Friday, January 22, 2016

འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་བཅོ་ལྔ་པ། རྫོགས་སོ།།

༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག
གཡུང་དྲུང་བོན་གྱི་བསྟན་པའི་སྒོར་འཇུག་ཚུལ།
          གཡུང་དྲུང་བོན་གྱི་བསྟན་པའི་སྒོར་འཇུག་པའི་གང་ཟག་གིས། བྱང་ཆུབ་བསྒྲུབ་པའི་ཚུལ་ལ། རྨད་བྱུང་བསླབ་པ་རྣམ་པ་གསུམ་གྱིས་རྒྱུད་བསྡམས་ནས། དཔྱོད་ལྡན་རིགས་ལམ་ལ་བརྟེན་ནས་མདོ་སྔགས་ཀྱི་གནད་བཙལ། དེ་རང་གི་རྒྱུད་ཐོག་ཏུ་བཀལ་ཏེ་བྱང་ཆུབ་བསྒྲུབ་པའི་ཚུལ་ནི། བཅུད་ལྡན་ཏེ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཐའ་ཡས་པས་གང་བའི་དགེ་བའི་བཤེས་གཉེན་དང༌། ཁྱད་པར་དུ་གཞུང་གང་བཤད་པ་སྐབས་སུ་བབ་པ་དེའི་གནད་དོན་ལ་དོགས་པ་ཆོད་པ་ཞིག་བཙལ། དེ་ལ་བསྟེན་ཏེ། དོན་ལྔ་དང་ཚུལ་གསུམ་གྱི་སྒོ་ནས་རྗེས་སུ་དཔག་པའི་བློ་བཙལ། བློ་དེ་ཡང་མདོ་སྔགས་སེམས་གསུམ་གྱི་གདམས་པ་ལ་འཇུག་ཅིང་མཐའ་ཆོད་པའི་རྙེད་དོན་རང་རྒྱུད་ལ་སྦྱར་ཏེ་བྱང་ཆུབ་བསྒྲུབ་པའི་ཚུལ་གཅིག་ཡོད་ལ། གཞུང་ཡང་སྔ་རབས་ཀྱི་དུས་སུ་སྔགས་སེམས་གཙོ་བོར་སྟོན་པའི་རྒྱུད་གཞུང་བྱང་སེམས་གབ་པ་རྩ་འགྲེལ་དང༌། ཕར་ཕྱིན་གྱི་གནས་རྣམས་སྟོན་པ། ས་ལམ་གྱི་ཡིག་ཆ་རྣམས་དང༌། གནས་ཆེན་བཅུ་བདུན་སྟོན་པའི་གཞུང༌། མཛོད་རྩ་འགྲེལ་བཅས་ཀྱི་སྒོ་ནས་གཞུང་ལུགས་རབ་འབྱམས་ལ་སློབ་པ་དང༌། ཕྱིས་སུ་མཉམ་མེད་པའི་ཕྱིན་ཆད་མདོ་དོན་གཙོ་བོར་སྟོན་པའི་ཚད་མ་གཞུང་འགྲེལ་དང་སྔགས་དོན་གཙོ་བོར་སྟོན་པའི་ཚད་མའི་ཡིག་ཆ། ཕར་ཕྱིན་ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་བཞི་བཅུ་ཞེ་ལྔ་བཅས་པ་སྟོན་པའི་གཞུང་སྐབས་བརྒྱད་ཆ་ལག་ཆ་རྐྱེན་དང་བཅས་པ་དང༌། དངོས་བསྟན་སྟོང་ཉིད་གཙོ་བོར་སྟོན་པ་ཟབ་མོ་དབུ་མའི་གཞུང་ཆ་ལག་ཆ་རྐྱེན་དང་བཅས་པ་དང༌། རྣམ་དག་འདུལ་བའི་གཞུང་འགྲེལ་བ་རྒྱས་འབྲིང་བསྡུས་པ་རྣམས་དང༌། གནས་ཆེན་བཅུ་བདུན་སྟོན་པའི་མཛོད་གཞུང་དང་ཆ་ལག་འགྲེལ་བ་མཐའ་དཔྱོད། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མ་གཞུང་འགྲེལ་དང་བཅས་པ་ལ་བརྟེན་ཏེ་རིམ་གཉིས་ཀྱི་སྒོ་ནས་སྔགས་ཀྱི་ས་ལམ་བསྒྲོད་པའི་ཚུལ་སོགས་སྦྱང་ཞིང་བསླབ་པའི་སྲོལ་གཅིག་དང༌། དད་པ་ཅན་སྐྱ་སེར་གང་རུང་མང་པོ་རང་གང་ལ་མོས་པའི་བླ་མ་དགེ་བའི་གཤེས་གཉེན་ཞིག་བཙལ་ཏེ། དེ་ལས་འཁོར་བ་ནི་འཇིགས་ཤིང་སྡུག་བསྔལ་མི་བཟོད་པའི་གནས་ཡིན་པའི་ཚུལ་དང༌། དེ་ལས་སྐྱོབས་པའི་ནུས་པ་མཐར་ཐུག་པ་ནི་རྫོགས་པའི་སངས་རྒྱས་ཁོ་ན་ལ་མངའ་བ་ཡིན། དེ་ཡང་གང་ཟག་རང་རང་གི་རྒྱུད་ཀྱི་འཁོར་བའི་འཇིགས་པ་ནི་རང་གི་ཐོབ་བྱ་གྱུར་པའི་སངས་རྒྱས་དེ་ཡིས་བཅོམ་པ་ལས་རྒྱུད་ཐ་དད་པའི་སངས་རྒྱས་ཀྱིས་རྒྱུད་ཐ་དད་པའི་སེམས་ཅན་གྱི་འཁོར་བའམ་ལས་ཉོན་དངོས་སུ་སྤོང་བ་མི་སྲིད་པའི་ཕྱིར་ཏེ། དེ་ལ་གནོད་པ་མི་བྱེད་པའི་ཕྱིར། དེས་ན་རང་གི་ཐོབ་བྱར་གྱུར་པའི་སངས་རྒྱས་དེ་བསྒྲུབ་པ་ནི་ནང་པ་གཤེན་རབ་པའི་གྲུབ་མཐའི་སྒོར་ཞུགས་ཏེ་བསྒྲུབ་པ་མ་གཏོགས་དེ་ལས་གཞན་པའི་གྲུབ་མཐའ་གང་ནས་ཀྱང་རྫོགས་པའི་སངས་རྒྱས་འགྲུབ་མི་སྲིད་པའི་ཕྱིར་ཏེ། དེ་བསྒྲུབ་པའི་ཐབས་ཁྱོད་ལ་མེད་པའི་ཕྱིར།

          ནང་པ་གཤེན་རབ་པའི་གྲུབ་མཐའི་སྒོར་འཇུག་པའི་ཚུལ་ནི། སངས་རྒྱས་བོན་དང་སེམས་དཔའ་གསུམ་ལ་དཀོན་མཆོག་གསུམ་དུ་བརྗོད་ཅིང༌། དེའི་སྟེང་དུ་བླ་མ་བསྣན་པས་སྐྱབས་གནས་ཡུལ་མཆོག་གནས་བཞི་ཞེས་བརྗོད། སྐྱབས་གནས་དེ་རྣམས་ལ་ཁྱོད་ཤེས་སྙམ་པའི་བློ་ངེས་པར་གཏད་པའི་རིག་པ་ནི་སྐྱབས་འགྲོ་ཡིན་ཞིང༌། འདི་ལྟར་གྱི་སྐྱབས་འགྲོ་བཟུང་ནས་སྐྱབས་ཡུལ་ཁྱད་པར་ཅན་དེ་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བར་འདོད་པའི་དམ་བཅའ་ནི་སྐྱབས་སྡོམ་དང༌། ཟ་འཐུང་གི་ཕུད་དཀོན་མཆོག་ལ་འབུལ་བ། མུ་སྟེགས་པ་དང་འཇིག་རྟེན་དྲེགས་པའི་ལྷ་སོགས་ལ་མཐར་ཐུག་གི་སྐྱབས་སུ་མི་བཟུང༌། སེམས་ཅན་ལ་གནོད་འཚེ་སྤོང་བ། མུ་སྟེགས་པའི་གྲོགས་པོ་མི་བསྟེན་སྐུ་གཟུགས་མཆོད་རྟེན་གསུང་རབ་གླེགས་བམ་ལས་སོགས་པར་མོས་གུས་ཇི་ཆེ་བྱ་བ་སོགས་ནི་སྐྱབས་འགྲོའི་བསླབ་བྱ་ཞེས་བྱ་སྟེ་རྟག་ཏུ་ཆེད་དུ་གཉེར་བར་བྱ་བ་ནི། ནང་པ་གཤེན་རབ་པའི་སྒོར་འཇུག་པའི་གནས་སོ། །དེ་ལྟའི་ཚུལ་ལ་གནས་པའི་གང་ཟག་དེ་ནི་གཡུང་དྲུང་བོན་ལ་སྤྱོད་པའི་བོན་པོ་ཡིན་ལ། གཞན་ཡང་རྫོགས་པའི་སངས་རྒྱས་ཀྱི་འཁོར་དུའང་འགྱུར་བ་ཡིན་ཏེ། སྡོམ་པ་སྣ་གཅིག་མ་བསྲུང་ན། སྟོན་པ་ང་ཡི་འཁོར་དུ་མི་གཏོགས་སོ། །ཞེས་གསུངས་པས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་བསླབ་སྡོམ་གང་རུང་ཞིག་བསྲུང་ན་རྫོགས་པའི་སངས་རྒྱས་ཀྱི་འཁོར་དུ་འགྱུར་བ་ཡིན་པར་གསུངས་པའི་ཕྱིར། སྐྱབས་འགྲོ་རྒྱུད་ལ་སྐྱེ་བའི་ཐབས་སུ་འཁོར་བས་བསྡུས་པའི་མཐོ་རིས་དང་ངན་སོང་གི་གནས་ཐམས་ཅད་ལ་བདེ་བའི་གོ་སྐབས་ནམ་ཡང་མེད་པར་ཤེས་ཏེ་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་ཅན་བསྐྱེད། དགེ་འབྲས་ལ་བདེ་བ་དང༌། སྡིག་འབྲས་ལ་སྡུག་བསྔལ་འབྱུང་བའི་ཚུལ་ལ་དངོས་སྟོབས་རིགས་པས་བསླུ་བ་མེད་པར་རྟོགས་ཏེ་སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤང༌། དགེ་བ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ་པ་དང་སྤྱིར་འདུས་བྱས་ཐམས་ཅད་དང༌། ཁྱད་པར་རྙེད་དཀའ་བའི་ལུས་རྟེན་འདི་ཉིད་མི་རྟག་པའི་གང་བུ། འཇིག་སླ་ཞིག་ཡིན་པའི་ཚུལ་ལ་བློ་བརྟན་པོ་གོམས་ཤིང་འདྲིས་པར་བྱ་བ་ནི་སྔོན་དུ་འགྲོ་བའི་སྐབས་སམ་སྣོད་རུང་དུ་བསྒྲུབ་པའི་ཚུལ་ལོ། །འཁོར་བ་དང་འཁོར་བའི་བོན་ཐམས་ཅད་སྡུག་བསྔལ་ཟུང་བཞིས་ཁྱབ་པར་མནན། སྡུག་བསྔལ་ནི་སྐད་ཅིག་ཙམ་ཡང་བཟོད་གླག་མེད་པའི་རང་བཞིན་ཅན་ཡིན་པར་ཤེས། དེ་ལྟའི་སྡུག་བསྔལ་རྣམས་རང་དང་རྒྱུད་ཐ་དད་པའི་སེམས་ཅན་གང་གིས་མྱོང་བར་གྱུར་ཡང་མི་བཟོད་པའི་ཚོར་བ་སྐྱེ་བ་མཚུངས་མོད་ཀྱང༌། དེ་སྤོང་བའི་ཐབས་ལ་མ་མཁས་ནས་མཐའ་མེད་འཁོར་བའི་ཞིང་དུ་ཡང་ཡང་འཁོར་བ། ལས་ངན་པའི་འབྲས་བུས་ཡང་ཡང་མནར་བ་འདི་རྣམས་ཐམས་ཅད་ཀྱི་ཚུལ་ལ་ཇི་ལྟར་བརྟགས་ཀྱང༌། འཇིགས་ཤིང་སྐྱོ་བའི་རང་བཞིན་དུ་ལགས་ན་འདི་རྣམས་ཀྱི་སྦྱོང་ཚད་ཀྱི་རྣམ་པར་སྨིན་པ་དང༌། སྡུག་བསྔལ་འདི་རྣམས་ཉེ་བར་ཞི་བ་དང་ཐར་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་སྙིང་རྗེ། བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། དེ་ལྟའི་སྡུག་བསྔལ་དང་བྲལ་བདེ་བ་དང་རྒྱུན་དུ་མི་འབྲལ་བ་གནས་ན་ཅི་མ་རུང་སྙམ་པའི་དགའ་བ། འདི་ལྟ་བུའི་ཕན་སེམས་རྣམས་འགྲོ་བ་ཡོངས་ལ་རིས་སུ་མ་ཆད་པར་ཡོད་འདོད་ཀྱི་བཏང་སྙོམ་དང༌། ད་ལྟ་སྐབས་འདིར་འགྲོ་བ་གཞན་ལ་ཕན་སེམས་བསྒོམ་རུང་འགྲོ་བ་གཞན་རྒྱུད་ལ་ཡོད་པའི་སྡུག་བསྔལ་བསལ་བའི་ཐབས་ལ་ཉེ་བར་འཇུག་པའི་ནུས་པ་མེད་པས། སྡུག་བསྔལ་མཐའ་དག་དང་བྲལ། བདེ་བ་ཐམས་ཅད་དང་ལྡན་པའི་ཐབས་རྫོགས་པའི་སངས་རྒྱས་གཅིག་པུ་ལ་མངའ་བ་ཡིན་ཞིང༌། འགྲོ་བ་རྣམས་སྡུག་བསྔལ་དང་བྲལ་བ་ལ་སྐད་ཅིག་ཙམ་གྱི་ཡང་སྔ་འཕྱི་ཡོད་པས་བདག་གིས་དུས་ད་ལྟ་ནས་བཟུང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཉེ་བར་ཐོབ་པར་བྱ། སྙམ་པའི་ཐེག་ཆེན་སེམས་བསྐྱེད། སེམས་དེ་བསྐྱེད་ནས་རང་ཁར་འདུག་པའི་སྐབས་མེད་པར། སེམས་བསྐྱེད་དེས་བསྐུལ་མ་བྱས་ཏེ་ཚོགས་གཉིས་བསགས། དེའང་ཕར་ཕྱིན་བཅུ་ཡི་ཁོངས་སུ་འདུ་བ་ཡིན་ཏེ། སྦྱིན་པ། ཚུལ་ཁྲིམས། བཟོད་པ་སྟོབས་དང་སྙིང་རྗེ་སྨོན་ལམ་ཐབས་མཆོག་རྣམས་བསོད་ནམས་ཀྱི་ཚོགས་དང༌། ཤེས་རབ་བསམ་གཏན་གཉིས་ནི་ཡེ་ཤེས་ཀྱི་ཚོགས་བརྩོན་འགྲུས་ནི་གཉིས་ཀའི་གྲོགས་སུ་འགྲོ་བའོ། །ཤེས་རབ་ནི། ཐེག་ཆེན་མདོ་ལས། མུ་སྟེགས་ལྟ་བ་ཤིན་ཏུ་མི་བདེན་ཏེ། ང་དང་བདག་ནི་ཡོད་པ་མ་ཡིན་ནོ། །ཞེས་དང༌། ཐིག་ལེའི་མདོ་ལས། བོན་ཐམས་ཅད་ཀྱི་ངོ་བོ་ནི། ཅིར་ཡང་དམིགས་སུ་མེད་དང༌། ཞེས་དང༌། བྱམས་མ་འབུམ་ལྔ་ལས། སྣང་བར་གྲུབ་པ་བདེན་མེད་དེ། རང་གཞན་རྒྱུ་མེད་གཉིས་ཀ་ལ། བརྟགས་ན་སྐྱེ་བའི་གནས་མེད་དོ། །ཞེས་གསུངས་པས། བོན་ཐམས་ཅད་རྟོག་པས་བཏགས་ཙམ་མིན་པར་ཡུལ་རང་ངོས་ནས་གྲུབ་པ་མེད་པས་ན། ལས་འབྲས་ཐར་འཁོར་གྱི་རྣམ་བཞག་རང་བཞིན་མེད་བཞིན་དུ་བཞག་རུང་བ་རིགས་པའི་སྒོ་དུ་མ་ནས་གཏན་ལ་ཕབ།
          གཞན་ཡང་སྐལ་མེད་ཕལ་མོ་ཆེའི་གང་ཟག་གིས་ཐོས་དང་བསམ་པ་ཙམ་གྱིས་སྙིང་འགས་པར་བྱེད་ཅིང༌། སྐལ་ལྡན་ལས་ཅན་གྱི་སྐྱེས་མཆོག་དག་ཚེ་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཏེ་སྐུ་གསུམ་མངོན་དུ་བྱེད་པའི་ཐབས་ཟབ་མོ་ཡེ་གྲོལ་བླ་མེད་རྫོགས་པ་ཆེན་པོའི་མན་ངག་གིས་གཞི་ཀ་དག་དང་ལྷུན་གྲུབ་གཉིས་གཏན་ལ་ཕབ། ལམ་ཁྲེག་ཆོད་དང་ཐོད་རྒལ་གྱི་སྒོ་ནས་འབྲས་བུ་སྐུ་གསུམ་རྫོགས་པའི་སངས་རྒྱས་སྒྲུབ་པའི་ཚུལ་བསྟན་པ་ཡིན་ནོ།། །།

རྗེས་བྱ་མཇུག་གི་དོན་བསྟན་པ།
བཟོད་མེད་ལས་ཀྱི་རྣམ་སྨིན་བསམ་ཡས་ཀྱིས། །
འཕངས་པ་འཁོར་བའི་སྡུག་བསྔལ་ཟུག་རྔུའི་ནད། །
སེལ་བའི་བདུད་རྩི་རྒྱལ་བའི་བསྟན་པ་ཉིད། །
མཐོང་ནས་དེ་ལ་གུས་པ་ཆེར་འཕེལ་ལོ། །

ཇི་ལྟར་རྒྱལ་བའི་བསྟན་པ་འཕེལ་བའི་ཕྱིར། །
རྣམ་དག་ལུང་དོན་བཤད་ཚེ་མཁས་འདོད་མཐོང༌། །
སྨྲ་བ་དོར་ཏེ་བསྒོམས་ན་དོན་མི་འགྲུབ། །
ད་ནི་བསྟན་འདི་ཇི་ལྟར་བགྱི་སྟེ་བཟུང༌། །

རིགས་པའི་ལམ་ནས་གཞུང་དོན་དྲང་བཤད་ན། །
སྔ་ཕྱིའི་འཁྱོག་སྨྲ་དུ་མའི་ཐུགས་དང་འགལ། །
དེ་དང་བསྟུན་ན་རང་གི་ལུང་མི་མཐུན། །
དེང་དུས་བོན་བཤད་བྱེད་པའང་དེ་ལས་དཀའ། །

རྒྱལ་བ་སྲས་བཅས་འཕགས་པས་བསྒྲུབས་པའི་དགེ །
རང་གཞན་སོ་སྐྱེས་བྱས་བསགས་རྣམ་དཀར་ཆ། །
མ་ལུས་རྒྱལ་བསྟན་རྒྱས་པའི་དངོས་པོ་དང་། །
འགྲོ་ཚོགས་བདེ་ལེགས་འགྲུབ་པའི་རྒྱུར་གྱུར་ཅིག །

          བོད་ཀྱི་ཡུལ་ལྗོངས་རྒྱ་ཆེ་ལ་ཡུལ་ཁག་སྟོད་སྨད། ཚ་གྲང༌། རྩི་ཤིང་རི་གཡུང༌། བྱ་རིགས། ཆུ་གནས་སོགས་རང་གིས་ཤེས་ཚོད་ཙམ་དུ་བྲིས་པ་ཡིན་གྱི་བོད་དུ་འདི་ཙམ་དུ་མཐའ་ཆོད་ཅེས་མ་སྨྲས་པས་ཕྱི་རབས་བོད་གཞོན་རྣམས་ལ་ཕན་པ་མཆིས་ཚེ་མི་རིགས་ཡུལ་ཁག་མི་མཐུན་པའི་རྒན་མྱོང་བློ་གྲོས་ཅན་ལ་གཏུགས་ནས་དྲང་པོར་འབྲི་ཤེས་ན་ལོ་རྒྱུས་དོན་མཐུན་འབྱུང་རྒྱུ་ཡིན་པས་དེ་ལུགས་ཐུགས་གཞུག་ཞུ། འདི་ལྟར་གྱི་འབྲི་ཚུལ་སྔར་ལུགས་ལྟར་ན་ཁྲེལ་བའི་གནས་སུ་མཐོང་མོད་ཀྱང༌། ཡུལ་ཁམས་དུ་མའི་སྐད་དང་ཤེས་རིག་གི་མྱོང་བ་ཡོད་པ་ཡིན་ན་འདི་ཡང་བོད་སྐོར་གྱི་རྒྱན་དུ་འགྱུར་བ་རྟོགས་ནུས་དེ་མིན་རྒྱལ་རབས་བཤད་ཁུལ་གྱིས་ཆོས་དང་གང་ཟག་ལ་སྡང་སྨོད་ཟུར་ཟ་གང་ཆེ་བྱུང་བ་བསྟན་པའི་གསལ་བྱེད་དུ་བྱེད་པའི་བོད་ལུགས་ཡོད་པའང་ཤེས་མོད་ཀྱི། ད་ལྟ་བརྗོད་བྱ་ཇི་ལྟར་དམ་བཅས་པ་དེ་བཤད་པ་ཡིན་ནོ། །
          ཚུལ་འདི་བོད་ཀྱི་ལམ་ལུགས་ལོ་རྒྱུས་རྩོམ་སྒྲིག་ཚོགས་པས་བསྐུལ་མ་གནང་བ་བཞིན་གཙང་ཐོབ་རྒྱལ་སྨན་རི་བའི་སློབ་ཟུར་བསྟན་འཛིན་རྣམ་དག་གིས་བརྩམས་པ་དགེ། མུ་ཙུག་སྨར་རོ།། །།







དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཁྱུང་བཙུན་ཁྲི་ལྡེ་ཚུལ་ཁྲིམས་ཀྱིས་མ་དཔེ་སཾ་བྷོ་ཊའི་ཡིག་གཟུགས་ཅན་མཐུན་འགྱུར་གནང་བ། ཁྱུངཿསྨོན་ལམ་པས་ཧི་གཟུགས་སུ་བསྒྱུར་རྗེས་ཞུ་དག་བྱས། ཐ་ཚན་མུ་ཙུག་སྨར་རོ།།

No comments: