Sunday, January 10, 2016

སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་དང་པོ།



༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།
མཆོད་བརྗོད་དང་གླེང་གཞི།
རིང་ནས་རྨོངས་པའི་འཆིང་བས་བསྡམས་པའི་འགྲོ། །
སྡུག་བསྔལ་རིམས་ཀྱིས་མནར་བའི་ཟུག་རྔུ་ལས། །
སྐྱོབ་མཛད་ཕན་བདེ་བདུད་རྩི་རྒྱ་མཚོའི་གཏེར། །
མཆོག་གསུམ་དམ་པས་འགྲོ་རྣམས་བསྲུང་དུ་གསོལ། །

ངེས་དོན་རྟོགས་པའི་བློ་གྲོས་གྲུབ་པའི་བཤེས། །
སྔར་བྱོན་དམ་པ་གོང་མའི་སྤྱན་སྔ་རུ། །
བསྟན་དང་དེ་འཛིན་བུ་བཞིན་བསྐྱང་ངོ་ཞེས། །
ཞལ་བཞེས་གནང་བ་སྲུང་མས་ཤིས་པ་སྩོལ། །

 སྔ་རབས་བོད་དུ་ཆེ་གཉན་བཙན་པའི་རྒྱལ། །
རིམ་པར་བྱོན་པས་བཞག་པའི་ལམ་ལུགས་ནི། །
རྟགས་ཀྱིས་དཔག་སྟེ་སྔོན་མའི་ཚུལ་འདི་ཞེས། །
ཇི་ལྟར་རྟགས་དང་ལུང་དོན་བཀྲལ་ནས་བཤད། །

ཚད་ཐུབ་གཞུང་བཟང་གནམ་རུ་བཀང་བའི་དཀྱིལ། །
དངོས་སྟོབས་རིགས་པའི་ཉག་ཕྲན་སྒྲོན་བྱས་ཏེ། །
ལོག་སྨྲའི་འབེན་ལ་ཕོག་པ་དངོས་པོའི་གཤིས། །
འཁྱོག་འགྲོའི་ངན་མཚང་བརྡོལ་ཡང་བྱ་ཐབས་ཅི། །

སྐབས་འདིར་གནམ་བསྐོས་མི་ཡི་དབང་པོའི་ཚོགས། །
གཟི་བརྗིད་དཔལ་ཡོན་ལྷ་ལ་འགྲན་པའི་ཚུལ། །
རྗེས་སྐྱེས་གདོང་དམར་གཞོན་ནུའི་ཁྱུ་རྣམས་ལ། །
ལེགས་བཤད་གཏམ་ཀྱི་སྐྱོས་མ་འདི་ཕུལ་ལོ། །
སྐབས་འདིར་གླེང་བར་བྱ་བ་སྔ་རབས་བོད་ཀྱི་ཚུལ་རྣམས་སྐྱར་ཟློས་སོགས་ཀྱིས་དབེན་ཞིང་འཆད་པ་ཡིན་ལ།

འགྲོ་བ་གྲོལ་ཚུལ།
༄༅། །དེའི་དང་པོ་ནི། སྤྱིར་འགྲོ་བ་མི་ཡི་གྲོལ་ཚུལ་བསྟན་པ་ནི། རྫོགས་པའི་སངས་རྒྱས་ཀྱི་སྐྱེས་རབས་རྣམ་ཐར་རྒྱས་པ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས་སྲས་ལུང་འདྲེན་གསལ་བ་ལ་གསུངས་པ། སྲས་སྤྲུལ་མདོ་ཇ་༢༡༩་་༡སྣོད་དང་བཅུད་གཉིས་སྲིད་ཚུལ་ལ། སྣོད་ནི་འབྱུང་བ་ལྔ་ལས་ཆགས། འབྱུང་བ་རིམ་ལྔ་མས་ཡར་བརྩེགས། བཅུད་ནི་སྲིད་པ་དག་ལས་བྱུང༌། འོད་གསལ་ལྷ་ལས་ཡས་མར་གྲོལ། ཞེས་དང་། བོན་ཉིད་བདེ་བ་ཆེན་པོའི་གནས། མ་རྟོགས་སེམས་ཅན་ལས་ཀྱིས་འཁྲུལ། ལས་ཀྱི་མ་རིག་རྐྱེན་དབང་ཅན། རང་དབང་མ་རྟོགས་གཞན་དབང་གྱུར། མ་རིག་ཉོན་མོངས་དུག་ལྔ་ཡི། ཁམས་གསུམ་འཁོར་བའི་རྒྱུར་གྱུར་ནས། སྡུག་བསྔལ་ཉོན་མོངས་སྦྱངས་པ་ལ། དབྱིངས་དང་ཡེ་ཤེས་ཐུགས་རྗེ་ཡིས། སེམས་ཅན་ཐར་པར་དྲང་པའི་ཕྱིར། སྣོད་བཅུད་ཐུགས་རྗེ་སྲིད་ནས་སུ། འགྲོ་བ་འདྲེན་པའི་དཔལ་གྱུར་ཏེ། ཞེས་དང་། མ་རིག་རྨོངས་པར་གྱུར་པ་ལ། རིག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར། ཡེ་སྲིད་འཕྲུལ་གྱི་རྒྱལ་པོ་ཡིས། རྒྱུ་མཐུན་སྲིད་པ་བསྐྱེད་པར་མཛད། དབྱིངས་ནས་ཐུགས་རྗེ་འབྱུང་བའི་གནས། དབྱིངས་ཉིད་ཀུན་ཏུ་བཟང་པོ་ཡིས། མ་གཡོས་བོན་ཉིད་དབྱིངས་ཆེན་ལས། གཡོ་བའི་ཡེ་ཤེས་འོད་ལྔ་ཤར། འོད་ལྔ་རང་བཞིན་མཁའ་ལ་གསལ། མཁའ་གསལ་བོན་ཉིད་ལྷུན་ལ་རྫོགས། རྫོགས་སྐུ་ཚོན་གང་ངོ་བོ་ཉིད། ཞེས་དང་། དེ་ལ་ཡེ་སྲིད་རྒྱལ་པོ་ཡིས། སངས་པོ་འབུམ་ཁྲི་ཞེས་སུ་བཏགས།ཞེས་དང་། འགྲོ་བ་གང་ལ་གང་འདུལ་གྱི། ཐུགས་རྗེ་ཐབས་དང་ལྡན་པའི་ཕྱིར། སངས་པོ་འབུམ་ཁྲི་སྤྲུལ་པའི་ཡབ། འོད་ལྔའི་སྙིང་པོ་ཀློང་དུ་འདྲིལ། ཀློང་དུ་འབྱུང་བའི་ཡུམ་དུ་བསྐྱེད། དབྱལ་གྱི་མོ་བཙུན་བཟང་མོ་ལ། ཞེས་དང་། དེ་ལ་ཡེ་སྲིད་རྒྱལ་པོ་ཡིས། མ་མ་གུང་ཁྲི་ཁྲི་མ་གསལ། སྲིད་པའི་རྒྱལ་མོ་ཞེས་སུ་བཏགས། ཞེས་དང་། འཁོར་བའི་སེམས་ཅན་དོན་མཛད་ཕྱིར། རང་བཞིན་མཁའ་གསལ་ཕོ་བྲང་གི ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ། རྫོགས་སྐུ་གཤེན་ལྷ་འོད་དཀར་དང་། ཐབས་དང་ཐུགས་རྗེ་འབྲེལ་བར་བཞུགས། ཞེས་དང་། སངས་པོ་ཡབ་ཀྱི་སྤྲུལ་པ་ལས། ཐབས་ཀྱི་སྤྲུལ་པ་སྣ་ཚོགས་བསྟན། སྲིད་པ་ཡུམ་གྱི་སྤྲུལ་པ་ཡི། ཤེས་རབ་རྫུ་འཕྲུལ་སྣ་ཚོགས་བསྟན། ཐབས་དང་ཤེས་རབ་སྤྲུལ་པ་ལས། ལྷ་གཤེན་སྲིད་པའི་ཐུགས་རྗེ་ཡིས། འགྲོ་བ་ཐར་པར་དྲངས་པ་དང༌། སྣོད་བཅུད་སྟོང་པའི་རང་བཞིན་ལ། མེད་ལ་ཡོད་པར་སྲིད་པ་དང་། སྟོང་ལ་གང་བར་སྲིད་པ་དང་། སོགས་ནས། ཐབས་ཆེན་སྲིད་པ་སྡེ་བཅུ་ཡིས། འགྲོ་བ་ཁ་ལོ་བསྒྱུར་བའི་ཕྱིར། ཡེ་སངས་སྲིད་པའི་གནས་མཆོག་ཏུ། ཐབས་མཆོག་སྲིད་པ་འབུམ་ཁྲི་དང་། སྲིད་པའི་རྒྱལ་མོ་བྱ་བར་སྤྲུལ། མཁའ་ཀློང་ཡངས་པའི་བར་སྣང་ལ། གནམ་གྱི་ལྷ་རྒོད་ཐོག་པ་དང་། འགྲན་གྱི་ཟླ་མེད་བྱ་བར་སྤྲུལ། རྫུ་འཕྲུལ་ཀློང་གི་ས་གཞི་ལ། སངས་པོ་འབུམ་ཁྲི་བྱ་བ་དང་། ཆུ་ལྕམ་རྒྱལ་མོ་བྱ་བར་སྤྲུལ། ནམ་མཁའ་སྟོང་པའི་དབྱིངས་རུམ་དུ། ཁྲི་བཞི་ནམ་ཏིང་བྱ་བ་དང་། ཐུགས་རྗེ་བྱམས་མ་བྱ་བར་སྤྲུལ། བཅུ་གསུམ་དགུང་གི་ཡང་ཐོག་ཏུ། ཤེལ་ཝེར་སྤུག་གེ་ཆེན་པོ་དང་། འོད་ཀྱི་ལྷ་མོ་བྱ་བར་སྤྲུལ། མཁའ་གསལ་འོད་ཀྱི་གཞལ་ཡས་སུ། ཇོ་བོ་རླུང་འདབ་བྱ་བ་དང་། ཇོ་མོ་གནམ་ཕྱི་བྱ་བར་སྤྲུལ། བསྐལ་པ་འཁོར་བའི་འཇིག་རྟེན་ན། ཁྲི་རྒྱལ་ཁུག་པ་བྱ་བ་དང་། བསྐོས་པ་ཏིང་ནམ་བྱ་བར་སྤྲུལ། ཀུན་ཁྱབ་ནམ་མཁའི་དབྱིངས་རུམ་ན། ཡོངས་ལ་ཁྱབ་པ་བྱ་བ་དང་། འཕྲུལ་གྱི་རྒྱལ་པོ་བྱ་བར་སྤྲུལ། ཡོངས་འདུས་ཤིང་གི་རྩེ་མོ་ན། འཕྲུལ་གཤེན་སྣང་ལྡན་བྱ་བ་དང་། བཟང་ཟ་རིང་བཙུན་བྱ་བར་སྤྲུལ། གླིང་བཞི་མེ་ཏོག་མཛེས་སྟེང་ན། ཡེ་སྨོན་རྒྱལ་པོ་བྱ་བ་དང་། རྫུ་འཕྲུལ་ལྷ་མོ་བྱ་བར་སྤྲུལ། དེ་ལྟར་ཡེ་སྲིད་རྒྱལ་པོ་དང་། ཡེ་སྲིད་འཕྲུལ་གྱི་རྒྱལ་མོ་ལ། དུས་དང་གནས་སྐབས་སྲིད་པ་ཡི། བླ་དྭགས་ཚིག་གི་མཚན་བཅུར་བཏགས། སྲིད་པ་ཡབ་ཡུམ་དེ་གཉིས་ཀྱི། སྲིད་པ་དེ་གཉིས་སྤྲུལ་པ་ལས། ཡོད་མེད་དགེ་སྡིག་སྲིད་པ་སྟེ། མུན་དང་སྣང་གི་སྲིད་པ་ལ། མུན་ལ་མེད་ཁམས་རྒྱལ་པོ་སྲིད། སྣང་ལ་སྣང་བ་འོད་ལྡན་སྲིད། དེ་ལས་དགེ་དང་སྡིག་ཏུ་སྲིད། དེ་ལས་དཀར་དང་ནག་ཏུ་སྲིད། འོད་རླུང་ནག་པོའི་སྤྲུལ་པ་ལས། མེད་ཁམས་གདུག་པའི་རྒྱུ་འབྲས་སྲིད། འོད་རླུང་དཀར་པོའི་སྤྲུལ་པ་ལས། ཡོད་ཁམས་དཀར་པོའི་སྤྲུལ་པ་ཆགས། ཞེས་དང་། སྲིད་པའི་མཛོད་ཕུགས་ལས། ལྡེབ་༦རྒྱུ་ལྔའི་བཅུད་ལས་སྒོང་གཉིས་སྲིད། དཀར་ནི་འོད་དང་ཟེར་ལས་བརྡོལ། ཡོད་ཁམས་སྲིད་པའི་རྒྱལ་པོར་གསལ། ནག་ནི་མུན་དང་འཐིབས་ལས་བརྡོལ། མེད་ཁམས་སྟོང་པའི་རྒྱལ་པོར་གསལ། མེད་པར་དགའ་བ་ཡོད་མི་སྦྱོར། ཚངས་པ་ཡབ་ནི་སྲིད་ལ་སྦྱོར། ཀློང་ན་གཡུ་མཚོ་སྔོན་མོར་སྲིད། མཚོ་དབུས་དབྱལ་མོ་གཅིག་སྲིད་པ། ཆུ་ལྕམ་རྒྱལ་མོ་སྲིད་པའི་ཡུམ། སངས་པོ་ཆུ་ལྕམ་གཉིས་སྲིད་པས། མིང་དགུ་སྲིང་དགུ་བཅོ་བརྒྱད་འཁྲུངས། སྤྲུལ་པ་དགུ་གཉིས་བཅོ་བརྒྱད་འགྱེད། ཅེས་དང་། མེད་ཁམས་སྟོང་པའི་རྒྱལ་པོ་དང་། མུན་ནག་འཐིབས་ཀྱི་བཙུན་མོ་བཤོས། ལྷ་སྲིན་མིང་སྲིང་བཅུ་དྲུག་བྱུང་། ཞེས་གསུངས་པ་ལྟར། ནང་བཅུད་སྒོ་ང་དཀར་ནག་གཉིས་ལས་རིགས་དྲུག་གྲོལ་ཚུལ་བཤད།
          གཞན་ཡང་བླ་ཆེན་དྲན་པས་མཛད་པའི་མཛོད་སྒྲ་འགྲེལ་ལས། ལྡེབ་༦༢ནས་དམུ་ཡད་ཀྱི་ལྷ་བཅོ་བརྒྱད་དེ། རྟ་ལྷ་དམར་པོ། གཡག་ལྷ་དུམ་པོ། བ་ལྷ་བཞོན་མོ། ལུག་ལྷ་གསང་པོ། ར་ལྷ་འཚེར་པོ། ཞེས་སོགས་དང་༌། ཡང་དེའི་འཕྲོ་ནས་ལྡེབ་༦༤ནས། ལྟོ་འཕྱེ་ནམ་བུ་ཐུང་དང་བཤོས། བུ་དགུ་གཅན་བཞི་བཅུ་གསུམ་བྱུང་། ཞེས་པ། སྟག་བུ་གཟིག་བུ་གཉིས། དོམ་བུ་དྲེད་བུ་གཉིས། འཕར་བུ་སྤྱང་བུ་གཉིས། དབྱི་བུ་གསའ་བུ་གཉིས། ཝ་མོ་ཚེའུ་སེར་དང་དགུའོ། །གཅན་བཞི་ནི། བྱ་གཅན་ཁྲ། བྱི་གཅན་ཟེ། སྲེ་མོང་།ཉ་གཅན་སྲམ། ཀླུ་གཅན་ཁྱུང་དང་བཞིའོ། །ཞེས་སོགས་ནས་ལྟས་ངན་མིང་སྲིང་དགུ། ལྷ་བདུད་མིང་སྲིང་ལྔ། ཡུལ་གདོན་མིང་སྲིང་དགུ། ཀླུ་བདུད་མིང་སྲིང་ལྔ། ས་བདག་མིང་སྲིང་དགུ། ས་སྲིན་ལྕམ་དྲལ་ལྔ༌། ཐེའུ་རང་སྤུན་དགུ། བྱུར་དང་མི་ལ་མིང་སྲིང་ལྔ། ལས་སོགས་པས་མི་དང་མི་མ་ཡིན་དང་། དུད་འགྲོའི་རིགས་གྲོལ་ཚུལ་བསྟན།
          མདོ་དྲི་མེད་ཇ་༢༢༤ལས། དེ་ནས་འགྲོ་བ་དྲང་བའི་ཕྱིར། ལྷ་དང་གཤེན་དང་སྲིད་པ་གསུམ། འགྲོ་བ་དྲང་ཕྱིར་རིམ་པར་བྱོན། སྲིད་པ་བར་དུ་སྲིད་པ་ལ། སྲས་ནི་ཕོ་དགུ་མོ་དགུ་དང་། དབོན་ནི་ཕོ་མོ་བཅོ་བརྒྱད་དེ། ཁམས་ནི་སུམ་ཅུ་སོ་དྲུག་དང་། སྟེང་ན་ལྷ་གར་རྟེན་གསུམ་དང་། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། གར་ནི་མཐུ་སྟོབས་སྤྲུལ་པ་ཡི། དབལ་གསས་དགུ་ཁྲི་དགུ་འབུམ་དང་། བདར་གསས་ཉིས་ཁྲི་ཆིག་སྟོང་དང་། འཐོར་གསས་སུམ་བརྒྱ་དྲུག་ཅུ་དང་། དབལ་མོ་ཉིས་ཁྲི་བདུན་འབུམ་སྟེ། རྟེན་ནི་ཕྱྭ་སྲིད་སྐོས་གསུམ་དང་། གང་ཆེན་སྲིད་རྗེ་འབྲང་དཀར་དང་། མ་ཧ་ཕྱྭ་རྗེ་རིང་དཀར་དང་། སྐོས་པ་སྐོས་རྗེ་འབྲང་དཀར་ཏེ། ལྷ་གར་རྟེན་དང་གསུམ་དུ་སྲིད། བར་ན་མི་སྨྲ་གཤེན་གསུམ་སྟེ། མི་ནི་ལྷ་ལས་མི་རུ་གྲོལ། ཁྲི་བཞི་རྒྱལ་ལས་འགྲོ་བ་སྟེ། དང་པོ་ལག་ན་གཞོང་ཐོག་དང༌། ཕོར་ཐོག་བྲེ་ཐོག་ཕུལ་ཐོག་སྟེ། ཤེད་ཅན་༼གླིང་བཞི་མིའི་རྩ༽ཤེད་བདག་ཤེད་བུ་དང་། ཤེད་ལས་བསྐྱེད་པ་འཁོར་ལོ་བསྒྱུར། གཡུང་དྲུང་ཁྱིམ་བདུན་དྲུམ་ཤིང་བཅུད། མེ་ཏོག་སྦུབས་གནས་མི་ལས་སོགས། རི་རབ་བང་རིམ་གནས་པ་དང༌། གླིང་བཞི་རི་བདུན་མི་རྣམས་སྲིད། སྨྲ་ནི་མི་འམ་ཅི་ལ་སྟེ། ལྗོན་པ་སྐྱེས་དྲུག་ཏིང་ཙུག་དང་། མགོ་བརྙན་ཅན་ལས་སོགས་པ་སྟེ། གླིང་ཕྲན་བརྒྱད་དུ་གནས་པར་སྲིད། གཤེན་ནི་འགྲོ་བའི་དོན་མཛད་དེ། རང་བཞིན་མཁའ་ལ་བྱོན་པ་དང༌། རྫུ་འཕྲུལ་ཀློང་དུ་བསྐྱེད་པ་དང་། ཐུགས་རྗེ་ཐབས་ཀྱིས་སྤྲུལ་པ་སྟེ། འགྲོ་བ་འདྲེན་པའི་དོན་ཆེད་དུ། ཕྱྭ་གཤེན་འཕྲུལ་གཤེན་སྲིད་གཤེན་དང་། སྣང་གཤེན་གྲུབ་གཤེན་གྲོལ་གཤེན་དང་། འགྲོ་བའི་དོན་མཛད་གཤེན་དུ་སྲིད། འོག་ན་འདྲེ་སྲིན་བྱུར་གསུམ་སྟེ། འདྲེ་ནི་ལྷ་ལ་འགྲན་དུ་ཚོལ། སྲིན་ནི་མི་ལ་བདུད་དུ་ཆེ། བྱུར་ནི་གཤེན་ལ་བར་ཆོད་རྩོམ། ལྷ་མེན་ལྷ་རུ་བརྫུ་བ་དང་། མི་མིན་མི་རུ་བརྫུ་བ་དང༌། ཕན་དང་གནོད་པའི་རང་བཞིན་ཅན། དབལ་ཡོག་ཁྲིན་དང་གཉེར་འོལ་མཚམས། དམུ་བདུད་བཙན་དང་སྲིད་སྐོས་ཕྱྭ། ལྷ་སྡང་བདུད་དུ་འབེབ་པ་སྟེ། ཟླ་ཉི་སྐར་དང་སྤྲིན་གཞའ་དལ། ཟེར་དང་ལོ་རྫི་མཁའ་ལ་རྒྱུ། ཀླུ་གཉན་རྒྱལ་དང་སྨན་གཟེད་སྲིད། འདྲེ་སྲིན་བྱུར་དང་གཤིན་རྗེ་ཆུད། དྲི་ཟ་གནོད་སྦྱིན་ཀླུ་དབང་དང༌། གདུག་པ་ཞེ་ངན་ས་བདག་ཚོགས། གདུག་རྩུབ་ལྷ་མིན་སྡེ་རུ་སྲིད། ཞེས་གསུངས་པས། དེ་ལ་ཁ་ཅིག་ན་རེ། གོང་གི་གཡེན་སྡེ་རྣམས་མེད་དེ། མིས་མ་མཐོང་ངོ་ཞེས་སོགས་ཟེར་ན། དེ་ནི་རིགས་ཀྱི་དབང་གིས་བསྐལ་དོན་དུ་སོང་བ་ཡིན་པས། མིས་མ་མཐོང་ན་མེད་པས་མ་ཁྱབ་བོ། །
          གཞན་ཡང་འདི་འདྲ་སྨྲ་བས། ཚད་མ་མངོན་སུམ་གཅིག་པུར་འདོད་པའི་ལུགས་སོ། །ལུང་འདི་རྣམས་ཀྱི་བརྗོད་དོན་དང་བསྟུན་ནས། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་དབང་གིས་རིགས་དྲུག་གི་འགྲོ་བ་བྱུང་ཞིང་དེ་ཡང་ཕྱི་རོལ་པའི་འདོད་པ་ལྟར་གྱི་འཇིག་རྟེན་བྱེད་པོས་བྱས་པ་འདོད་པའི་ལོག་རྟོག་ལྡོག་པའི་ཆེད་དུ་དྲང་ངེས་གཉིས་ཀྱི་ལམ་བཟང་ལ་བརྟེན་ནས་ཕ་རོལ་པོའི་འདོད་པ་དང་མཐུན་པ་ལྟ་བུའི་དྲང་དོན་སྣོད་བཅུད་ཀྱི་བཀོད་པ་ཐ་སྙད་ཙམ་དུ་སྲིད་པའི་རྐྱེན་ལ་བརྟེན་ནས་བྱུང་བ་ལྟར་བཤད་ནས་ངེས་དོན་དུ་རང་དབང་གིས་གྲུབ་པའི་བྱེད་པོ་མེད་པས་སྤྱི་ཁེགས་པས་བྱེ་བྲག་ཤུགས་ལ་ཁེགས་པ་ཡིན་པས་ནང་སྲིད་པས་སྣོད་བཅུད་ཀྱི་བཀོད་པ་སྤྲོས། ལྷ་ཆེན་གཤེན་ལྷའི་ཐུགས་རྗེ་ལ་བརྟེན་མཆོག་གི་སྤྲུལ་སྐུ་རྣམ་འདྲེན་བརྒྱ་པའི་མགོན་པོ་སྤྲུལ། བདེར་གཤེགས་དེ་རྣམས་ཀྱི་གནས་ལུགས་དང་སྐྱེ་གནས་འཇིགས་པ་ཐམས་ཅད་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ལས་འདས་ས་མེད་པས་དེ་ལ་དབྱིངས་ཀྱི་ཡུམ་ས་ཏྲིག་ཨེར་སངས་ཞེས་བརྗོད་པས་དོན་ལ་འགྲོ་བའི་ཚེ་ཡི་དམིགས་རེ་ལ་ལྷ་མོ་ལྷ་ཆེན་སྲིད་པ་གཤེན་རབ་བཅས་བཞི་རེ་ངེས་པར་འབྱུང་བ་ཡིན་ནོ། །
          འོ་ན་མདོ་ལས་སྟོན་པའི་རང་བཞིན་དཀོན་ན་བཙུན། བསྟན་པ་གཅིག་ལ་སྟོན་པ་གཅིག གླིང་བཞི་གཅིག་ལ་ཉི་མ་གཅིག ཞེས་གསུངས་པས་དེ་མི་འཐད་ཟེར་ན། དེ་ཡང་བསྟན་པ་གཅིག་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་བསྟན་པ་དེ་སྟོན་པའི་སངས་རྒྱས་གཅིག་ལས་དུ་མ་མི་དགོས་ཞེས་པའི་དོན་ཡིན་ནོ། །དེ་ལྟར་མ་ཡིན་ན། མཚན་མདོ་དང་། སྐལ་བཟང་སོགས་ལུང་རྣམ་དག་མིན་པར་འགྱུར་རོ། །རང་གི་གཞུང་ཁུངས་མ་འདི་རྣམས་ཀྱི་རྗེས་སུ་འབྲེང་ནས་ནང་བཅུད་ཀྱི་འགྲོ་བའི་བྱུང་ཚུལ་འདི་ལྟར་བཤད་པ་ཡིན་ལ།
          གཞན་ཡང་དེང་དུས་སུ་དར་ཁྱབ་ཆེ་བའི་དུར་ས་བསློགས་ནས་རྙེད་པའི་རུས་དུམ་ལྷུ་བསྒྲིགས་པ་ལས་མཐོང་བའི་འདྲ་མིན་གྱི་དུད་འགྲོའི་གཟུགས་ལས་རིམ་བཞིན་གནམ་ལ་འཕུར་དགུ་ས་ལ་འཛུལ་བཅུ། བར་ལ་འགྲིམས་དགུ། སྤྲ་སྤྲེལ་ལས་མི་ཡི་འགྲོ་བ་བྱུང་ཚུལ་སོགས་བཤད་པ་མཐོང་མོད། དེ་ལྟར་ན་དེང་དུས་དེ་ལྟར་མི་འགྱུར་བའི་རྒྱུ་རྐྱེན་གང་མ་ཚང་ཞེས་འདྲིའོ། །ཁྱེད་རང་ལ་ཡང་དེ་ལྟར་མཚུངས་སོ་ཟེར་ན། དེ་མི་མཚུངས་ཏེ། ས་བོན་གྱིས་མྱུ་གུ་ལན་གཅིག་བསྐྱེད་ཟིན་པའི་འོག་ཏུ་སླར་མི་བསྐྱེད་དེ་དགོས་པ་མེད་པའི་ཕྱིར།
          དེ་བཞིན་དུ་བདེ་བར་གཤེགས་པའི་ཐུགས་རྗེ་མ་འགག་པ་ལ་བརྟེན་ནང་བཅུད་ཀྱི་འགྲོ་བའི་སོན་གཞི་ལན་གཅིག་སྤྲུལ་པའི་འོག་ཏུ་སླར་དེའི་བྱ་བ་ལ་མི་འཇུག་སྟེ། དགོས་པ་མེད་པའི་ཕྱིར་རོ། །གཞན་ཡང་འདིའི་སྐོར་རྣམ་གྲངས་མང་པོ་ཞིག་གཡུང་དྲུང་བོན་གྱི་བསྟན་འབྱུང་མཁས་དབང་དཔལ་ཚུལ་གྱིས་མཛད་པ་ལྡེབ་༨༢ནས་གསལ་ལོ། མུ་འགོད།

༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བརྩམས་གནང་བའི་སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་འདི་ཉིད་དེ་རིང་ཞང་བོད་ཀྱི་ལོ་གསར་ནས་འགོ་བཙུགས་ཏེ་དུས་ཁོམ་དང་བསྟུན་དུམ་མཚམས་ཁག་བགོས་ཀྱིས་རིམ་བཞིན་ཁོ་བོའི་ཟིན་བྲིས་སུ་མུ་འགོད་ཞུ་རྒྱུ་ཡིན། ཐ་ཚན་མུ་ཙུག་སྨར་རོ།།

No comments:

Post a Comment