Thursday, January 14, 2016

འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་དྲུག་པ།


རྣལ་འབྱོར་བརྩོན་འགྲུས་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག

བོད་ཀྱི་རྒྱལ་པོ་བྱུང་ཚུལ།
          བོད་ཀྱི་རྒྱལ་པོ་བྱུང་བའི་ཚུལ་ནི། མདོ་དྲི་མེད་གཟི་བརྗིད་ཀྱི་ལུང་དྲངས་པ་ལྟར་ཡེ་རྗེ་སྨོན་པའི་གདུང་རྒྱུད་ལས་ཡབ་ལྷ་བདལ་དྲུག་བྱུང་བ་གསུངས་པ་དང༌། བྱམས་མ་སྐྱོན་གྱི་འཇིགས་སྐྱོབ་ལས། ཡེ་རྗེ་སྨོན་པའི་གདུང་རབས། ཡབ་ལྷ་བདལ་དྲུག་གི་སྲས་རྒྱུད། མང་པོས་བཀུར་བའི་རྒྱལ་རྒྱུད་ལས། ཞེས་གསུངས་པའི་ལུང་གཉིས་མཐུན་ནོ། །ཡབ་ལྷ་བདལ་དྲུག་གི་སྲས་སུ། གཟི་བརྗིད་ལས་ཐུག་དཀར་ལྷ་རབས་གཉན་པོ་དང༌། འཛམ་གླིང་སྒོ་བཞིའི་མི་རུ་གྲོལ། ཞེས་དང༌། ཡང་རྩེའི་འགྲེལ་བ་ལས། ཡབ་ལྷ་བདལ་དྲུག་འཁྲུངས། དེ་དང་མཛེས་ལྡན་མ་གཉིས་འཚོས་པ་ལས། སྲས་བདུན་འཁྲུངས་ཏེ། ཞེས་པ་ནས། བར་པ་ཁྲི་བར་བདུན་ཚིགས་ཞེས་ཀྱང་བྱ། ལྷ་རབས་གཉན་རུམ་རྗེ་ཞེས་ཀྱང་བྱ། གཙུག་ཁྲི་བཙན་པོ་ཞེས་ཀྱང་བྱ། མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱའོ། །ཞེས་དང༌། ལུང་དེ་ཉིད་ལས། མང་པོས་བཀུར་བའི་རྒྱལ་པོ་དེས། འཛམ་གླིང་བདེ་ལ་བཀོད་ནས། སླར་སུམ་ཅུ་རྩ་གསུམ་དུ་བྱོན་ནས། ཞེས་པ་དང༌། མི་ལོ་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་སོ་གཉིས་ཙམ་གྱི་དུས་སུ་བྲིས་པའི་ཡི་གེ་ལི་ཡུལ་ཏུན་ཧུང་ནས་རྙེད་པའི་རྒྱལ་རབས་ཀྱི་ཤོག་འཁྱལ་ལས། ལྷ་གནམ་གྱི་སྟེང་ནས་གཤེགས་པའི། གནམ་ལྷབ་ཀྱི་བླ་ན། ཡབ་ལྷ་བདལ་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲི་བདུན་ཚིགས་དང་བདུན། ཁྲིའི་བདུན་ཚིགས་ཀྱི་སྲས། ཁྲི་ཉག་ཁྲི་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོ། །ལྷ་རི་གྱང་དོར་གཤེགས་ན། རི་རབ་ལྷུན་པོ་ཡང་དགུའ་དུང་དུང༌། ཤིང་སྡོང་པོ་ཡང་བང་ཐང་ཐང༌། ཆབ་ལུ་མ་ཡང་སྔོ་སིལ་སིལ། གོར་ཕ་བོང་ལ་སྩོགས་པ་ཡང་མཉེད་ཁྲུང་ཁྲུང་གི་ཕྱག་འཚལ་ལོ། །བོད་ཀ་གྱག་དྲུག་གི་རྗེར་གཤེགས་སོ། །ཐོག་མ་ས་ལ་གཤེགས་པ་ཡང༌། གནམ་མཐའ་འོག་གི་རྗེར་གཤེགས་པས། གནམ་གྱི་ནི་དབུས། སའི་དཀྱིལ། གླིང་གི་ནི་སྙིང་པོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། རི་མཐོ་ས་གཙང༌། ཡུལ་བཟང༌། མྱི་འཛངས་ཤེས་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའི་གནས་སུ། ཚུལ་གྱིས་བདམས་ཏེ་གཤེགས་སོ། །རྒྱལ་པོ་གཞན་དང་མི་མཚུངས་པའི་ཆོས། ཕྱག་མཉེད་ཁྲུང་ཁྲུང་གིས་འཚལ་ཞིང༌། སློ་བ་འོད་ཀྱིས་འདེན། མྱི་བཙུན་སོན་པའི་རྣམས། རྗེ་སའི་གོས་གྱོན་ཞིང༌། སྐྱེས་པ་ཆེན་པོ་རྣམས་བཙུན་པའི་རྣམ་པ་ཡང་དེ་ནས་བྱུང་བ་ཡིན་ནོ། །ཤིང་རབ་ཀྱི་ནང་ན་ནི་ཐང་ཤིང་རིང་ངོ་རིང༌། ཆུ་རབ་ཀྱི་ནང་ན་ནི་ཡར་ཆུ་སྔོན་པོ་ཆེ། ཡང་ལྷ་ཤམ་པོ་ནི་གཙུག་གི་ལྷའོ། །ཞེས་སོགས་བོད་རྗེ་འབྱོན་སའི་ཡུལ་གྱི་བསྟོད་བསྔགས་བརྗོད་པའོ། །

          བྱམས་མ་རིགས་སྐྱོབ་ནས་ལྷ་སྲས་རྣ་བ་ཅན་ཞེས་བྱ་བ་དེ། ཡབ་རྒྱལ་པོ་ལ་ངོ་ཚ་ནས་ཟངས་ཁ་སྦྱར་དུ་བཅུགས་ནས་ཆུ་བོ་གངྒཱ་ལ་བསྐྱུར། གྲོང་ཁྱེར་ཡངས་པར་ཆགས། ཀུན་གྱིས་བལྟས་ནས་གསོས་པས། ངོ་མཚར་ཆེ་བའི་ལྟས་མང་པོ་བྱུང་བས། ཡུལ་འཁོར་སྐྱོང་གི་དམག་སྡེས་ཐོས། བྲོས་ནས་ལྷ་རི་གྱང་ཐོའི་ཁ་ནས་ཡར་ལུང་སོག་ཁར་བབས་པས། ཞེས་གསུངས་པའི་ལུང་འདི་གཉིས་ཀྱི་དགོངས་པ་གུང་བསྒྲིགས་ན་འདི་ལྟར་གོ་སྟེ། ལུང་གོང་མ་ནས་བཤད་པའི་མང་བཀུར་རྒྱལ་པོ་རྩ་གསུམ་དུ་ཡར་བྱོན་པ་དང༌། འོག་གི་ལྷ་སྲས་རྣ་བ་ཅན་བྲོས་པ་གཉིས་ལས་དབྱིབས་མཚུངས་པས། རྩ་གསུམ་དུ་སླར་ལོག་པ་ལ་བྲོས་པ་ཞེས་སྨྲ་བ་ཡིན་ན་གོང་དང་མཚུངས་པས་དེ་ལྟར་རུང་ངོ་སྙམ། དམུ་རྗེ་བཙན་པོའི་སྲས་མོ་དམུ་ལྕམ་བྲ་མ་ཁབ་ཏུ་བཞེས་པ་ལ། ཡུམ་གྱི་ལྟག་གོང་ནས་ལྦ་བ་གྲོད་པ་ཙམ་ཞིག་བྱུང༌། དེ་ཟླ་བ་དགུ་ངོ་བཅུ་ནས་བརྡོལ་བའི་ནང་ནས། ཤེལ་གྱི་སྡིག་པ་གཡུའི་ཐིག་ལེ་ཅན་དང༌། གསེར་གྱི་སྦལ་པ་དངུལ་གྱི་གྲང་འབྲུམ་ཅན་དང༌། གཡུ་ཉ་གསེར་གྱི་གཤོག་པ་ཅན་དང༌། དུང་གི་ལྕོག་མོ་མུ་ཏིག་གི་ཐོར་ཚུག་ཅན་དང་བཞི་བྱུང་ངོ༌། །དེ་ལ་ཡབ་ཡུམ་ངོ་མཚར་སྐྱེས་ཏེ་སྐྱོན་དུ་མ་བཟུང་ནས། དར་དཀར་གྱི་ཡོལ་བ་བྲེས། དམུ་ཡད་ཀྱི་གདན་བཏིང༌། གསེར་གུར་གྱི་ནང་དུ་བཅུག་ནས་ཕྱྭ་གཡང་གི་རྟེན་བྱས་ནས་གཡང་སྐྱབས་བྱས་སོ། །ཞག་གསུམ་དྲོས་བཞི་ནས་བལྟས་པས། ཡ་མཚན་སྤྲུལ་པའི་མི་བཞི་གདའ། ཤེལ་སྡིག་ལས་ཤེལ་གྱི་མི་ལ་གཡུ་ཡི་དབུ་སྐྲ་ཅན་དར་ཚོན་གྱི་ནབ་བཟའ་སྐུ་ལ་གསོལ། ཐོད་ལ་འོད་དཀར་པོ་མདའ་ཙམ་འཕྲོ་བ། ཕྱག་ན་ཤེལ་གྱི་འགྱིང་དཀར་བསྣམས་པ་ཞིག་ཏུ་གདའ། གསེར་སྦལ་ལ་གསེར་གྱི་མི་ལ་གཡུ་ཡི་བྱ་རུ་བཙུག་པ། གསེར་གྱི་ནབ་བཟའ་སྐུ་ལ་གསོལ་བ་ཕྱག་ན་གསེར་གྱི་བྲེ་བ་དང་ཡག་པ་བསྣམས་པ་ཞིག་ཏུ་གདའ། གཡུ་ཉ་ལ་གཡུ་ཡི་མི་ལ་གསེར་གྱིས་ཐོད་བཅིངས་པ། དར་ཚོན་སྣ་ལྔའི་ནབ་བཟའ་སྐུ་ལ་གསོལ་བ། ཕྱག་ན་གཡུ་རྔ་དིང་བ་བསྣམས་པ་ཞིག་ཏུ་གདའ། དུང་གི་ལྕོང་མོ་ལ་དུང་གི་མི་ལ་མུ་ཏིག་གི་ཐོར་ཚུགས་ཅན། འཕྲ་མེན་གྱི་སླག་པ་སྐུ་ལ་གསོལ་བ། ཕྱག་ན་གསེར་གཤང་བསྣམས་པ་ཞིག་ཏུ་གདའ། དེ་ལ་ཡུམ་གྱིས་གསུངས་པ། ངོ་མཚར་ཅན་གྱི་སྲས་བཞི་ཁྱེད། ཆ་ལུགས་མཛད་སྤྱོད་འདི་ལྟར་མཛད་པ་ཅི་ཡི་དོན་གསུངས་པས། ཤེལ་གྱི་མི་ཕོས། ཡབ་ཡུམ་ལགས་བདག་ནི་ལྷ་རབས་གཉན་རུམ་སྲས། བདག་ནི་གཉའ་ཁྲི་བཙན་པོ་ལགས། མའི་གཉའ་བར་ཟླ་དགུ་ངོ་བཅུ་བསྡད་པས་གཉའ་ཁྲི། སྣང་སྲིད་ཀུན་ལ་བཀའ་བཙན་པའི་ཕྱིར་ན་བཙན་པོའོ། །གསེར་གྱི་མི་འདི་ནི་ཡ་ངལ་སྲིད་པའི་གཤེན། གཡུ་མི་འདི་ནི་མཚེ་མི། དུང་མི་འདི་ནི་ཙོ་གྱེར་མཁས་སྤྲུལ་པ་འདི་ལྟར་བགྱིས་པ་ནི། གནམ་གྱི་ལྷ་ལས་སའི་རྒྱལ་གཤེན་དུ་འགྲོ། ཡབ་ཡུམ་གྱིས་ལུང་ཞིག་ཕོག་ཏུ་གསོལ། གསུངས་པས། ཡབ་ཀྱི་ཞལ་ནས། གནམ་ལྷ་དོག་ལ་གཤེགས་པ་ན། མི་ཡུལ་བཙོག་དང་ནལ་ཆེ་བས། ཡ་ངལ་གྱིས་སྣ་དྲོངས་ཤིག་བར་ཆོད་ཧུར་པ་གྲངས་མང་བས། མཚེ་མིས་སྐུ་ཡི་གཡས་བརྟེན་ཅིག །སྣང་སྲིད་ལྷ་འདྲེའི་ཡེ་འགྲོག་གནོད་པས། ཙོ་མིས་སྐུ་ཡིས་གཡོན་བརྟེན་ཅིག །ཡ་ངལ་གྱིས་སེལ་དང་བསང་གྱིས། མཚེ་མིས་དབང་དང་བྱིན་རླབས་གྱིས། ཙོ་མིས་སྐུ་གླུད་དང་ཐར་གྱིས། ཕྱག་རྟེན་དམུ་ཐག་དཀར་ལ་འཇུས། ཞབས་རྟེན་དམུ་ཐག་སྐས་ལ་ཞོག་སྨན་བཞིས་སྐུ་ཡི་མཐར་བརྟེན་ཅིག་གསུངས་ནས་བཀའ་བགོས་སོ། །
          དེ་ནས་རྫུ་འཕྲུལ་སྨན་བཞིས། ནམ་མཁའི་ཁམས་ནས་སྤྲིན་རྟ་རླུང་གི་ཤུགས་ཅན་བཞི་བཟུང༌། རྟའི་གཉའ་བར་འཕྲུལ་གྱི་ཁྲི་བཞག་ནས་ཞབས་རྟེན་དེ་ལ་བྱས། ཕྱག་གཡས་པས་དམུ་ཐག་ལ་འཇུས། ཞབས་གཡོན་དམུ་སྐས་ལ་བཞག །རྟ་སྤྲིན་དང་ན་བུན་གཏིབ་པའི་གསེབ་ནས་བྱོན་ཏེ། གནས་གཙང་མ་ཡར་ལུང་སོག་ཁ་ལ་གཟིགས་ནས་བབས་སོ། །ཞེས་དང༌། བྱམས་མ་རིགས་སྐྱོབ་གི་ལུང་གི་འཕྲོ་ནས་ལྷ་རི་གྱང་མ་གྱང་ཐོའི་ཁ་ནས་ཡར་ལུང་སོག་ཁར་བབས་པས་ཞེས་གསུངས་པའི་ལུང་གོང་མས་ཡར་ལུང་དུ་བབ་པ་བསྟན་ཀྱང༌། དང་པོ་ཡུལ་གང་དུ་བབས་པ་མ་བསྟན། ལུང་ཕྱི་མས་དང་པོ་ལྷ་རི་གྱང་ཐོའི་རྩེར་བབས་ནས་ཡར་ལུང་སོག་ཁར་བབས་པ་བསྟན། རྒྱལ་གཤེན་གནམ་ནས་བབས་པ་བྱམས་མ་ནས་ཀྱང༌། སྒམ་ལྷ་བོ་ལྷ་སྲས་གནམ་ནས་བབས། ཞེས་གསུངས་པས། རྒྱལ་པོ་རྒྱ་གར་ནས་བྲོས་རྗེས་སུ་གནམ་ནས་བབས་པ་འདི་ལུང་འདི་རྣམས་ཁ་འགྲིགས་འདུག་པས་འཐད་ལྡན་དུ་སེམས་སོ། །
          རྒྱལ་པོ་འཁོར་བཅས་དང་པོ་བབས་ས་ཡོངས་གྲགས་ལྷ་རི་གྱང་ཐོ་ཞེས་ཀོང་པོ་བོན་རིའི་རྩེར་རྒྱལ་པོ་གནམ་ནས་བབས་སའི་ཞབས་རྗེས་དང་མཚེ་ཅོ་སོགས་ཀྱི་རྗེས་ཀྱང་གསལ་བར་ཡོད་པ་མ་ཟད། ད་ལྟའི་བར་གྱི་ཡུལ་མི་ཤེས་རབ་ཅན་རྣམས་ཀྱི་གསུང་རྒྱུན་དུ་ཡང་ཡོད་པ་དང་མ་ཟད་ཡུལ་གྱི་གླུ་དང་སྒྲུང་སོགས་སུ་ཡང་བཤད་སྤྲོས་ཡོད་པ་ལ་སྣང་མེད་བརྙས་ཆོས་སུ་བྱེད་ནས་འདོར་མི་རུང་སྙམ་ནས་བྲིས། རྒྱལ་པོ་གནམ་ནས་ས་ལ་བབས་དུས་རྫི་བོས་མཐོང་བའི་གཏམ་རྒྱུད་ལ་ཡང་འདིས་ཅི་གནོད། ལྷ་རི་གྱང་ཐོའི་རྩེར་བབས་ནས་ཡུལ་ཡར་ལུང་སོག་ཁར་བསྐྱོད་དེར་གཞིས་བཟུང་བ་ཡིན་པ་འདི་འདྲ་ཚད་ལྡན་གྱི་ཡིག་ཆ་དང་བསྟུན། རིག་པས་དཔྱད་དེ་བཤད་ན་རྣ་བར་སྙན་པའི་གཏམ་དུ་ཡང་འགྱུར་སྙམ། ཡུལ་གྱི་ངག་རྒྱུན་ནི་རྟ་ལོ་ནམ་ཤར་གྱི་དུས་སུ། ཉ་པ་ལྷ་གསོའི་འཆམ་དང་བད་བཤད་པ་སོགས་ཀྱི་ངག་ལས་ལེགས་པར་ཉོན་ཅིག འདིའི་སྐོར་མི་ལོ་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་སོ་གཉིས་གོང་ནས་བྲིས་པའི་ཡི་གེ་ལི་ཡུལ་ཏུན་ཧུང་ནས་ཐོན་པའི་ཤོག་ཚལ་ལས་གསལ་བ། ཡུལ་དང་མཁར་དུ་བཅས་པའ། སོ་སོ་བོད་བཞི་ལས། སྤུ་རྒྱལ་བོན་གྱི་བཙན་པོ་ལྡིའུ་རྒྱལ་པོ་ཐོད་རྒྱལ་བྱུང་སྟེ། ལ་ལ་ནི་གཆེར་ནས་ནི་རྒྱལ་ཕྲན་བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆི། མི་གཏོག་ཤེས་ཀྱང་མཆི། བཙན་པོ་ནི། གདུང་རབས་ཀྱི་ཁུངས་རྨོས་པ། གནམ་དགུང་གི་སྟེང་ན། ལྷ་ཀུ་སྤྱི་སེར་བཞེས་བརྒྱའི་བའ། མ་སངས་ཐམས་ཅད་གི་བདག་པོ། སྲིད་པ་ཀུན་ལ་མངའ་མཛད་པའ། ཕྱྭའི་ཡང་ཕྱྭ་ལགས་ཤེས་ཀྱང་མཆི། རྣམ་གཉིས་སུ་ནི་གདོལ་པར་ཤ་ཟའི་རིགས། རྒྱལ་པོ་གདོང་དམར་གྱི་རིགས། གངས་རི་བྱུང་ཀོར་གྱི་ནི་བདག་པོ། གནོད་སྦྱིན་ཛི་ཞེས་བགྱི་བའི་རིགས་ལགས་ཤེས་ཀྱང་མཆི། རྣམ་གསུམ་དུ་ནི་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན། ཁྲི་བར་ལ་བདུན་ཚིག་ཤེས་བགྱི། གནམ་གི་ལྷ་ལས། ས་ག་དོག་དྲུག་ཏུ། འགྲེང་འགོ་ནག་གི་རྗེ་མྱེར་གྱི་རྗེ། དུད་རྔོག་ཆག་བླ་མེད་ཀྱི་བླར། བློན་པོ་ལྷོ་རྔོགས། བོན་པོ་མཚེ་གཙོ།ཕྱག་རྩང་ཤ་སྤྱུག་མྱི་རྗེ་ལྷ་དང་བདུད་དུ་བརྒྱིས་ནས། ཡུལ་བེད་ཀ་གཡག་དྲུག་ཏུ་བྱོན། ཞེས་མཆི། གང་ལགས་ཀྱང་མྱི་མངོན་སྟེ། གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ། སྡེ་ཡང་མྱི་བཤད། ཞེས་མ་དཔེ་ཇི་བཞིན་བཤུས། །
ཚད་ལྡན་ལུང་གི་གཞོན་ནུ་ཡིད་འོང་མ། །
རྣམ་དཔྱོད་རིགས་པའི་རྒྱན་གྱིས་ཀུན་ནས་སྤྲས། །
བློ་ལྡན་ཁྱེའུའི་གྲོགས་སུ་གཏོང་བ་ལ། །
སྐྱར་ཟློས་འཁྱོག་འགྲོ་རྒད་པོ་ཡིད་མ་འཁྲུགས། །

གནའ་བོའི་ལོ་རྒྱུས་རྩི་ལ་རོལ་འདོད་པའི། །
དཔྱོད་ལྡན་སྦྲང་ཁྱུ་ཡིག་ཚོགས་རྩི་ལྡུམ་གསེབ། །
རྣམ་ཀུན་གཡོ་བའི་ངལ་བ་བརྟེན་དྲགས་ན། །
ཟས་སུ་ཅི་སྟེ་ཕྱི་སའི་ཁང་བུ་མཐོ། །

          གཉའ་ཁྲི་བཙན་པོ་དང་སྐུ་གཤེན། ཡང་ངལ། མཚེ་ཅོ་བཅས་ཀོང་ཡུལ་ལྷ་རི་གྱང་ཐོ་ཞེས་གསང་མཆོག་མ་རྒྱུད་ཀྱི་མཁའ་འགྲོའི་གནས་ཀྱི་རྩེ་རུ་བབས་ནས་ཞབས་རྗེས་ཀྱི་རྟགས་མཚན་བྲག་ལ་བཞག་ནས་དེ་རྗེས་སུ་ཡུལ་ཡར་ལུང་སོག་ཁར་ཕེབས་ཏེ། བྱམས་མ་ནས། ལྡོང་ལྷ་བོན་པོ་ལས་སོགས། ཤེས་པ་ཅན་བཅུ་གཉིས་ཀྱིས་རྒྱལ་སར་བཀུར་བས་བོད་ལ་སྔ་བའི་རྒྱལ་པོ་དེ་ཉིད་གཉའ་ཁྲི་བཙན་པོའོ། །ཞེས་གསུངས་པ་འདི་ཡི་གེ་རྙིང་པ་ལ་འབྲི་སླད་བཅུགས་པ་ཡིན་པ་འདྲ་འདུག་མ་གཏོགས་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་པོས་གཉའ་ཁྲི་རྒྱལ་པོ་བསྐོས་ནས་བོད་ལ་དབང་བསྒྱུར་བའི་སྐབས་སུ་རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་ཞང་ཞུང་ནས་བསྒྱུར་བའི་ལོ་རྒྱུས་བྱམས་མ་རང་ནས་བཤད་པས། གཉའ་ཁྲི་རྒྱལ་པོ་བསྐོས་མཁན་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་པོ་ཡོད་པའི་ཁུངས་མི་འདུག་པས་སོ། །རྒྱལ་པོ་བསྐོས་མཁན་ལྡོང་ལྷ་བོན་པོ་ཞེས་པ་སོགས་དང་སྐུ་གཤེན་གསུམ་སོགས་ཡིན་ན་འགྲིག་གོ །ལྡོང་ལྷ་བོན་པོ་ནི་ཤེས་པ་ཅན་བཅུ་གཉིས་ཀྱི་གྲལ་དུ་མ་མཐོང་ངོ༌། །
          བོན་གྱི་བསྟན་འབྱུང་པོད་དང་པོའི་ལྡེབ་ ༼༢༨༩༽ ནས་བོད་དུ་རྒྱལ་པོ་མ་བྱུང་གོང་ནས་འདུལ་བསྟན་དར་བར་བཤད་པ་བོད་ཀྱི་ས་གནས་ཁོལ་རྩེ་ཆུང་ངུ་འགར་དར་ཡོད་པ་སྲིད་ཀྱང༌། ཡོངས་ཁྱབ་ཏུ་དར་བའི་ཚུལ་མེད་དེ། བོད་རྒྱལ་གཉའ་ཁྲིའི་དུས་སུ་རྒྱལ་བསྟན་གསར་དུ་བཙུག་པའི་ཚུལ་གསལ་པོར་འདུག་སྟེ། རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་སོགས་ཀྱིས་མཚོན་བོད་དུ་བོན་གསར་དུ་བསྒྱུར་བར་བཤད་དེ། བྱམས་མ་ནས། རྒྱལ་པོ་འདིའི་རིང་ལ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་བྱ་བ་དར་ཏེ། ཞེས་གསུངས་པའི་ཕྱིར། རྒྱུ་བོན་བཅུ་གཉིས་བོད་སྐད་དུ་ཞང་ཞུང་གི་སྐད་ལས་གཉའ་ཁྲིའི་དུས་སུ་བསྒྱུར་བ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བས་བཤད་ཀྱང་སྒྲ་བསྒྱུར་དུས་ངག་ལམ་ཁོ་ནར་བསྒྱུར་ཡོད་དམ་ཡིག་རིས་བྲིས་ནས་བསྒྱུར་ཡོད་པའི་གསལ་བཤད་གང་ཡང་མི་འདུག །ངག་བསླབས་ཁོ་ན་བྱས་ཡོད་ན་བོན་དེ་རྣམས་ཤེས་མཁན་ཉུང་ངུ་མི་ཁ་ཤས་མ་གཏོགས་ཡོང་ཐབས་མེད་པ་ལྟ་བུ་རེད། གང་ལགས་ཤེ་ན། བོན་དེ་རྣམས་མིང་ཆུང་ངུ་ལྟ་བུ་ཡིན་ཡང་རྩིས་དང་སྨན་དཔྱད་གཏོ་རིགས་ཀྱི་ཡིག་ཆ་ཧ་ཅང་གི་མང་པོ་རེད། ཡིག་ཆ་ཡོངས་རྫོགས་ལ་མང་པོ་ཡོད་ཀྱང་བློར་ཉུང་ཤས་བླངས་པ་ལྟ་བུ་ཡིན་ཟེར་ནའང༌། དེའི་འཕྲོས་ཀྱི་ཡི་གེ་བོད་དུ་བརྩམས་པས། ཞང་ཞུང་སྐད་ལས་མ་བསྒྱུར་ཟེར་དགོས། དེ་ཡིན་ན་ཅི་སྟོ་ཞེ་ན། འོ་ན་རྒྱུ་བོན་བཅུ་གཉིས་འདི་ཐེག་དགུའི་ཁོངས་སུ་གཏོགས་པར་འདོད་པ་མི་འཐད་པར་ཐལ། ཐེག་དགུའི་ཁུངས་མེད་པར་བོད་མིས་རང་དབང་གིས་བྱས་པའི་ཕྱིར་ཏེ། ཐེག་དགུ་མ་དར་གོང་དུ་བྲིས་པའི་ཕྱིར། ལན་གཅིག་དེ་རྣམས་བོད་སྐད་དུ་བསྒྱུར་ན་རྒྱུན་མ་ཆད་པར་མི་རབས་ནས་མི་རབས་བར་གནས་པའི་བཟོ་ལ་བལྟས་ན་བོད་ཡིག་ཏུ་ཡི་གེ་དེ་རྣམས་བྲིས་ཡོད་འགྲོ་བསམ་པ་འདུག །གལ་ཏེ་དུས་ཡུན་རིང་པོའི་བར་ངག་རྒྱུན་མ་ཆད་པར་བསྐྱངས་ན་ཡི་གེ་ཡོད་པའི་ངེས་པ་མེད་དེ། ཞང་ཞུང་སྙན་རྒྱུད་བཞིན་ཡིན་པའི་ཕྱིར་ཟེར་ན། ཞང་ཞུང་སྙན་རྒྱུད་ཡི་གེ་མ་བྲིས་པ་ཙམ་མ་གཏོགས་ངག་ལམ་ནས་བསླབས་ཚུལ་ལ་ཡི་གེའི་ཚིག་སྦྱོར་དང་ལེའུ་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར། དཔེར་ན་བློར་བྱང་བའི་ཞལ་འདོན་བཞིན། བོན་ཤེས་པ་ཅན་བཅུ་གཉིས་ངག་ལམ་ནས་བོད་སྐད་དུ་བསྒྱུར་བ་ཡིན་ན། བོད་སྐད་ཀྱི་ཐོག་ཏུ་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཡོང་བའི་ཐབས་མེད་ཅིང༌། གླུ་སྒྲུང་ལྟ་བུ་ཉུང་ངུ་རང་འདོད་འདྲེས་པའི་བརྩམས་བསྒྱུར་ལྟ་བུ་ཡིན་པར་འདོད་ན། རྒྱུ་བོན་བཅུ་གཉིས་ཇི་ལྟར་ད་ལྟ་མིག་ལམ་དུ་ཡོད་པའི་རྒྱུ་ཐེག་གི་ཁོངས་སུ་གཏོགས་པ་འདི་རྣམས་ཡིན་ན་ནི་ཚིག་དོན་ཕུན་སུམ་ཚོགས་པ་ལ་རྒྱལ་བའི་བསྟན་པའི་ཆ་ཡིན་ལ། དེ་བཅུ་གཉིས་ད་ལྟ་ནུབ་ཟིན་པ་ཡིན་ཟེར་ན་ནི། ནུབ་ཚུལ་དང༌། དེའི་དུས་ཀྱི་རྒྱུ་བོན་དང་ད་ལྟ་གཡུང་དྲུང་བོན་གྱི་ཆ་ལག་ཏུ་ཡོད་པ་གཉིས་ཀྱི་ཁྱད་པར་ཅི་ཡོད་སོགས་སྨྲ་ཤེས་དགོས། གཞན་ཡང་མུ་ཁྲིའི་དུས་སུ་བསྒྱུར་བའི་བོན་སྡེ་མདོ་སྔགས་རྣམས་མེད་པར་སྨྲ་མི་ནུས་སོ། །དེ་བཅུ་གཉིས་ཀྱི་ནང་གི་སྨན་དཔྱད་དང་རྩིས་སོགས་ཀྱི་བོན་སྒོ་འདི་རྣམས་ཞང་ཞུང་གི་ཡུལ་རྒྱལ་བསྟན་རྒྱས་པའི་ས་ནས་ལོ་ཙཱབས་འབད་རྩོལ་བྱས་ཏེ་རིག་གཞུང་འགངས་ཆེན་འདི་འདྲ་བསྒྱུར་བ་སོགས་ཀྱི་ཤེས་རིག་བསླབ་སྦྱང་གི་ཚུལ་དུས་རབས་སྔ་མོ་དེ་ཙམ་ནས་བོད་དུ་རྒྱལ་པོ་ལྷ་ཡི་རིགས་བཀའ་དྲིན་ཅན་དེ་རྣམས་ཀྱིས་བཞག་པ་རྣམས་གཅེས་སྤྲས་སུ་བྱེད་ཅིང་མཐོང་གསོལ་ཆེན་པོ་བྱེད་ནས་འཛམ་གླིང་དུ་ངོམས་རིན་ཆོག་པའི་རིག་གཞུང་བོད་དུ་བསྒྱུར་སྤྱོད་སྤེལ་བའི་སྲོལ་རྣམས་ལ་རང་གིས་བརྙས་ཆོས་སུ་བྱས་ནས་སྣང་མེད་དུ་བཞག གཞན་ཡུལ་གྱི་བྱ་སྤྱོད་ལེགས་ཉེས་གང་ཡིན་ལ་བལྟ་ལོང་མེད་པ་སྣ་ཟིན་སྤུ་ཟིན་རེ་བྱེད་ནས་རང་ཡུལ་དུ་ཁུར་རྒྱུ་བྱུང་ན་ཡུལ་གྱི་མིས་མཐོང་གསོལ་དང་བྱ་དགའ་སྤྲད། དེ་ལྟར་གྱི་ལམ་ལུགས་ཀྱིས་ནམ་ཞིག་རང་ཡུལ་གྱི་གནའ་བོའི་རིང་ལུགས་གོམས་གཤིས་ཐམས་ཅད་ཇེ་ཉམས་སུ་སོང༌། རང་གི་རིག་གཞུང་ཡིན་ཟེར་ནས་གཞན་ཡུལ་གྱི་བྱ་སྤྱོད་དང་འདྲ་བ་ཙམ། དེ་ཁ་རང་ཡིན་སྨྲ་བ་ལ་རང་གི་གོམས་གཤིས་ཀྱི་དྲི་མ་འདོར་མ་ནུས་པ་ལྟ་བུ་ཆགས་ནས་བོད་ཀྱི་རིག་གཞུང་ཟེར་ཡང༌། གཞན་ཡུལ་གྱི་༼རྒྱ་གར། རྒྱ་ནག་སོག་པོ།༽ གཟུངས་གཞུག་ཅན་ལྟ་བུ་ངོས་འཛིན་རྒྱུ་ཡོད་པ་འདི་འདྲ་བྱུང་བ་རེད། འདི་འདྲའི་བསམ་སྦྱོར་གྱི་ཚུལ་རིག་གནས་གསར་བརྗེ་ཡིས་སྔར་ལུགས་རྩ་མེད་དུ་བཏང་ནས་རང་ལུགས་འཇིག་རྟེན་ན་མ་སྲིད་པ་ཞིག་གསར་འཛུགས་བྱེད་དགོས་བསམ་ནས་སྔར་ལུགས་གཏོར་བརླགས་བཏང་བ་དང་ཚུལ་འདྲ་སྙོམ་བྱས་པ་འདྲ། གལ་ཏེ་གཉའ་ཁྲིའི་དུས་སུ་མ་བྲིས་ཀྱང༌། མུ་ཁྲིའི་དུས་སུ་བོད་ཡིག་ངེས་པར་ཡོད་དེ། ཞང་ཞུང་ནས་མཁས་པ་བརྒྱ་རྩ་གདན་དྲངས་ཏེ་བོན་སྡེ་བླ་ན་མེད་པ་དུ་མ་བསྒྱུར། གསས་མཁར་ལྷ་ཁང་བཞེངས་པ་སོགས་ཀྱི་སྐོར་འོག་ནས་འཆད་དོ། །
          དུས་དེའི་སྐབས་སུ་རྒྱལ་པོ་རེ་ལ་སྐུ་གཤེན་དང༌། མཛད་པ་རླབས་ཆེའི་གསས་མཁར་སོགས་བཞེངས་པའི་སྲོལ་ཡོད་དེ། རྒྱལ་རབས་བོན་གྱི་འབྱུང་གནས་ལས། དེ་ནས་ཆབ་སྲིད་འཛིན་པའི་རྒྱལ་པོ་རེ་རེའི་རིང་ལ་སྐུ་བསྲུང་གི་གཤེན་རེ། འདྲེན་པའི་བོན་རེ། བཀའ་ཡི་ལོ་པཎ་རེ། ཐུགས་དམ་གྱི་བོན་རེ་ཡོད་པར་བཤད་པས། གཉའ་ཁྲི་བཙན་པོའི་རིང་ལ། རྒྱུ་ཡི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་དར་ཏེ། ཞེས་གསུངས། ཡོངས་རྩེའི་འགྲེལ་ལས། ༼༢༥༽ སྐུ་གཤེན་ནི་ཡ་ངལ་མཚེ་གཅོ་གསུམ། གསས་ཁང་གཡུང་དྲུང་ལྷ་རྩེ་བཞེངས། སྲས་མུ་ཁྲི་བཙན་པོ་འཁྲུངས་ཞེས་དང༌། དར་རྒྱས་གསལ་སྒྲོན་ལས། དེ་དུས་སྐུ་བསྲུང་གི་གཤེན་གཉིས་བྱུང་སྟེ། མཚེ་མི་གཡུལ་རྒྱལ་དང༌། ཅོའུ་ཕྱག་དཀར་གཉིས་སོ། །གཉའ་ཁྲི་དང་གནམ་མུག་མུག་གི་སྲས། ༼གནམ་སྨན་དཀར་མོ་ཡང་འདུག༽ མུ་ཁྲི་བཙན་པོའོ། །ཞེས་གསུངས། སྐྱབས་སྟོན་གྱི་ཁྲོ་འགྲེལ་ལས། རྒྱལ་པོ་དེ་ཡང་ཡུམ་མུ་ཚོ་ཟ་དང་ཡབ་གཉའ་ཁྲིའི་སྲས་ཡིན་པས་མུ་ཁྲི་དང༌། ཞེས་དང༌། ལུང་འདིར་སྐུ་གཤེན་ཡ་ངལ་གྱི་མཚན་མི་གསལ་ཡང་སྐུ་གཤེན་གསུམ་ཡོད་པར་ངེས་ཏེ། ཡོངས་རྩེའི་འགྲེལ་བར་ལུང་དྲངས་པས་ཤེས་སོ། །
          གཞན་ཡང་རྒྱལ་པོ་འདིས་མཁར་བྱིང་བ་སྟག་རྩེ་ཞེས་པ་ཡུལ་ཡར་ལུང་དུ་བརྩེགས་ཏེ། གསང་བའི་གནས་མཆོག་ཐུགས་སྤྲུལ་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ་ལས། ཡུལ་ལ་སྔ་བ་ཡར་ལུང་སོག་ཀ་བཏབ། མཁར་ལ་སྔ་བ་ཕྱིང་བ་སྟག་རྩེ་བརྩེགས། རྒྱལ་ལ་སྔ་བ་རྗེ་ཡི་གཉའ་ཁྲི་བཙུན། གཤེན་ལ་སྔ་བ་ཅོའུ་མཚེ་མི་ཡིན། ནམ་མཁའ་སྣང་བ་མདོག་ཅན་ཡང་ཟེར། ཞེས་དང༌། དེའི་སྲས་མུ་ཁྲི་བཙན་པོ་ཡུམ་དུ་ལྷ་སྨན་དཀར་མོ་བཞེས། སྐུ་གཤེན་ཅོའུ་ཕྱག་དཀར་དང༌། གསས་ཁང་ཁོ་མ་ནེའུ་ཆུང་བཞེངས། བྱམས་མ་ནས། དེའི་སྲས་མུ་ཁྲི་བཙན་པོས་བསླབ་པའི་དོན་གོ །བསྒྲུབས་པས་དོན་གྲུབ། བསྒོམས་པས་དོན་རྟོགས་ནས། སྟག་གཟིག་ལས་སོགས་པ་འཛམ་བུ་གླིང་གི་ལོ་ཙ་བསྒྱུར། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས། ཞེས་དང༌། རྒྱལ་པོ་འདི་གསང་བདག་གྲུབ་པ་ཐོབ་པའི་རིག་འཛིན་གཡུང་དྲུང་བོན་གྱི་མངའ་བདག་ཡིན་ཏེ། བྱམས་མ་སྐྱོན་སྐྱོབ་ལས། རྒྱལ་པོ་མུ་ཁྲི་བཙན་པོ་ཞེས་བྱ་བ། གསང་སྔགས་གསང་བའི་ཐིག་ལེ་ལ་མངོན་པར་བཞེས་ནས། གྲུབ་པ་བརྙེས་པའི་རྟགས་དུ་མ་དང་ལྡན་པ། ཞེས་དང༌། དེའི་ཚེའི་རྒྱལ་པོ་མུ་ཁྲི་བཙན་པོ་དེས། ལྷ་ལ་བཀའ་དྲིན་ལན་དུ་གསོལ་བ་ནི། སངས་རྒྱས་སེམས་ཅན་དོན་ལ་ཀུན་དགོངས་ཀྱང༌། བྱམས་མགོན་མ་བཞིན་བརྩེ་བ་ཉིད་ཀྱི་སྐུ། སོགས་ཀྱི་བསྟོད་པ་ཕུལ་བའི་ཚིགས་བཅད་བརྩམས། ཞང་ཞུང་ཡུལ་ནས་མཁས་པ་ཆེན་པོ་བརྒྱ་རྩ་གདན་དྲངས་པའི་ཐོག་མར་བོད་དུ་ཕེབས་མཁན་གཤེན་ནམ་མཁའི་སྣང་བ་མདོག་ཅན་ཡིན་ཏེ། ཁྲོ་འགྲེལ་ལས། བླ་མ་འདི་ཡི་ཡབ་དམུ་རྒྱལ་གསལ་བ་རྗེ་ཡི་སྲས་སུ་བཤད་ཅིང༌། མཚན་ཡང་བོན་ནམ་མཁའ་དང་མཉམ་པ་ཐུགས་ལ་སྣང་བར་བཤད་ཅིང༌། རྣམ་དག་ནས་ཞལ་མདོག་གཡུ་ཡི་མཚན་ཅན་ཟེར་བ། རྒྱུད་དབང་དང་ཡང་མཐུན་ནོ། །ཞེས་དང༌། མུ་ཁྲིས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས་པའི། ཐོག་མར་འདི་བོད་ཡུལ་དུ་ཕེབས་པར་གྲགས་སོ། །ཞེས་དང༌། རྒྱལ་པོ་མུ་ཁྲིས་ཁབ་ཏུ་ས་སྨན་ཏིང་ཏིང་མ་བཞེས། སྐུ་གཤེན་ཅོའུ་ལན་ཚས་མཛད། ཅོའུ་ཕྱག་དཀར་ཟེར་བའང་འདུག །གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། ཞེས་དང༌། རྒྱལ་པོ་འདི་བོད་ཡུལ་དུ་གཡུང་དྲུང་གི་བོན་དར་རྒྱས་སུ་བྱེད་པའི་གཙོ་བོ་ཡིན་ལ། རྒྱལ་པོ་རང་ཉིད་ཀྱང་གཡུང་དྲུང་བོན་གྱི་མངའ་བདག་ལྟ་བུ་ཡིན་ཏེ། མདོ་སྔགས་སེམས་གསུམ་གྱི་བརྒྱུད་རིམ་ཕལ་ཆེར་རྒྱལ་པོ་འདི་ལ་མ་ཐུག་པ་མེད་པ་ལྟ་བུ་ཞིག་རེད། རྒྱལ་པོ་འདིའི་རིང་ལ་བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་ཀྱིས་བསྡུས་པའི་པོ་ཏི་དུ་མ་བྲི་བཀོད་མཛད་འདུག་པ་རྣམས་བོད་ཡིག་མ་གཏོགས་ཞང་ཡིག་ཡིན་པའི་བཟོ་མི་འདུག་སྟེ། བདལ་འབུམ་ལས། ཡུལ་བྱེ་མ་གཡུང་དྲུང་དུ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས། བོད་ཤ་རི་དབུ་ཆེན་ལ། བོན་ཁྲི་སྡེ་བཤད་ཅིང་བསྒྱུར། ཞེས་དང༌། དར་རྒྱས་གསལ་སྒྲོན་ལས། དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་གི་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ། །ཞེས་དང༌། མུ་ཁྲིའི་སློབ་བརྒྱུད་མོན་བོན་ཧ་ར་ཅི་པར་ལ་སྔགས་ཀྱི་གླེགས་བམ་བབས་པ་དང༌། དར་རྒྱས་གསལ་སྒྲོན་ལས། ལྟ་བ་བླ་ན་མེད་པའི་བོན་དང༌། ཐེག་པ་བླ་ན་མེད་པའི་བོན་དང༌། སྤྱོད་པ་བླ་ན་མེད་པའི་བོན་དང༌། འབྲས་བུ་བླ་ན་མེད་པའི་བོན་དང༌། དོན་དམ་བླ་ན་མེད་པའི་བོན་རྣམས་དང༌། ཞེས་གསུངས་པས། རྒྱལ་པོ་འདིའི་རིང་དུ་བོན་སྡེ་འདི་རྣམས་བོད་དུ་དར་རྒྱས་སུ་འཕེལ་བ་ཡིན་ཏེ། རྒྱལ་པོ་འདི་ཉིད་བོན་སྡེ་འདི་རྣམས་ཀྱི་བརྒྱུད་རིམ་དུ་འཁོད་པ་ཞིག་ཡིན་པས། ཐུགས་དམ་དུ་བཞེངས་པའི་བོན་ཤ་སྟག་གོ །དཔེར་ན་དབལ་གསས་ཞི་ཁྲོ། ལྷ་རྒོད་གཙོ་མཆོག་ཞི་ཁྲོ། མ་རྒྱུད་སོགས་བོན་སྡེ་མཐའ་ཡས་པའི་བརྒྱུད་རིམ་དུ་མུ་ཁྲི་བཙན་པོ་བྱུང་བ་ནི་མཐོང་རྒྱུན་ལྟར་རོ། །
          ཞང་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བོད་སྐད་དུ་བོན་སྡེ་འདི་རྣམས་ཀྱིས་གཙོས་བོན་སྡེ་ཇི་སྙེད་བསྒྱུར་བ་ཡིན་ཏེ། བོད་སྐད་དུ་བསྒྱུར་བའི་བོན་རྣམས་རྒྱལ་པོ་གྲི་གུམ་བཙན་པོའི་བར་དུ་དར་ཞིང་རྒྱས་པའི་མཐར་གྲི་གུམ་གྱིས་བོན་ལ་བརྣག་པ་བྱས་པའི་དུས་སུ་གཏེར་དུ་སྦས་པ་རྣམས་ཕྱིས་སུ་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་གྱིས་གཏེར་ནས་ཐོན་པའི་དཔེ་རྣམས་མཐོང་ན་དེང་དུས་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་འདི་ཡི་སྐོར་ལ་བརྗོད་བྲལ་གྱི་ཀློང་དུ་མི་སྨྲ་བའི་བརྡུལ་ཤུགས་བཟུང་སྟེ་བཞུགས་དགོས་པར་གྱུར། གྲི་གུམ་གྱི་དུས་སུ་སྦས་པའི་བོན་གྱི་གཏེར་ཤོག་ལ་གཏེར་སློབ་སོགས་ཀྱིས་རང་དབང་དུ་དཔེ་བཤུ་བ་ལ་དཀའ་ཚེགས་མེད་པར་གསུངས། གྲི་གུམ་གྱི་དུས་སུ་སྦས་པའི་བོན་གཏེར་སྟོན་གྱིས་བརྡ་ཡིག་བཀྲོལ་བ་ཞེས་པ་སོགས་གཏེར་སྟོན་གྱི་དབང་གིས་ཡི་གེ་བསྒྱུར་བའི་བྱ་བ་གཏན་ནས་མི་འཇུག་གོ །
          ད་དུང་གྲི་གུམ་གྱི་དུས་སུ་སྦས་པའི་བོན་གཏེར་ནས་ཐོན་པའི་ཚུལ་གསལ་བར་ཕྱི་ནས་འཆད་ལ། བོད་རྒྱལ་མུ་ཁྲི་བཙན་པོའི་དུས་སུ་བོད་ལ་བོད་ཡིག་ཡོད་དེ། བོད་ཡིག་གི་པོ་ཏི་ཡོད་པའི་ཕྱིར། དེ་ཡོད་དེ་རྒྱལ་པོའི་ཕོ་བྲང་ནས་སྲུང་མས་བླངས་ཏེ་མོན་བོན་ཧ་ར་ཅི་པར་ལ་གནང་བའི་ཕྱིར། དེ་མོན་བོན་ལ་བཀའ་གནམ་བབས་སུ་བྱུང་ཞེས་བརྗོད་པའི་ཕྱིར། བསྒྲགས་པ་རིན་ཆེན་གླིང་གྲགས་ལས། ཁྲི་བདུན་བར་དུ་བོན་གྱི་བསྟན་པ་དར། མོན་བོན་ཧ་ར་ཅི་པར་ལ་བོན་གནམ་བབས་སུ་བབས། ཞེས་དང༌། དེ་ལྟར་གྱི་བོན་སྡེ་བླ་མེད་ཀྱི་སྡེ་རྣམས་བོན་ཅན། བོད་རྒྱལ་གྲི་གུམ་གྱི་བར་དུ་བོད་དུ་དར་བ་ཡིན་ཏེ། དེ་བསྒྲུབས་པའི་རྟགས་ཐོན་པའི་གྲུབ་ཐོབ་ཡོད་པའི་ཕྱིར། དེ་ཡོད་པར་ཐལ། མུ་ཁྲི་བཙན་པོ་དེ་ཡོད་པའི་ཕྱིར།
          གཞན་ཡང་བོད་ཀྱི་མི་བོན་སྡེ་བླ་མེད་བསྒྲུབས་པའི་གྲུབ་ཐོབ་ཡོད་དེ། སྤེ་བོན་ཐོག་རྩེ་དེ་ཡོད་པའི་ཕྱིར། དེ་ཡོད་པར་ཐལ། དེ་བྱམས་མ་ལ་གྲུབ་པ་བརྙེས་པའི་གྲུབ་ཐོབ་ཡིན་པའི་ཕྱིར། དེར་ཐལ། དེས་བྱམས་མ་བསྒྲུབས་པའི་བུམ་ཆུ་བྲག་ཐོག་ལ་ཕོ་བས་ཐོག་ཕོག་པ་ལྟར་གྱུར་ཏེ་བདུད་ཐེ་མོས་སྐད་ངན་ཤོར་ཞེས་གསུངས་པའི་ཕྱིར།
          གཞན་ཡང་གནམ་གྱི་ཁྲི་བདུན་གྱི་རིང་ལ་བྲིས་པའི་བོད་ཡིག་ཡོད་དེ། བོད་རྒྱལ་གྲི་གུམ་གྱི་དུས་སུ་གཏེར་དུ་སྦས་རྒྱུའི་གཏེར་དཔེ་རྣམས་དེ་དུས་སུ་བྲིས་པའི་ཕྱིར། དེར་ཐལ། དཔེ་རྣམས་ཁ་བགོས་ཏེ་མཁས་བཞི་དྲན་པ་དང་བཅས་པས་སྦས་པའི་གཏེར་དཔེའི་ཤོག་སྒྲིལ་དང༌། གསུང་པོད་རྣམས་སོ། །དཔེར་ན་གཤེན་ཆེན་ཀླུ་དགའི་གཏེར་དཔེའི་པོ་ཏི་དང༌། དྭང་ར་ཁྱུང་རྫོང་དང༌། ཟང་ཟང་ལྷ་བྲག་གི་གཏེར་མའི་པོད་རྣམས་བཞིན་ཡིན་པའི་ཕྱིར། རྒྱལ་པོ་སྲོང་བཙན་སྒམ་པོའི་བར་དུ་བོད་ཡིག་གི་ཚིག་སྦྱོར་ལ་རྣམ་དབྱེ་བདུན་གྱི་རྣམ་བཞག་མེད་དེ། སྲོང་བཙན་གྱི་དུས་སུ་ཐུ་མིས་སཾསྐྲྀ་ཏ་ཡི་དབྱིབས་ལ་བསྟུན་ནས་བརྩམས་པའི་ཕྱིར་ཏེ། དེའི་དབྱིབས་སཾསྐྲྀཏཱི་རྟགས་ཀྱི་སྤྲོས་པ་བཞག་ནས་བརྩམས་པ་གསལ་བའི་ཕྱིར། དེས་ན་རྣམ་དབྱེའི་བྱ་བ་སོགས་ཅི་ལྟར་སྒོ་གཞན་ལ་བསྟུན་པའི་རིག་པའི་ཚུལ་རྣམས་བོད་ཡིག་གི་ཚིག་སྦྱོར་གྱི་དུས་དང་ཀློག་པ་སོགས་ལ་ཁྲིམས་དབང་གིས་བཞག་པས་དེ་མཁོ་ཡང་རང་བཞིན་བོད་མི་ཤེས་ཡོན་གྱི་ངག་མ་བཅོས་པའི་ངག་ལམ་དུ་རྣམ་དབྱེའི་བྱ་བ་སོགས་དགོས་པ་མི་ཆེའོ། །
          ལི་ཡུལ་གྱི་ཡིག་རྙིང་ལས་བོད་ཀྱི་རྒྱལ་རབས་བྱུང་བ་བཤུས་པ། གནམ་ལྷབ་ཀྱི་བླ་ན་ཡབ་བླ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲིའི་བདུན་ཚིགས་དང་བདུན། ཁྲིའི་བདུན་ཚིགས་ཀྱི་སྲས་ལྡེ་ཉག་ཁྲི་བཙན་པོ། ས་དོག་ལ་ཡུལ་ཡབ་ཀྱི་རྗེ་དོག་ཡབ་ཀྱི་ཚར་དུ་གཤེགས་ནས། ལྷ་སྲས་མྱི་ཡུལ་གྱི་རྒྱལ་མཛད་ཅིང་བཞུགས་པ་ལས། མངོན་དུ་ཐལ་བྱུང་དགུང་དུ་གཤེགས་པ་ལྡེ་ཉག་ཁྲི་བཙན་པོ་དང༌། གནམ་མུག་ཏུ་བཤོས་པའི་སྲས་མུ་ཁྲི་བཙན་པོ་དང༌། ས་དིང་དིང་དུ་བཤོས་པའི་སྲས། དིང་ཁྲི་བཙན་པོ། དིང་ཁྲི་བཙན་པོ་དང༌། སོ་ཐམ་ཐམ་དུ་བཤོས་པའི་སྲས། སོ་ཁྲི་བཙན་པོ། སོ་ཁྲི་བཙན་པོའི་སྲས། དེ་ཁྲི་བཙན་པོ། དེ་ཁྲི་བཙན་པོའི་སྲས། ཁྲི་སྤེ་བཙན་པོ། འདི་ཡན་ཆད་འདྲ་སྟེ་སྲས་ཆིབས་ལ་ཐུབ་ན་ཡབ་དགུང་དུ་གཤེགས་སོ། །ཁྲི་སྤེ་བཙན་པོའི་སྲས། དྲི་གུམ་བཙན་པོ། དྲི་གུམ་བཙན་པོའི་སྲས། སྤུ་དེ་གུང་རྒྱལ་གནམ་ལ་དྲི་བདུན། ས་ལ་ལེགས་དྲུག་བཤོས་ན། སྤུ་དེ་གུང་རྒྱལ་གྲོང་ན། གྲང་མོ་གནམ་གསེར་བརྩིག་གསེར་བརྩེག་གི་སྲས་ཐོ་ལེག་བཙན་པོ། ཐོ་ལེག་བཙན་པོའི་སྲས། ཤོ་ལེག་བཙན་པོ། ཤོ་ལེག་བཙན་པོའི་སྲས། གོ་རུ་ལེག་བཙན་པོ། གོ་རུ་ལེག་བཙན་པོའི་སྲས། འབྲོང་ཞི་ལེག་བཙན་པོ། འབྲོང་ཞི་ལེག་བཙན་པོའི་སྲས། ཐི་ཤོ་ལེག་བཙན་པོ། ཐི་ཤོ་ལིག་གི་སྲས། ཨི་ཤོ་ལེག་བཙན་པོ། ཨི་ཤོ་ལེག་གི་སྲས། ཟྭ་གནམ་ཟིན་ཏེ། ཟྭ་གནམ་ཟིན་ཏེའི་སྲས། ལྡེ་སྲུ་བོ་གནམ་གཞུང་བཙན། གནམ་གཞུང་བཙན་གྱི་སྲས། ལྡེ་གོལ། ལྡེ་གོལ་གྱི་སྲས། གནམ་ལྡེ་རྣོལ་ནམ། གནམ་རྡེ་རྣོལ་ནམ་གྱི་སྲས། བསེ་རྣོལ་པོ། བསེ་རྣོལ་པོའི་སྲས། ལྡེ་རྒྱལ་པོ། ལྡེ་རྒྱལ་པོའི་སྲས། རྒྱལ་སྲིན་བཙན། རྒྱལ་སྲིན་བཙན་གྱི་སྲས། རྒྱལ་ཏོ་རེ་ལོངས་བཙན། རྒྱལ་ཏོ་རེ་ལོངས་བཙན་གྱི་སྲས་ཁྲི་བཙན་ནམ། ཁྲི་བཙན་ནམ་གྱི་སྲས། ཁྲི་སྒྲ་སྤུངས་བཙན། ཁྲི་སྒྲ་སྤུངས་བཙན་གྱི་སྲས། ཁྲི་ཐོག་བཙན། ཁྲི་ཐོག་བཙན་དང༌། རུ་ཡོན་བཟའ་སྟོང་རྒྱལ་མཚོ་མར་བཤོས་པའི་སྲས། ལྷ་ཐོ་དོ་སྙ་བཙན། ལྷ་ཐོ་དོ་སྙ་བཙན་དང་གནོན་ཟ་མང་མོ་རྗེ་ཇི་དགོས་སུ་བཤོས་པའི་སྲས། ཁྲི་སྙ་ཟུང་བཙན། ཁྲི་སྙ་ཟུང་བཙན་དང༌། འབྲོའ་ཟ་དུང་ཕྱང་བཞེར་དུ་བཤོས་པའི་སྲས། འབྲོ་གཉེན་ལྡེ་རུ། འབྲོ་གཉེན་ལྡེ་རུ་དང་མཆིམས་ཟ་ཀླུ་རྒྱལ་དང་མོ་མཚོར་བཤོས་པའི་སྲས། སྟག་བུ་སྙ་གཟིགས། སྟག་བུ་སྙ་གཟིགས་དང༌། འོལ་གོད་ཟ་སྟོང་ཆུན་འབྲོ་གར་བཤོས་པའི་སྲས། སློང་བཙན་རླུང་ནམ། སློང་བཙན་རླུང་ནམ་དང༌། ཚེས་པོང་ཟ་འབྲིང་མ་ཐོག་དགོས་སུ་བཤོས་པའི་སྲས། སྲོང་ལྡེ་བཙན། སྲོང་ལྡེ་བཙན་དང་མོང་ཟ་ཁྲི་མོ་གཉེན་ལྡོང་སྟེང་དུ་བཤོས་པའི་སྲས། གུང་སྲོང་གུང་བཙན། གུང་སྲོང་གུང་བཙན་དང༌། ཁོན་ཅོ་མང་མོ་རྗེ་ཁྲི་སྐར་དུ་བཤོས་པའི་སྲས། མང་སློན་མང་བཙན། མང་སློན་མང་བཙན་དང༌། འབྲོའ་ཟ་ཁྲི་མ་ལོད་ཁྲི་སྟེང་དུ་བཤོས་པའི་སྲས། འདུས་སྲོང་མང་པོ་རྗེ། འདུས་སྲོང་མང་པོ་རྗེ་དང༌། མཆིམས་ཟ་བཙན་མ་ཐོག་ཐོག་སྟེང་དུ་བཤོས་པའི་སྲས། ཁྲི་ལྡེ་གཙུག་བཙན། ཁྲི་ལྡེ་གཙུག་བཙན་དང༌། སྣ་ནམ་ཟའ་མང་མོ་རྗེ་བཞི་སྟེང་དུ་བཤོས་པའི་སྲས། ཁྲི་སྲོང་ལྡེ་བཙན། ཁྲི་སྲོང་ལྡེ་བཙན་དང༌། ཚེས་སྤོང་ཟ་རྨ་རྒྱལ་ལྡོང་སྐར་དུ་བཤོས་པའི་སྲས། མུ་ནེ་བཙན་དང༌། ལྡེ་སྲོང་བཙན། མུ་བཙན་གདུང་རྒྱུད་ཆད་ནས། ལྡེ་སྲོང་བཙན་དང༌། འབྲོའ་ཟ་ལྷ་རྒྱལ་མང་མོ་རྗེར་བཤོས་པའི་སྲས། ཁྲི་གཙུག་ལྡེ་བཙན་དང༌། འུའི་དུམ་བརྟན། ཞེས་སོ། །འདི་ཡི་བརྡ་རྙིང་རྣམས་བརྡ་གསར་དུ་བསྒྱུར་དགོས་པ་ལྟ་བུ་འདུག་ཀྱང་ལན་གཅིག་མ་དཔེ་ཇི་ལྟར་བྱུང་བ་བཞིན་བཤུས་ཏེ་བཞག་པ་ནི་དགོས་པའི་དབང་གིས་ཡིན། ༧ཡོངས་རྩེའི་འགྲེལ་ལྟར། རྒྱལ་པོ་མུ་ཁྲིའི་སྲས་དེང་ཁྲི་བཙན་པོའི་སྐུ་གཤེན་ཅོའུ་སྨིན་དཀར། གསས་མཁར་ཁོ་མ་ཡོངས་རྩེ་བཞེངས། དེའི་སྲས་སོ་ཁྲི་བཙན་པོ། ཡུམ་སེ་ཟ་སྨན་མོ། སྐུ་གཤེན་ཅོའུ་འོད་དཀར་གསས་ཁང་དགུ་ར་དགུ་ཁྱུད་བཞེངས། དེའི་སྲས་དར་ཁྲི་བཙན་པོ། ཡུམ་དར་ཟ་མ། སྐུ་གཤེན་ཅོའུ་ཤང་དཀར། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས། དེའི་སྲས་ཡེ་ཁྲི་བཙན་པོ། ཡུམ་སྨན་ཁྲི་ཕྱུག་མོ། སྐུ་གཤེན་ཅོ་ན་མི་ཆེན། གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས། དེའི་སྲས་སེང་ཁྲི་བཙན་པོ། ཡུམ་སེང་སྨན་ཐང་མོ། སྐུ་གཤེན་ཅོའུ་ཞལ་དཀར་གསས་མཁར་མཁོ་མ་རུ་རིང་བཞེངས།
          དེ་ལྟར་གྲི་གུམ་ཡན་གྱི་རྒྱལ་པོ་རྣམས་ལ་སྤྱི་གཙུག་ཏུ་འོད་གྱི་དམུ་ཐག་སྐྱ་ན་རེ་བ་ཡོད་པས། འདས་པའི་དུས་སུ་སྐུའི་ཞབས་ནས་ཡལ་ཏེ། སྤྱི་གཙུག་གི་དམུ་ཐག་ལ་ཐིམ། འོད་གྱི་དམུ་ཐག་ཀྱང་དགུང་དུ་ཐིམ་ནས་འགྲོ་བས། གནམ་གྱི་ཁྲི་བདུན་ཞེས་བྱའོ། །ཞེས་དང༌། བྱམས་མ་སྐྱོན་སྐྱོབ་ལས། རྒྱལ་རབས་དེ་དྲུག་གི་རིང་ལ། བླ་མ་ཆེ་དྲུག་གི་བོན་དར་ཏེ། ཕ་རྒྱུད་བླ་ན་མེད་པའི་བོན་དང༌། མ་རྒྱུད་བླ་ན་མེད་པའི་བོན། ཐེག་པ་བླ་ན་མེད་པའི་བོན། སྤྱོད་པ་བླ་ན་མེད་པའི་བོན། འབྲས་བུ་བླ་ན་མེད་པའི་བོན། དོན་དམ་བླ་ན་མེད་པའི་བོན་རྣམས་དར་རོ། །ཞེས་སོ། ། མུ་འགོད། ཐ་ཚན་མུ་ཙུག་སྨར་རོ།།

No comments: