ཕྱིས་བྱོན་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་ལ་དཔེར་མཚོན་ན་གྲུབ་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་(1859-1935)མཆོག་ཡུལ་མི་གྲོང་འཁོར་ཀུན་གྱི་ཐུན་མོང་བའི་སྣང་ངོར་མངོན་སུམ་དུ་འཇའ་ལུས་འོད་སྐུར་ཕེབས་པས། ཟབ་ལམ་བཞུགས་ངེས་པའི་བདེན་དཔང་བྱུང་བ་དེ་ལྟར་ན། ནམ་མཁའི་ནོར་བུ་བོན་པོ་ཡིན་དུ་ཆུགས་ཀྱང་མ་འགྲིགས་པ་ཅི་ཞིག་ཀྱང་མེད།
ང་དང་ངའི་སློབ་མ་ཚོར། “རྫོགས་ཆེན་འདུས་སྡེ།” ཞེས་རྫོགས་ཆེན་གྱི་ཐ་སྙད་ཡོད་པ་དེ། གཙོ་ཆེར་ང་ཚོས་རྫོགས་པ་ཆེན་པོའི་གདམས་པ་ལ་བློ་སྦྱོང་བ་དེའི་རྒྱུ་མཚན་གྱིས་ཡིན་མོད། དེ་ཙམ་དུ་མ་ཟད་རྫོགས་པ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་རྒྱར་མ་ཆད། ཕྱོགས་སུ་མ་ལྷུང་བ་ཞིག་ཡིན་སྟབས། མིང་དེ་སྐད་དུ་གྲགས་པའང་རྒྱར་མ་ཆད་པ་ཞིག་ཏུ་ཤེས་ཐུབ། དེ་ནི་ང་ཚོས་“སངས་རྒྱས་པའི་ཆོས་ཚོགས་”ཟེར་བའམ། “ནང་པའི་ཆོས་ཚོགས་”ཟེར་བ་ལྟ་བུ་ཐེག་པ་གོང་འོག་དང་གྲུབ་མཐའི་རིས་མ་ཕྱེས་པ་དེ་ལས་ཀྱང་ཁྱབ་ཆེ་བ་ཞིག་ཡིན། གང་ལ་ཟེར་ན། སངས་རྒྱས་པ་དང་། ནང་པ་ཟེར་མཁན་དེ་ཚོས། བོན་པོ་སངས་རྒྱས་པ་མ་ཡིན་པ་དང་། ནང་པ་མ་ཡིན་པར་ངོས་བཟུང་ནས། “ནམ་མཁའི་ནོར་བུ་བོན་པོ་རེད།” ཅེས་དང་། “ནམ་མཁའི་ནོར་བུ་མུ་སྟེགས་པ་རེད།” ཅེས་ཨུ་ཚུགས་གང་ཆེས་ལབ་ལབ་བཏང་བ་དེ་ག་རེད།
དེ་འདྲ་ཡིན་སྟབས། ང་ལ་ནི་ངས་སྨྲས་ཅི་འདྲ་ཞིག་བྱས་ནའང་། ངའི་གནས་ཚུལ་ལ་འཕོ་འགྱུར་དང་ཕན་གནོད་རྡུལ་ཙམ་ཞིག་ཀྱང་མ་མཆིས་ཤིང་། དེ་ལ་འཁོན་དུ་འཛིན་པའམ། བློ་ཕམ་སྐྱེ་བ་སོགས་གང་ཞིག་ཀྱང་མེད་ངེས་ཡིན་ནའང་། མི་སུའང་རུང་བས་ང་ལ་ངན་སྨྲས་སུ་བསམ་ནས་ལབ་ལབ་མང་པོ་བྱུང་རྒྱལ་དུ་བཏང་བ་དེ་དག་ནི། དངོས་དོན་དུ་ཆོས་པ་ཡིན་ཀྱང་ཆོས་ཀྱི་དོན་ལས་རིང་དུ་ཕྱིན། རང་མགོ་རང་རྡུང་གི་ཐོ་བ་རང་གིས་བཟོ་བ་ཡིན་སྟབས་བསམ་མནོ་ལན་དགུར་བཏང་། བག་ཡོད་པའི་སྒོ་ནས་རང་གཞན་ཀུན་ལ་ཕན་ཡོད་རེ་བྱས་ན་ཕན་པ་དང་དགེ་མཚན་ཆེ་བ་ཡིན།
འཛམ་བུའི་གླིང་འདིར་ཡུལ་ལུང་གང་དང་མི་རིགས་སུ་ཞིག་ཡིན་ཀྱང་རུང་། ཡུལ་དེ་དང་མི་རིགས་དེའི་རྟེན་གཞི་ནི་མི་རིགས་ཀྱི་ཤེས་རིག་དང་། དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་སྐོར་རྣམས་ཡིན། དེ་ཡང་ཤེས་རིག་ཡོད་ཙམ་དང་ལོ་རྒྱུས་ཡོད་ཙམ་པ་ཞིག་ལ་ཟེར་བ་མིན། ཤེས་རིག་དང་ལོ་རྒྱུས་བག་ཙམ་རེ་མེད་མཁན་སུ་ཞིག་ཀྱང་མེད། འོན་ཀྱང་རྒྱལ་ཡོངས་མི་རིགས་ཤེས་ཡོན་ཅན་རྣམས་ནས་སློབ་གཉེར་དང་དོ་སྣང་ངེས་པར་དུ་བྱེད་འོས་ཀྱི་ཚད་གཞི་ལྡན་པའི་ཤེས་རིག་དང་ལོ་རྒྱུས་གང་བྱུང་བྱུང་ནས་རྙེད་ཆོག་པ་ཞིག་མེད། དེས་ན་ཤེས་རིག་ལའང་རིན་ཐང་གི་ཚད་གཞི་ངེས་པ་ཅན་ཞིག་དང་དེ་ལས་ལྡོག་པ་ལོ་རྒྱུས་ཀྱིས་ཕན་ཐོགས་པ་དང་ཕན་མི་ཐོགས་པའི་རིགས་གཉིས་སུ་ཡོད་པ་དག་ཁ་ཚོན་ལེགས་པར་ཆོད་དགོས་པ་ཡིན།
བོད་ཀྱི་མི་རིགས་ཡུན་དུ་གནས་དང་མི་གནས་ཀྱི་རྩ་གཞི་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པ་ཁུངས་ཐུབ་ཡང་དག་པའི་ཤེས་རིག་དང་ལོ་རྒྱུས་ཀྱི་སྐོར་རྣམས་འཛིན་སྐྱོང་ཐུབ་དང་མི་ཐུབ་པ་ལ་རག་ལས། དེའང་ཤེས་རིག་དང་ལོ་རྒྱུས་རང་རྐྱ་ཐུབ་པ་ཞིག་འཛིན་སྐྱོང་ཐུབ་དང་མི་ཐུབ་པ་ལ་རག་ལས་པ་ཡིན།
བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་སྐོར་དེ་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་པའི་དུས་བར་དུ་འགྲོ་ཐུབ་པ་དེས་བོད་ཀྱི་ཤེས་རིག་དང་། ལོ་རྒྱུས་ཀྱི་ཁུངས་དེ་ལོ་རྒྱུས་ཡོད་པ་ནས་བཟུང་ད་ལྟ་ཆུ་ཕོ་ཁྱིའི་ལོ་འདིའི་བར་མི་ལོ་སུམ་སྟོང་བརྒྱད་བརྒྱ་སོ་དགུ་འདས་པ་བསྟན་ཐུབ་ཀྱི་ཡོད། དེའི་སྐོར་ལོ་དུས་ཞིབ་གསལ་ནི་གཞུང་འདིར་བོན་གྱི་བྱེ་བྲག་སྐོས་ཤེས་རྩིས་མཁན་བཤད་པའི་སྐབས་ ཤ༽ ༣༦༦-༣༦༩ གསར་པོར་བསྟན་ཡོད།
ཚུལ་དེས་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱིས་སྐོར་རྣམས་འཛམ་གླིང་གི་ཤེས་རིག་དང་ལོ་རྒྱུས་གར་སྟེགས་མཐོན་པོའི་སྒང་ལ་ལེགས་པར་འདེགས་ཤིང་། རྒྱལ་སྤྱིའི་ཤེས་ཡོན་ཅན་རྣམས་ནས་སློབ་གཉེར་དང་འབྲེལ་བས་དོ་སྣང་བྱེད་དགོས་ངེས་པ་ཤིག་ཏུ་ཆགས་ཤིང་དེའི་མཐུ་དབང་གིས་བོད་ཀྱི་མི་རིགས་འདིའང་ཤེས་རིག་དང་ལོ་རྒྱུས་ཀྱི་གནས་ཚད་རིང་ཐང་ཚད་མེད་པ་དང་ལྡན་པའི་མི་རིགས་ཤིག་ཡིན་པའི་སྐོར་ལ་ངེས་ཤེས་རྙེད་ཐུབ་པ་དང་། དེའི་བདེན་དཔང་མངོན་གསལ་དུ་སྟོན་ཐུབ་པ་ཞིག་འབྱུང་བ་ཡིན།
ཚུལ་འདི་དག་ནི་རང་ཅག་བློ་སེམས་གུ་དོག་པོས་ནང་ཁུལ་ཕན་ཚུན་དུ་ཆགས་སྡང་གི་ངན་སྨྲས་དཀྲུགས་རྐྱེན་བྱེད་པ་དེ་དག་ལས་རིན་ཐང་ཆེས་ཆེ་ཞིང་། རང་གཞན་ཚང་མ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་འབྲས་བཟང་འབྱིན་པའི་རྒྱུ་བཟང་པོ་ཞིག་ཡིན་ངེས་པར་མ་ཟད། མ་འོངས་པའི་མི་བརྒྱུད་ལའང་མེད་དུ་མི་རུང་བ། གནའ་གཏམ་དུ། “ཕ་བཟང་པོའི་བཞག་པ་“ ཟེར་བ་དེ་དངོས་བདེན་འདི་འདྲ་ཞིག་ལ་ཟེར་བ་ཡིན། དེ་འདྲ་ཡིན་སྟབས་བོད་མིའི་ཤེས་རིག་དང་ལོ་རྒྱུས་བཅས་པར་དོ་སྣང་དང་ལྡན་ཞིང་། དེའི་ལ་རྒྱ་ལ་སྨན་པའི་རེ་འདོད་དང་བཅས་པ་གང་སུའང་རུང་བ་རྣམས་ནས། ཆོས་ལུགས་དང་ཡུལ་རིས་སོགས་ཀྱི་གཞི་རྩའི་ཐོག་ནས་དོན་མེད་པའི་བཤད་ཡམ་དཀྲུགས་རྐྱེན་གྱི་རིགས་དང་། དགོས་མེད་འབྲས་མེད་ཀྱི་ཞེན་གོག་ཆོས་དང་ཡང་མི་མཐུན་འཇིག་རྟེན་དང་ཡང་མི་མཐུན། ཀུན་དང་ཡང་མི་མཐུན་པར་རང་ཕུང་། གཞན་ཕུང་ཀུན་ཕུང་བ་དེ་ཚོ་ཕར་ཙམ་ན་བཞག དགོས་ངེས་པ་མི་རིགས་རང་གི་ཤེས་རིག་དང་ལོ་རྒྱུས་ཀྱི་སྐོར་ལ་དོ་སྣང་སྣ་རེ་ལས་མ་བྱུང་ནའང་དྲང་ཞིང་འོས་པའི་སྒོ་ནས་གང་ཟབ་ཟབ་རེ་བསྐྱེད། དོ་སྣང་དེའང་ཤེས་རིག་དང་ལོ་རྒྱུས་གང་ཞིག་གིས་མི་རིགས་ཀྱི་ཤེས་རིག་དང་ལོ་རྒྱུས་དངོས་སུ་མཚོན་ཐུབ་པ་ལ་ཕན་པ་དང་གང་ཞིག་གིས་དེ་དག་མཚོན་མི་ཐུབ་ཅིང། ཤེས་རིག་དང་ལོ་རྒྱུས་ཀྱི་ཁུངས་ལ་གནོད་རྐྱེན་བྱེད་པ་འདི་གཉིས་ཁ་ཚོན་གསལ་པོར་ཆོད་པའི་སྒོ་ནས་སྐབས་ཐོབ་སོ་སོའི་དགོས་པ་དོན་ལ་དྲིལ་ཤེས་པ་ཞིག་ཅི་ནས་ཀྱང་དགོས་ལག་ཆེ་བར་མཐོང་།
ཁོ་བོས་ཨུ་ཚུགས་དང་སྡུག་རུས་ཀྱིས་བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་ཁུངས་སྟོན་པ་དང་། དེ་དག་མུ་མཐུད་ཅིང་ཡུན་གནས་ལ་སྨན་རེས་འབྲི་རྩོམ་བྱས་པའི་དཔེ། གཟིའི་ཕྲེང་བ་དང་། ནོར་བུའི་དོ་ཤལ། སྒྲུང་ལྡེའུ་བོན་གསུམ་གྱི་སྐོར་འདི་དག་ཀྱང་། ནམ་མཁའི་ནོར་བུ་བོན་པོ་ཡིན་མིན་དཔྱད་བྱེད་དམ། བོན་པོ་འགས་མཐོང་ནས། “རྙིང་མ་བ་བོན་ལས་ཆོས་སུ་བཅོས་ཟེར་བ་དེ་བདེན་ནོ་” ཟེར་ནས། རྙིང་མ་བ་རྣམས་ལ་གཤེ་བ་བྱེད་པའི་ཡོ་ཆས་སུ་བེད་སྤྱོད་པ་འདྲ་བོ་དང་། བན་དེ་ནང་ཁུལ་དུ། གསར་མ་བ་ཚོས། “འོ་ད་ག་ཡིན་རྙིང་མ་བ་ཚོ་བོན་པོ་གཅིག་པ་རང་རེད་འདུག ང་ཚོ་ནི་གཙང་གཙང་མ་གསེར་གྱི་མེ་ལོང་གཡའ་མེད་པ་འདྲ་བོའམ། ཤེལ་སྒོང་དྲི་མ་དང་བྲལ་བ་འདྲ་པོ་སྟོན་པའི་བསྟན་པ་ཡང་དག་པ་ཡིན་ནོ།།” ཞེས་རྙིང་མ་བ་རྣམས་ལ་གཤེ་གཤེ་གཏོང་བྱེད་དེ་འདྲ་ལྐུགས་མདོག་ཁ་བའི་ཡོ་ཆས་སུ་མི་བྱེད་པར་ཇི་ལྟར་ནད་པས་སྨན་བསྟེན་པ་དེ་ལུས་ཀྱི་ནད་སེལ་བའི་ཆེད་དུ་ཡིན་པ་ལྟར་བེད་སྤྱོད་བྱེད་སྟངས་དང་བྱེད་ཡུལ་མ་ནོར་བ་ཞིག་དགོས།
རང་རེས་ཕྱོགས་ཞེན་དང་བྲལ་བའི་སྒོ་ནས། ཆེས་ཡུན་རིང་བའི་དུས་ནས་ཞང་བོད་ཀྱི་ཡུལ་ཁམས་རྣམས་སུ་བོན་གང་ཞིག་དར་བ་དང་། བོན་དེའི་ཁུངས་སུ་ཤེས་རིག་ཅི་དང་ཅི་འདྲ་བ་ཞིག་ཡོད་པ་དང་། དེ་དག་གི་རྣམ་པ། ཡིན་ཚུལ། བྱེད་ལས། དུས་རབས་འཕོ་འགྱུར་གྱི་ནང་དུ་དེ་དག་གནས་པའམ། འགྱུར་བའམ། སྟོང་པ་སོགས་ཇི་ལྟར་གྱུར་ཡོད་པ། ད་ལྟའི་དུས་སུ་དེ་དག་ལས་བྱུང་བའི་ཤེས་རིག་གང་དག་ཡོད་པ་སོགས་ཀྱི་སྐོར་འཚོལ་ཞིབ་ཡང་དག་པ་རེ་བྱེད་ཐུབ་ཅིང་། དེ་ལྟ་བུའི་རིན་ཐང་ཆེ་བའི་ཤེས་རིག་དེ་དག་འཛིན་སྐྱོང་བྱེད་ཐུབ་པ་ཡིན་ན། བོད་མིའི་ཤེས་རིག་གི་ལ་རྒྱ་ལ་དགེ་ཕན་དེ་ལྷག་ཅི་ཞིག་ཀྱང་མེད་ངེས་པ་ཡིན་པས། ཁོ་བོས་བྲིས་པའི་དཔེ་རྣམས་ཚུལ་འདི་དག་གི་ཆ་རྐྱེན་དུ་བྱེད་སྤྱོད་བྱེད་དགོས་པ་ཡིན།
སྒྲུང་ལྡེའུ་བོན་གསུམ་གྱི་སྐོར་གྱི་གཞུང་འདི་རྩོམ་སྒྲིག་བྱེད་པ་པོ་ནི། ཡུལ་མདོ་ཁམས་སྡེ་དགེར་སྐྱེས་ཤིང་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་པའི་རྫོགས་ཆེན་པ་ནམ་མཁའི་ནོར་བུ་ཡིན་ལ། གནས་ནི་ཨི་ཏ་ལི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཕོར་མི་ཡ་རྒྱ་མཚོའི་ངོགས་ཀྱི་གནས་ཁང་བཀྲ་ཤིས་འཁྱིལ་པ་དང་། དུས་ནི་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱི་ཡི་ལོ་(༡༩༨༢)སྨིན་དྲུག་ཟླ་བའི་ཚེས་པ་ཉེར་གསུམ། རང་གི་སྐྱེས་སྐར་ཉིན་ཡོངས་སུ་གྲུབ་པར་བྱས་པ་ཡིན།
ཁོ་བོས་འབྲི་རྩོམ་བྱས་པའི་དཔེ་འདིར་དོ་སྣང་བྱེད་མཁན་དེ་དག་ནི་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་ལ་རྒྱ་ལ་དོ་སྣང་ཡོད་ངེས་ཅན་ཞིག་ཏུ་ངེས་སྟབས། གཞུང་འདི་དང་། ཁོང་ཚོའི་སློབ་གཉེར་གྱི་གཞི་རྩའི་འོག་བོད་ཀྱི་གནའ་བོའི་ཤེས་རིག་དང་། ལོ་རྒྱུས་སྐོར་རྣམས་འཚོལ་གཞིག་མཛད་པ་བཅས་ལ་བརྟེན་ནས་འབྱུང་འགྱུར་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་ཆུ་ཚད་མཐོན་པོར་འདེགས་ཐུབ་པའི་རེ་བ་དང་། དེ་ལ་བརྟེན་ནས་འབྱུང་འགྱུར་བོད་ཀྱི་མི་རིགས་དེ་དག་གིས་ཀྱང་རང་གི་ཤེས་རིག་དང་ལོ་རྒྱུས་ལ་ངེས་པ་རྙེད་ཅིང་། འཛམ་གླིང་ནང་བོད་མིའི་ཡིན་ལུགས་ཀྱི་ཚུལ་རྣམས་མི་རིགས་དེའི་ཤེས་རིག་དང་ལོ་རྒྱུས་ཀྱིས་གསལ་པོར་ར་སྤྲོད་བྱས་པར་བརྟེན། མི་རིགས་བར་གྱི་མཛའ་འབྲེལ་དང་། ཤེས་རིག་དེའི་སྒོ་ནས་མི་རིགས་གཞན་དག་ལའང་ཕན་པ་རྒྱ་ཆེན་པོ་འབྱུང་བའི་སྨོན་ལམ་བཟང་པོའང་ཞུ་གི་ཡོད།
གཞུང་འདིར་མ་རྟོགས་པ་དང་། ལོག་པར་རྟོག་པ། འགལ་བ་འདུ་བ་སོགས་ཅི་ཞིག་ཡོད་པ་དེ་ཀུན། མཁས་དབང་དམ་པ་རྣམས་ནས་རིམ་གྱིས་འཚོལ་གཞིག་ཡང་དག་པ་གནང་བའི་སྒོ་ནས། བོད་ཀྱི་ཤེས་རིག་དང་ལོ་རྒྱུས་འདི་བཞིན་རྣམ་པར་དག་པའི་མདུན་ལམ་དུ་བསྐྱོད་པའི་སླད་དུ་དག་བཅོས་ཀྱི་ལེའུ་ཚན་འབྲི་རྩོམ་དང་། ཁ་གསབ་གང་འོས་གནང་སྐྱོང་ཡོད་པའང་ཞུ་སྤྲོ། གཞུང་འདིར་དོ་སྣང་གནང་མཁན་ཀུན་ལ་གུས་འདུད་བཀྲ་ཤིས་བདེ་ལེགས་དང་བཅས་ནམ་མཁའི་ནོར་བུས།།
རྩོམ་ཡིག་འདི་ནམ་མཁའི་ནོར་བུས་བརྩམས་པའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ། ཞེས་པ་དེའི་སྔོན་བརྗོད་ཅིག་ཡིན་ཅིང་དགོས་དབང་གིས་ཟུར་དུ་བཀོད་པ་པོ་ཁྱུངཿསྨོན་ལམ། ༢༠༡༦།༡།༨

No comments:

Post a Comment