Friday, January 15, 2016

འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་བདུན་པ།


༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག
གྲི་གུམ་བཙན་པོའི་སྐོར།
          ཡོངས་རྩེའི་འགྲེལ་ལྡེབ་༼༢༦༽ གཉིས་པ་བར་གྱི་ལྡིང་གཉིས་ནི། རྒྱལ་པོ་སེང་ཁྲི་བཙན་པོའི་སྲས། སོགས་ནས་མཚན་གྱི་གྲི་རུམ་བཙན་པོ་བཏགས་སོ། །སྐུ་གཤེན་ཅོའུ་ཚེམས་དཀར། གསས་མཁར་ས་ལེ་བྱེལ་ཚང་བཞེངས། ཚེ་སྨད་ལ་བོན་བསྣུབས་པའི་བཀའ་ཆད་ཀྱིས། སྤྱི་གཙུག་གི་དམུ་ཐག་བཅད། འབངས་ལོ་ངམ་གྱིས་གྲིར་བཀྲོངས་བས་གྲི་གུམ་བཙན་པོ་གྲགས་སོ། །ཞེས་དང༌། བླ་ཆེན་དྲན་པས་མཛད་པའི་མཛོད་སྒྲ་འགྲེལ་ལས། དུས་དེ་ཙམ་ན། ཡུལ་ཉང་རོ་སྟག་ཚལ། མཁར་ཉང་རོ་ཤམ་པོ་ན། བཙན་པོ་ཁྲི་ལྡེ་ཡག་པ་དང་བཙུན་མོ་སྦྲང་ཟ་ལྷ་རྒྱན་གཉིས་ལ། སྲས་ཐེའུ་རང་མང་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་ཏེ། ཟླ་དགུ་ངོ་བཅུ་ན་སྲས་ཤིག་སྐུ་འཁྲུངས་པ། སོགས་ནས་སྐུ་གཤེན་ཕ་ཝ་མཚེ་ཅོ་ཡིས། མཚན་ཡང་གྲི་རུམ་བཙན་པོ་བཏགས་སོ། །དེ་དང་དབལ་ཟ་ཁྲི་བཙན་འཚོས་པ་ལས། ནམ་གྱི་གུང་ལ་སྲས་བྱ་རྟ་སྤྱང་གསུམ་གྱི་སྤུ་ལ་སྐྲ་དང་བ་སྤུ་བྱས་པ་ཞིག་བྱུང་སྟེ། མཚན་ཡང་སྤུ་ལྡེ་གུང་རྒྱལ་དུ་བཏགས་སོ། །ཞེས་དང༌།
ལི་ཡུལ་གྱི་ཡིག་རྙིང་ལས་བྱུང་བའི་བོད་རྒྱལ་གྲི་གུམ་གྱི་སྐོར། དྲི་གུམ་བཙན་པོ་སྐུ་ཆུང་བའི་ཚེ་མཚན་ཇི་གདགས་ཤེས། མ་མ་གྲམ་ཞ་མ་སྐྱེ་བརླིང་མ་ལ་དྲིས་ན། མ་མའི་མཆིད་ནས་ཀྱི་བྲག་མར་བ་ནི་རྙིལ་རམ་མ་རྙིལ། དང་མ་འབྲི་སྤངས་ནི་མྱེས་ཚིག་གམ་མ་ཚིག་མཚོ་དམ་ལེ་དབལ་མཚོ་ནི་སྐམས་སམ་མ་སྐམ་ཤེས་མཆི། བྲག་མ་རྙིལ་མཚོ་ཡང་མ་སྐམས། སྤང་ཡང་མྱེས་མ་ཚིག་ཅེས་བགྱིས་ན། མ་མ་གྲོ་ཞ་མ། རྒས་ནས་རྣ་ལོག་པར་ཐོས་ཏེ། བྲག་ཀྱང་རྙིལ། སྤང་ཡང་མྱེས་ཚིག་མཚོ་ཡང་སྐམས་ཤེས་ཐོས་ནས། འོན་ཏང་ཆུ་དགུམ་སྲི་གུམ་གྱིས། དྲི་གུམ་བཙན་པོར་མཚན་ཐོག་ཤིག་ཆེས་མཆིས་ནས། དྲི་གུམ་བཙན་པོར་མཚན་བཏགས་ནས། མཚན་བཏགས་ནོར་ཏེ། ཐུགས་སུ་ཡང་ཞུགས། ལྡེ་སྲས་མྱིའི་མྱི་ཚུལ་ཏེ། མངོན་པར་དགུང་དུ་གཤེགས་པ་ལ་སྩོགས་པ་འཕྲུལ་དང་བྱིན་ཆེད་པོ་མངའ་བས། དྲོད་དང་དྲེགས་མ་ཐུབ་སྟེ། བཙན་འདྲན་བདའ་ནས། ཡབ་འབངས་ཕ་དགུའང་ང༌། ཡུམ་འབངས་ཚན་གསུམ་ལ་དགྲ་རུ་རྒལ་གཡག་ཏུ་བརྡུང་ཕོད་དམ་ཞེས་པའི་བཀའ་སྩལ་ན། སོ་སོ་ནས་ཀུན་གྱིས་མྱི་ཕོད་ཆེས་གསོལ་ཏོ། འུང་ནས་ལོ་ངམ་གྱིས་གསོལ་པ། དེ་ལྟར་མྱི་གནང་ན། ལྷའི་དཀོར་མདུང་རང་འདེབས་དང༌། རལ་གྲི་རང་གཅོད་དང༌། ཁྲབ་རང་གྱོན་དང་ཕུབ་རང་བཟུར་ལ་སྩོགས་པ། འཕྲུལ་གྱི་དཀོར་ཆེད་པོ་མངའ་བའ་རྣམས་བདག་ལ་སྩལ་ན་ཕོད་ཅེས་གསོལ་ཏེ། དེ་ནས་ལྷ་ཡི་དཀོར་ཐབས་ཤད་རྩལ་ཏོ། འུང་ནས་ལོ་ངམ་རྟ་རྫི་ཡང༌། མཁར་ཉང་རོ་ཤམ་པོར་སྔར་མཆིས་སོ། །བཙན་པོ་ཡང་མྱང་རོ་ཤམ་པོར་གཤེགས་ནས། མྱང་རོ་ཐལ་བ་ཚལ་དུ་གཡུལ་བྲེལ་ནས། འུང་ནས་རྟ་རྫིའི་མཆིད་ནས། དབུའ་འབྲིང་ཟང་ཡག་ཀྱང་གཅད་དུ་གསོལ། དབུའ་སྐས་སྟེན་དགུའ་ཡང་ཁ་ཐུར་དུ་བསྟན་དུ་གསོལ་ནས། དེ་རྣམ་གཉིས་ཀྱང་དེ་བཞིན་གནང་ངོ༌། །འུང་ནས་ལོ་ངམ་གྱིས་གླང་པོ་བརྒྱའ་ལ། གསེར་གྱི་མདུང་རྩེ་ཉིས་བརྒྱའ་རྭ་ལ་བཏགས་ཏེ། རྒྱབ་ཏུ་ཐལ་བ་བཀལ་ནས། གླང་ནང་འཐབ་སྟེ་ཐལ་བ་གཐོར་ནས། དེའི་ནང་དུ་ལོ་ངམ་གྱིས་བརྒལ་ཏེ། བཙན་པོ་དྲི་གུམ་ལྡེ་བླ་གུང་རྒྱལ་གྱིས་གནམ་དུ་དྲངས་ན། ལོ་ངམ་གྱིས་མཆན་ནས་སྤྲེའུ་ཕྱུང་བས། ལྡེ་བླ་གུང་རྒྱལ་ནི་ཏི་ཙེ་གངས་རུམ་དུ་འཕངས་ཏེ་གཤེགས་སོ། །བཙན་པོ་དྲི་གུམ་ཡང་དེ་རུ་བཀྲོངས་ནས། སྤུར་ཟངས་བརྒྱའ་ཁ་སྤྲོད་ཀྱི་ནང་དུ་བཅུག་སྟེ་རྩང་ཆུའི་གཞུང་ལ་བཏང་ངོ༌། །ཆབ་གཞུང་སེར་ཚངས་སུ་ཀླུ་འོད་དེ་བེད་དེ་རིང་མོའི་ལྟོར་གཤེགས་སོ། །སྲས་གཉིས་ཀྱང་ཤ་ཁྱི་དང་ཉ་ཁྱིར་བཏགས་ཏེ་རྐོང་ཡུལ་དུ་སྤྱུགས་ཏེ་བཀྲའོ། །འུང་གི་རྗེས་ལ་དྷྱ་མོ་དྷུལ་བཞི་ཁུགས་དང༌། སྣ་ནམ་བཙན་བཞོང་རྒྱལ་གཉིས། སྲིད་ཀྱི་ཁྱི་བོ་ཆེ་འོན་ཟུག་ཡར་གྲགས་དང༌། འཇང་གི་སྐུ་ལི་མ་འཇང་དང་འོན་སྐུ་གཉིས་ཀྱི་སྤུ་ལ་དུག་བཀུས་ཏེ། འཕྲང་པོའི་བྲག་གཡའ་བོ་འདའ་ནས། ཕོ་ལ་ལྟས་སུ་བལྟས་ན་ལྟས་བཟང་སྟེ། ཡུལ་མྱང་རོ་ཤམ་པོ་དྲུང་དུ་ལྷགས་ནས་ཐབས་ཀྱིས་བརྒྱུད་དེ། ཁྱིའི་སྤུ་ལ་དུག་ཡོད་པ་དེ་ངའི་རྟ་རྫིས་ཁྲིད་ནས། ཁྱི་བཟང་པོ་ལོ་ངམ་གྱི་ལག་གིས་བྱུགས་པ་དང༌། ངའི་རྟ་རྫིས་ཁྱི་སྤུ་ལ་དུག་བསྐུས་པས་ལག་བྱུག་སྟེ་བསད་དོ། །ཤ་བླན་ནོ། །འུང་གི་འོག་ཏུ་བཀྲགས་ཀྱི་བུ་རུ་ལ་སྐྱེས་ཕ་ཚན་དང་དྷྱ་ཕ་ཚན་དུ་འཐབས་སོ། །དྷྱས་བཀྲགས་རབས་ཆད། དུད་སྣ་ཕོ་ལོ་བཀྲགས་ཀྱི་ཆུང་བ་གཆིག་བྲོས་ཏེ། ཕ་མྱིང་གི་ཡུལ་དུ་ཐར་རོ། །ལྟོན་བུ་ཁྱེར་ཏེ་སོང་བ་བྱུང་ངོ༌། །བུ་སྤུས་ལ་འགྲེང་ནུས་ཙམ་ནས་མ་ལ་མྱི་གང་བྱ་གང་ལ་རྗེ་བོ་ཡོད་ན་ང་ཡི་རྗེ་བོ་ག་ར་རེ། མྱི་གང་བྱ་གང་ལ། ཕ་ཡོད་ན་ངའི་ཕ་ག་རེ་ཞེས་ཟེར་ཏོ། །ང་ལ་སྟོན་ཆིག་ཅེས་མཆི་ན། མའི་མཆིད་ནས། མྱིའུ་ཆུང་ཁ་མ་ཆེ་ཤིག་རྟེའུ་ཆུང་ཁ་མ་དྲག་ང་མྱི་ཤེས་ཤེས་བྱ་ན། སྤུས་ཀྱི་བུ་ངར་ལེ་སྐྱེས་ཀྱི་མཆི་ནས། ང་ལ་མྱི་བསྟན་ན་ཤེར་འགྲོ་ཞེས་བགྱིས་པ་དང༌། མས་ཀྱང་དགོད་བསྟན་ཏེ། ཁྱོད་ཀྱི་ཕ་ནི་དྷྱས་བསད་དོ། །ཁྱོད་ཀྱི་རྗེ་བོ་བཙན་པོ་ནི་ལོ་ངམ་རྟ་རྫིས་བཀྲོངས་ཏེ། སྤུར་ནི་ཟངས་བརྒྱའ་ཁ་སྤྲོད་ཀྱི་ནང་དུ་བཅུག་སྟེ། རྩང་པོའི་གཞུང་ལ་བཏང་ངོ༌། །ཆབ་གཞུགས་སེར་ཚངས་དུ་ཀླུ་འོད་དེ་རིང་མོའི་ལྟོར་གཤེགས་སོ། །སྲས་མཆེད་གཉིས་ནི་ཤ་ཁྱི་དང་ཉ་ཁྱི་བཏགས་ཏེ། རྐོང་ཡུལ་དུ་སྤྱུགས་ཏེ་བཀྱེའོ། །འུང་ནས་སྤུས་ཀྱི་བུ་ངར་ལ་སྐྱེས་ཀྱི་མཆིད་ནས། ང་མྱི་རླག་གི་ནི་རྗེས་གཅོད། ཆུ་རླག་གི་ནི་དབྱེས་ཚལ་དུ་འགྲོ་ཤེས་མཆི་ནས་ཆས་ཏེ་སོང་ངོ༌། །རྐོང་ཡུལ་བྲེ་སྣར་རུ་སྲས་ཕྱི་འབྲོག་གདེང་ཕྱོལ་ཕྱོལ་གྱི་ཆའོ། །དོག་ཡབ་ཀྱི་ཆར་མ་མཆིས་ན། ས་འོན་བུ་སྤུར་ཁོག་ཁོག་ཅེས་གསུངས་སོ། །མེན་པ་འཕྲེང་བ་འེ་ལ་འདའ་སོ། ཏིང་སྲབ་རོང་རོངས་འདའས་སོ་བ་ཆོས་གུས་དང་དུ་གཤེགས་སོ། །མྱང་རོ་ཤམ་པོར་གཤེགས་ན། ལོ་ངམ་ཕོ་བརྒྱའ་ནི་ཟངས་བུ་བརྒྱའ་གླད་ལ་ཕུབ་ནས་ལྕེབ་སོ། ལོ་ངམ་མོ་བརྒྱའ་ནི་སླང་ང་བྲང་ལ་འཆར་ཏེ་ངོག་གོ །མྱང་རོ་ཤམ་པོ་ཕབ་བོ། །འགྲོང་ནི་བཙན་དུ་བཟུང༌། དུད་ནི་མནངས་སུ་བཆད་ནས། བ་ཆོས་གུང་དང་དུ་གཤེགས་སོ། །མགུར་འདི་བཞེས་ཞེས་གསུངས་སོ། །འ་བ་ཉི་ཉེ་པ་ཉིད། བྱ་རོ་རོ་ནི་མདུང་གི་རྩེ་རང་ནིག་ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག་བརླ་བརྡུངས། སྤུར་བཏབ། འོ་དེ་མྱེད་ཆེས་གསུངས་སོ། །སླར་ཕྱིང་བ་སྟག་རྩེར་གཤེགས་སོ། །ཡུལ་ཡབ་ཀྱི་རྗེས་སུ་གཤེགས་སོ། །ཡུལ་ཕྱི་འབྲོག་གདེངས་མྱི་ཕྱོལ་གྱི་ཆའོ། །དོག་ཡབ་ཀྱི་ཆབ་མཆིས་ཀྱིས། ས་འོན་བུ་སྤུར་གྱི་ཁོག་གི་ཆའོ། །དེ་ཞེས་མགུར་གསུངས་སོ། །སྒྱེད་པོ་འོག་གཟུགས་ན། ཟངས་རྡོ་བླ་ནས་ཕབ་སྟེ། རྗེ་རུ་གཤེགས་སོ། །བཤོས་ན་ནི་སྤུ་དེ་གུང་རྒྱལ། གྲོངས་ན་ནི་གྲང་མོ་གནམ་བསེའ་བརྩིག་འགྲེང་མགོ་ནག་གི་རྗེ། དུད་རྔོག་ཆགས་ཀྱི་རྐྱེན་དུ་གཤེགས་སོ།། ཞེས་སོ། །གྲི་གུམ་གྱི་ཕོ་བྲང་ཡོད་སའི་ཡུལ་ནི། ཁ་ཅིག་ནས་ཉང་རོ་སྟག་ཚལ་ཞེས་རྒྱང་རྩེ་ནས་གཞིས་ཁ་རྩེའི་བར་དུ་འགྲོ་བའི་གཙང་པོ་ལ་ཉང་ཆུ་དང༌། དེའི་ཆུ་བརྒྱུད་ལ་ཉང་པོ་ལུང་པའི་ཕུ་ལ་ཉེ་རོ་འམ་ཉང་རོ་ཟེར་བའི་ལུང་པ་ཡོད་པས་དེར་ཡིན་ཟེར་བ་སོགས་འདུག་ཀྱང༌། བོད་ཀྱི་རྒྱལ་པོའི་ཕོ་བྲང་ཡར་ལུང་དང་དབུས་སོགས་ཀྱི་ཉེ་སྐོར་ལ་ཡོད་པ་མ་གཏོགས་གཙང་ཁུལ་དུ་གྲི་གུམ་གྱི་ཕོ་བྲང་བརྩེགས་པའི་རྒྱུ་མཚན་གང་ཡང་མི་འདུག་ཅིང༌། ཕོ་བྲང་ཕྱིང་བ་སྟག་རྩེ་ཞེས་པ་ཡང་ཡུལ་ཡར་ལུང་དུ་ཡོད་པ་བཤད། ཡུལ་གྱི་མིའི་བཤད་སྲོལ་ལའང་གྲི་གུམ་ཕོ་བྲང་ཟེར་བ་རྐོང་ཡུལ་བསྒྱིལ་རི་འགོ་ལ་འབོད་སྐད། དེས་ན་ཉང་ཡུལ་ཤིང་ནགས་ཅེས་འདུ་གནས་ཀྱི་གྲལ་དེའང་ཡུལ་འདི་དང་གཞན་ཡང་ཉང་ཡུལ་འདི་ལ་ས་གནས་གཉིས་ཡོད་པ་ཤེས་དགོས་པ་འདྲ། རྒྱལ་པོ་གྲི་གུམ་གྱི་སྐོར་འདི་རྒྱལ་རབས་གསལ་བའི་མེ་ལོང་སོགས་བོད་ཀྱི་རྒྱལ་རབས་ཕལ་ཆེ་བ་ནས་གྲི་གུམ་དང་ལོ་ངམ་གཉིས་འཁྲུགས་པའི་རྒྱུ་མཚན་གང་ལ་ཐུག་མ་བཤད་པར་འཛིངས་པའི་ལོ་རྒྱུས་ཡ་མཚན་ཅན་ཞིག་བཤད་པ་མང་འདུག་པ་འདིའི་རྒྱུ་མཚན་ནི་ངེས་པར་དུ་བསམ་ན། བོན་གཤེན་དང་རྒྱལ་པོ་གཉིས་ཀྱི་སྐོར་ཤ་སྟག་ཡིན་པས་དེ་ཆེད་དུ་གཉེར་ནས་མ་བཤད་པ་ཡིན་ངེས་འདུག་སྙམ། དཔེར་ན་བོད་ཀྱི་རྒྱལ་རབས་རྩོམ་པ་པོ་རང་ཉིད་ཆོས་ལུགས་ཀྱི་ཕྱོགས་གང་གཏོགས་པ་དེའི་སྐོར་ཆེ་བརྗོད་ཞིབ་རྒྱས་དང་བཅས་བཤད་པས་མ་ཚད། དྲང་མིན་གཞན་ལ་ཟུར་ཟ་སྨ་འབེབས་གང་འགྲུབ་བྱས་པ་མང་བས་བོད་ཀྱི་ལོ་རྒྱུས་པ་མང་ཆེ་བའི་བསྟན་བཅོས་ལ་ཆ་ཚང་ཞིང་བློ་གཏད་ཕེར་བ་དཀོན་པ་དེ་བྱུང༌། ཆོས་རྒྱལ་སྲོང་བཙན་གྱི་མཛད་པ་བྱ་བཞག་གང་ཆེ་བྱུང་བ་ནས་བོད་ཀྱི་ལོ་རྒྱུས་འགོ་བཙུགས་པ་ལྟ་བུ་བྱེད་འདུག་ཀྱང༌། དེའི་ཡབ་ཀྱི་དུས་སུ་མཛད་པ་རྒྱ་ཆེ་བ་གང་མིན་བྱུང་འདུག་པ་སོགས་ཀྱི་སྐོར་ཟུར་ཙམ་བཤད་པ་བྱེད་པའི་སྲོལ་མི་འདུག་པ་འདི་དཔེ་ཞིག་རེད། འདི་ལ་བསམ་ན་བོད་མི་སྔ་རབས་པས་ཆོས་དང་འབྲེལ་བ་མེད་ན་སྲིད་ཀྱི་བྱས་རྗེས་གང་ཆེ་ཡང་དོན་མེད་པ་ལྟ་བུ་བྱེད་པའི་སྲོལ་ཡོད་པ་འདྲ། གལ་སྲིད་སྔར་གྱི་ལོ་རྒྱུས་དགོས་ན་བཤད་རྒྱུ་བོན་པོའི་ཐོབ་སྐལ་ཡིན་པ་ལྟ་བུ་ཞིག་རེད་འདུག་དེ་བཤད་ན་ངན་སྨྲས་བྱེད་པ་ཐ་ན་བོན་པོའི་བཤད་སྒྲོས་ཟེར་བའི་བརྙས་གཏམ་བྱེད་སྟངས་འདི་ཚོ་རང་གི་གནའ་བོའི་ལོ་རྒྱུས་ལ་ཞིབ་ཏུ་དྲང་པོའི་ལམ་ནས་བཙལ་མ་ཤེས་པར་སྤྱན་ཀྱོག་ལ་ཤོར་བའི་ཚུལ་དུ་ངེས། འདི་འདྲའི་རྒྱུ་མཚན་ལ་བསམ་ན་ཆོས་ལ་དཔྱོད་པའི་ཚེ་ཡང་རང་གི་འདོད་དབང་རྒྱུ་མཚན་གྱི་གཙོ་བོ་ཞིག་བྱེད་རྒྱུ་ཡིན་འདུག་པས་དཔྱད་པས་དག་ཚུལ་ལ་ཡང་ནན་ཏན་གྱི་སྒོ་མང་པོ་ནས་བརྟགས་དགོས་པར་ངེས་སོ། །

          གྲི་གུམ་གྱི་སྐོར་ནི་རང་གི་ལུགས་ཀྱི་རྒྱལ་བའི་བསྟན་པ་སྔ་མ་གནམ་གྱི་ཁྲི་དྲུག་གི་རིང་དུ་དར་བ་ཐམས་ཅད་ལ་སྨ་འབེབས་བྱས་པ་དང༌། དེ་འཛིན་གྱི་སྐྱེས་བུ་རྣམས་ལ་འོ་བརྒྱལ་ཚད་མེད་བཏང་པས་ན། འདི་ནི་བརྗོད་བྱ་ཆེད་དུ་བཟུང་ནས་གསུངས་པ་མང་བས་སོ། །འདིའི་སྐོར་དྲང་བདེན་གྱི་རིགས་པའི་ལམ་ནས་རྒྱལ་རབས་འཆད་ཤེས་པ་ཡིན་ན་བོད་ཀྱི་རྒྱལ་རབས་ཆེས་སྔ་མོའི་དུས་ནས་ཆོས་སྲིད་རིག་གཞུང་ཕུན་སུམ་ཚོགས་པ་གཡས་གཡོན་གྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་སུ་དཔལ་འབྱོར་རིག་གཞུང་ནམ་ལངས་པ་བཞིན་ཡོད་དུས་རང་རེ་བོད་ཀྱི་རྒྱལ་ཁབ་ཀྱི་མི་རིགས་རྣམས་རྔ་མ་དོར་མ་ཐག་གི་སྤྲེལ་རྒན་དུ་ཨུ་ཚུགས་བྱེད་ནས་ཁས་ལེན་འདུག་དགོས་པ་འདི་ཅི་ལ་འབྱུང༌། གལ་སྲིད་དེ་དུས་ཆབ་སྲིད་དཔལ་འབྱོར་རིགས་གཞུང་སོགས་ཡོད་པ་ཁྱིམ་མཚེས་ཀྱི་རྒྱལ་ཁབ་རྣམས་དང་འགྲན་ཆོག་པ་ཞིག་ཡོད་པར་ཁས་བླངས་ན་དེ་དུས་བོན་གྱི་རིག་གཞུང་མ་གཏོགས་ཡོད་ཁུངས་མེད་པས་དེ་ཁས་ལེན་མི་ཐུབ་པས་རྒྱུ་མཚན་དེ་ཡིན་ཟེར་ན། ཁྱོད་རང་ལ་དེ་ལྟར་བདེན་མོད་ཀྱི། བོད་སྤྱི་ལ་བསམ་ན་དེ་ལྟར་སེམས་ཁུང་དོག་དྲགས་པས་བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་གནོད་པ་ཆེ་བས་སོ། །དེ་དུས་རང་གི་རིག་གཞུང་བོན་ལུགས་ཡིན་ལབ་ན་ཉེས་པ་གང་འདུག་གལ་ཏེ་ཁོ་ན་རེ། འོ་ན་ཁྱོད་རང་དམར་མཆོད་འབུལ་མཁན་འཚེ་བ་ཆོས་སུ་འདོད་པ་སོགས་ཡིན་གྱི་རེད་ཟེར་ན། དེ་ལ་འདི་འདྲི་སྟེ། བདེ་བར་གཤེགས་པའི་བསྟན་པའི་རྗེས་སུ་འབྲངས་ཏེ་ཁྱོད་རང་གིས་སྨྲས་པ་ཚོ་ཡིན་ནམ་ཟེར་རམ། དེ་ལྟར་མ་ཡིན་པར་བབས་ཆོལ་གྱི་དེ་རྣམས་སྤྱོད་པ་རེད་ཟེར། བདེ་བར་གཤེགས་པའི་བསྟན་པའི་རྗེས་སུ་འབྲངས་ཏེ་དེ་རྣམས་ལ་སྤྱོད་པ་ནི་ག་ལ་ཡིན། བབས་ཆོལ་གྱིས་སྤྱོད་པ་ཅན་ལ་བོན་པོའི་མིང་བཏགས་ཀྱང་རང་དེ་ལྟར་ལ་སྤྱོད་པ་མིན་ཟེར་ན་ཅི་སྟོ། དེས་ན་གོང་དུ་བཤད་པའི་བོན་པོ་ལ་གཉིས་སུ་ཡོད་པ་ལན་མང་དུ་སྨྲས་སོ། །

          བོན་གྱི་རིག་གཞུང་གི་རྗོད་བྱེད་དང་བརྗོད་བྱ་རྣམས་ལ་ལེགས་པར་བརྟག་གཞིག་བྱས་ནས་སྔར་ཡོད་རྣམས་ལ་རང་གི་བློ་སྐྱོན་དེ་ཕར་འགེབས་ཤོར་དོགས་དང༌། དྲང་པོའི་ལམ་ནས་དཔྱད་གང་ཐུབ་བྱས་ན་བོད་ཀྱི་སྤྲུལ་པའི་རྒྱལ་པོ་རྣམས་བྱས་རྗེས་ཆེན་པོ་ཅན་ཡིན་པའི་ངེས་ཤེས་སྐྱེ་ཐུབ་པ་འདྲ་འདུག །འོན་ཀྱང་དེ་ལྟར་ཡིན་པའི་ཚུལ་གྱི་རྒྱུ་མཚན་ཇི་ཙམ་བཤད་ཀྱང་ལེགས་པར་བཤད་པའི་སྐྱེས་བུ་མཐོང་རྒྱུ་ལྟ་ཞོག །ཁོ་པ་བོན་པོ་ཚོའི་རང་ལུགས་ལ་ཆེ་བརྗོད་ཕུལ་བྱུང་དུ་བཤད་པ་རྒྱལ་རབས་འཆད་མཁན་སྤྱི་མཚུངས་ཡིན་པས་མི་བདེན་ཞེས་ལས་སླ་བའི་སྒོ་ནས་བརྙས་ཆོས་སུ་བརྗོད་པའི་སྲོལ་དེ་ད་དུང་རང་རེ་ལ་རང་ཆགས་སུ་ཡོད་པའི་ངལ་བ་བྱས་པའི་དགོས་པ་ཆེ་བར་མ་མཐོང་ངོ༌། །

དྲི་བྲལ་གཞུང་དོན་ཁྲི་གདུགས་གཡོ་བའི་གཟིས། །

གནའ་རབས་བོད་ཀྱི་ལོ་རྒྱུས་ཆུ་སྐྱེས་འཛུམ། །

འབྱིན་ལ་བྲེལ་ཡང་ཕྱོགས་ཞེན་ཆུ་འཛིན་དཔུང༌། །

འཐུག་པས་འོད་ཞགས་སྣང་བའི་གོ་སྐབས་ཕྲ། །



          ཞང་ཞུང་པ་བླ་ཆེན་དྲན་པ་ནམ་མཁའི་གསུང་མཛོད་སྒྲ་འགྲེལ་ཞེས་པ་བྱང་དྭང་ར་ཁྱུང་རྫོང་ནས་གྲུབ་ཆེན་གྱེར་མི་ཉི་འོད་ཀྱིས་གཏེར་ནས་༼༨༧༤༽ ༼ཆུ་ཁྱི་ཡན་དུ་འདས་ལོ་ (1808,A.D) བཞེས་པ་འདི་ཉིད་མཁས་པ་རྣམས་ཀྱིས་ཚད་མར་བཟུང་རྒྱུའི་གཞུང་ཞིག་ཡིན་པས་ལུང་དེ་ལས། དུས་དེ་ཙམ་ན་ཡུལ་ཉང་རོ་སྟག་ཚལ། མཁར་ཉང་རོ་ཤམ་པོ་ན། བཙན་པོ་ཁྲི་ལྡེ་ཡག་པ་དང་བཙུན་མོ་སྦྲང་ཟ་ལྷ་རྒྱན་གཉིས་ལ། སྲས་ཐེའུ་རང་མང་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་ཏེ། ཟླ་དགུ་ངོ་བཅུ་ནས་སྲས་ཤིག་སྐུ་འཁྲུངས་པ། དེ་ཡང་ཟླ་ལས་ལོ་གྲངས་སུ་བསྐྱེད་ཙམ་ན། སྐྲ་རྩ་དམར་ལ་མིག་ཟླུམ་པ། ལག་མཐིལ་གཡས་པ་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་གསད་བཅད་དུ་སྨྲ་བ། སྡིག་པ་ལ་དགའ་ཞིང་གོ་མཚོན་ལ་མོས་པ་ཞིག་བྱུང་སྟེ། དེ་མའི་ལུས་གྲི་རྟགས་ལུས་ལ་ཚང་བ་ཞིག་འདུག་ནས། སྐུ་གཤེན་ཕ་བ། ༼འདི་རྣམས་གཉའ་ཁྲི་དང་དུས་མཉམ་པ་དེ་རྣམས་དང་གཅིག་ཡིན་མིན་མ་ངེས།༽ མཚེ་བཅོ་ཡིས་མཚན་ཡང་གྲི་རུམ་བཙན་པོར་བཏགས་སོ། །དེ་དང་དབལ་ཟ་ཁྲི་བཙུན་འཚོས་པ་ལས། ནམ་གྱི་གུང་ལ་སྲས་བྱ་རྟ་སྤྱང་གསུམ་གྱི་སྤུ། སྐྲ་དང་བ་སྤུ་བྱས་པ་ཞིག་བྱུང་སྟེ། མཚན་ཡང་སྤུ་ལྡེ་གུང་རྒྱལ་དུ་བཏགས་སོ། །དུས་དང་སྲིད་པ་དེ་ཙམ་ན། གཡུང་དྲུང་གི་བོན་མ་ཡིན་པ་རྒྱ་དཀར་ལ་ཆོས་ཡོད། རྒྱ་ནག་ལ་གཙུག་ལག་ཡོད། ཕྲོམ་ལ་སྨན་དཔྱད་ཡོད། བོད་དང་ཞང་ཞུང་ལ་གཡུང་དྲུང་བོན་གྱི་བསྟན་པ་མིན་པ་གང་ཡང་མེད་པ་ཡིན་ནོ། །སྨན་གཙུག་ལག་དང་ཡང་བོན་ལ་བྱུང་ངོ༌། །

          དུས་དེ་ཙམ་ཡུལ་བོད་དང་ཞང་ཞུང་གི་ས་སྐོར་ན། མི་རྗེ་ལྷ་ཡིས་མཛད་པས་མགོན་སྐྱབས་ཆེ། ཚེ་སྲོག་གཤེན་གྱིས་བཙས་པས་སྐུ་ཚེ་རིང༌། ལས་སྤྱོད་དགེ་བར་སྤྱོད་པས་ལམ་རྒྱུད་གཙང༌། དམུ་ཐག་གནམ་ནས་དྲངས་པས་འཛེགས་སྐས་བཟང༌། གཙང་རིགས་ལྷ་རུ་བརྟེན་པས་སྡོང་གྲོགས་ཆེ། བློན་པོ་གྲོས་ལ་མཁས་པས་རྒྱལ་སྲིད་གཞི་བརྟན་ཏེ་བཞུགས་སོ། །དུས་དེ་ཙམ་ན་གོང་མ་ལྟར་གཤེན་པོ་རྣམས་ལ། རྒྱལ་གྱི་གོང་ན་གཤེན་བཙུན་པའི་རྩིགས་བྱིན་པ་ནི། སྐུ་ལ་རྩིགས་བྱིན་པ། དབུ་སྐྲ་སིལ་མ་རྩེ་རྒྱལ་ལ་བཅད་དང་བཏུབ་ཏུ་མེད་པ་དང༌། དར་ལ་སེང་དཀར་པོའི་འགྱིང་ཐོད་ལ། བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་དང༌། དབྱི་དཀར་སྤྱང་དཀར་གྱི་སླག་པ་ལ་སྟག་གཟིག་གུང་གསུམ་གྱི་གོང་ལག་བཏང་བ་དང༌། གྲལ་གཡས་ཀྱི་རུ་ལ་གཤེན་པོ་རྣམས་བཞུགས་པ་དང༌། གཡོན་གྱི་རུ་ལ་བློན་པོ་རྣམས་ཀྱི་གདན། བར་གྱི་གུང་ལ་བཙན་པོ་བཞུགས་སོ། །རྨངས་ཕལ་པ་ནི་འོག་ན་བཀའ་སྡོད་དོ། །ཞེས་དང༌། གསུང་ལ་རྩིགས་བྱིན་པ། གཤེན་ངག་ཚིག་གསུམ་མ་བྱུང་བར། རྒྱལ་པོས་བཀའ་མི་གསོལ་བློན་པོས་གྲོས་མི་འཆའ། གཤེན་གླུ་དེང་གསུམ་མ་བླངས་བར་རྒྱལ་བློན་གླུ་བྲོ་ལ་མི་རོལ་ལོ། །ཐུགས་མཉེས་པའི་རྩིགས་སུ། སྟོང་ཕྲག་གི་ཐང་རྒྱལ་པོ་དང་མཉམ། བརྐུས་པའི་ཆལ་རང་འགྱུར་དགུ་བཅུ་རུ་བྱས་ནས་བདེ་སྐྱིད་ཕུན་སུམ་ཚོགས་པར་གནས་ཙམ་ན། དུས་རེ་ཞིག་རྒྱལ་པོའི་ཐུགས་སུ་གདོན་ཞུགས་པ་དང༌། བློན་པོ་བློ་ནོར་བ་དང༌། གཡུང་དྲུང་གི་བོན་ཟབ་ལ་གཏིང་རིང་བ་རྣམས། ཐང་ཅིག་ནུབ་ཏུ་ཡང་ཐོ་སྟེ། ཆེ་གསུམ་དབང་གི་མེ་འབར་བ་ལ།ཆུང་གསུམ་ཕྲ་མའི་ཤིང་བསྣན་ཏེ། བློན་པོ་ལི་བཙན་བཞེར་མེས་ལྷ་བྱ་བ་ན་རེ། རྗེ་རྒྱལ་བཙན་པོ་ལགས། དབུའི་ཞྭ་ཆེས་ན་ལུས་པོ་རྔུལ་གྱིས་ལྗི། ཟས་ཞིམ་པོ་ཟོས་ན་སྐྱུགས་བྲོ། ཤིང་འཁྱམས་རྐང་ལ་ཞུགས་ན་སྤྱི་བོའི་གཙུག་ཏུ་སྙོག་ཅེས་ཟེར་རོ། །ཡང་རྒྱ་གར་གྱི་སྤྲང་པོ་རད་ན་སི་ཏི་བྱ་བ་ཞིག་ན་རེ། གཡུང་དྲུང་བོན་ནི་རྒྱ་ཆེ་ལ་གཏིང་ཟབ་པས་ཤེས་པའི་དུས་ཀྱང་མི་མཆི། གཙང་རིགས་ཀྱི་ལྷ་ཀླུ་ནི་ཡ་ང་ལ་རུ་འཐུར་བས་རྟག་ཏུ་གློ་བུར་དང་ཡེ་འབྲོག་བྱེད། གཤེན་པོ་རྣམས་ནི་དབུ་མཐོ་ལ་དྲེགས་ཆེ། དུས་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་དུ་གདའ་སྟེ། དུས་ལན་ཅིག་ཙམ་ན་སྲས་དབོན་རྣམས་ཀྱི་སྐུ་རིང་ལ། རྒྱལ་སྲིད་བོན་གྱིས་འཁྱེར་བར་མཆིའོ། །ཞེས་ཟེར་རོ། །ཡང་བློན་པོ་ཟིང་པ་རད་ན་བྱ་བ་ན་རེ། རྗེ་ལགས་གྲུབ་པའི་གཤེན་དགུ་ནི་མངའ་ཐང་དང་བྱིན་རླབས་ཆེ། མཐུ་བོ་ཆེ་མི་དགུ་ནི་མཐུ་དང་རྫུ་འཕྲུལ་ཆེ། བོན་ཆེན་བཞི་བཅུ་རྩ་གཉིས་ནི་ཐབས་དང་འཕྲུལ་ལ་བག་ཆེ་བས། ༼བློན་པོ་འདིས་དབྱེན་ཞུས་པ་ཡོད་ཀྱང༌། གྲུབ་པའི་གཤེན་དགུ་དང་མཐུ་ཆེན་མི་དགུ། བོན་ཆེན་བཞི་བཅུ་སོགས་ཀྱི་སྐོར་ཁྲི་སྲོང་དུས་སུ་བྱུང་བས་འདིར་ལོ་རྒྱུས་འདྲེས་པར་སྣང་ངོ༌།༽ བོན་ལ་ཆབ་གསོལ་བར་བཀའ་མི་ཕབ་པས། གཤེན་པོ་མཐའ་རུ་སྤྱུགས་པའི་བཀའ་མཆིད་བསྲེང་བར་ཞུ། ཞེས་གླེངས་སོ། །རྒྱལ་པོས་གསུངས་པ་གཡུང་དྲུང་བོན་ནི་གཉན་ལ་གཏིང་ཟབ། གཙང་རིགས་ཀྱི་ལྷ་སྨན་ཡ་ང་ལ་རུ་འཐུར་བས། འོ་སྐོལ་རང་ལ་ཡང་ཉེས་པ་མི་འབྱུང་ངམ་གསུངས་པས། ཡང་བྲུ་ཞ་གནམ་གསས་ན་རེ། བོན་བཤོས་ཀྱི་ལྷ་བོན་སྒོ་བཞི་བརྟན་པར་མ་བཞག་ན། རྒྱལ་པོ་ཡང་སྐུ་མི་རྟག་ཉེན་མཆིས། ལར་ཡང་གྲོས་དེ་འདྲེ་ཡིས་བྱེད་པ་ཞིག་གདའ་བས། བོན་སྒོ་བཞི་འདི་སྟོན་པའི་སྐུ་གཤེན་ཞིག་མེད་ན། ལྷ་རྒོད་ལྕམ་དྲལ་རྣམས་ཀྱང་རུ་འཐུར་བར་མཆི་ཞེས་གླེངས་སོ། །

          བསྒྲགས་པ་རིན་ཆེན་གླིང་གྲགས་ལས། རྒྱལ་གཤེན་བར་དུ་མང་ཁ་ཟེ་མཆུའི་ཕྲ་མ་བྱུང་སྟེ། ཀྱཻ་རྗེ་བཙན་པོ་ལགས། གཡུང་དྲུང་གི་བོན་འདི་ཟབ་ལ་གཏིང་རིང༌། ཁ་འཛིན་གྱི་བོན་གཤེན་ཤགས་རྣོ། དཔེར་ན། ནམ་མཁའ་ལ་ཉི་མ་གཉིས་ཤར་ན། འཇིག་རྟེན་འཚིག་ཉེན། རྒྱལ་གཉིས་ཀྱི་བསྟན་པ་གཅིག་ལ་མི་འཆི། བོན་པོས་བསྟན་པ་འཁྱེར་བའི་རྟགས་སུ་རྗེའི་དབུ་ཐོད་བོན་པོས་བཅིངས། དར་གྱི་འཇོལ་གོས་དང་འཇོལ་བེར་ཡང་བོན་པོས་ཁྱེར། གཅན་གཟན་སྤུ་སྡུག་གི་སླག་པ་ལ་སྟག་གཟིག་གུང་གསུམ་གྱི་གོང་སླག་སེང་གེ་དཀར་མོའི་གཞུང་འབབ་བཏང་བ་རྣམས་ཀྱང་བོན་པོས་ཁྱེར། ཁྲི་དང་གདན་དང་མ་ཐ་ཤེལ་གྱི་འགྱིང་དཀར་ཡན་ཆད་ཁྱེར། ཐ་མ་སྐུ་ལ་བསྡོ་ཞིང་བཀྲོངས་ནས། སྲས་དབོན་མཐའ་རུ་སྤྱུགས། རྒྱལ་ས་བོན་པོས་འཁྱེར་ངེས་པ་འདུག དེ་ལྟར་གྱི་ཕྲ་མ་མང་པོ་སྙན་དུ་ཞུགས་པས། རྒྱལ་པོའི་ཐུགས་འཁྲུགས། བདེན་སྙམ་པ་བྱུང༌། གཤེན་རབས་བླ་མ་རྣམས་ཀྱིས་ཀྱང་བཤད་ཉན་སྒོམ་གསུམ་བཀྲིད་དྲངས་མང་དུ་མཛད་ཀྱང༌། བསྟན་པ་འགྲིབ་པའི་རྟགས་བྱུང༌། ཞེས་གསུངས། ཡང་ལུང་དེ་ཉིད་ལས། དེ་ནས་རྗེ་བཙན་པོས་འབངས་གློ་བ་ཉེ་བ་ཀུན་དང༌། གཟོང་བུ་མཆུ་ཀུན་བསོགས། གཡུང་དྲུང་གི་བོན་འདི་བཀའ་ཉན་དུ་གཉན་གྲགས། བོན་གཤེན་རྣམས་ཀྱང་བཀུར་མི་ཐེག་དབུ་འཕངས་མཐོས་དྲགས། བསྟན་པ་འདི་ཡང་མི་སྤེལ་བསྣུབ་དགོས། བོན་གཤེན་རྣམས་མངའ་རིས་འདིར་མི་བཞུགས་པའི་ཚིག་དང༌། ཁྲོ་འགྲེལ་ལས། གཡུང་དྲུང་གི་བོན་འདི་ཡང་རྒྱ་ཆེ་ལ་གཏིང་ཟབ་པས་ཤེས་པའི་དུས་མི་འོང་བར་འདུག་རྗེའི་ལ་ཐོད་དང་ཤེལ་གྱི་འགྱིང་དཀར་ལས་སོགས་པའི་རྒྱལ་ཆས་ཀྱང་བོན་པོས་ཁྱེར། ད་ལྟ་ངོ་མཉམ་དུ་འདུག་སྟེ། སྲས་དབོན་གྱི་རིང་ལ་གཤེན་པོས་འཕྲོག་སྲིད། ཅེས་དང༌། ཡུལ་མི་ཀུན་གྱིས་ཀྱང་མགོ་མཐོ་བཤོར་བྱ་བ་སུ་གྲགས་པ་ལ་བཤེར་བྱེད་ལོར། ཞེས་དང༌། ཞེས་གསུངས་པ་རྣམས་ལ་བརྟགས་ན་རྒྱལ་པོ་དང་གཤེན་པོ་གཉིས་ཀྱི་བར་འཁྲུགས་དབྱེན་གྱི་རྩ་བ་དང་པོ་རྒྱལ་རབས་གོང་མས་བོན་གཤེན་ལ་ཆེ་བའི་རྟགས་དང༌། བྱ་དགའ་གནང་བ་རྣམས་ལ་རྒྱལ་པོ་གྲི་གུམ་འཕྲག་དོགས་ལྡང་ནས་རིམ་བཞིན་ཁོའི་དབང་ཐང་འཕྲོག་པར་འདུག་སྙམ་པའི་དོགས་པ་དེ་འཁྲུགས་རྩ་བྱས་ནས་བོན་གཤེན་རྣམས་སྨད་པའི་ཐབས་བཤམས་སོ། །

          དེར་རྒྱལ་པོས་གཤེན་པོ་རྣམས་སྤྱན་སྔར་བསགས་ཏེ་གསུངས་པ། ཕ་བ་སྐུ་གཤེན་རྣམས་གསོན་དང༌། དབུའི་ཞྭ་ཆེ་ན་ལུས་རྔུལ་གྱིས་ལྕི། ཟས་ཞིམ་པོ་མྱང་དྲགས་ན་སྐྱུགས་བྲོ། ཤིག་འཁྱམས་རྐང་ལ་ཞུགས་ན་སྤྱི་བོའི་གཙུག་ཏུ་སྙོག་གཡུང་དྲུང་བོན་རྒྱ་ཆེ་ལ་གཏིང་ཟབ་པས་ཤེས་པའི་དུས་དང་མི་འོང་བར་གདའ། གཙང་རིགས་ཀྱི་ལྷ་རྒོད་ནི་ཡ་ང་ལ་རུ་འཐུར། ཁྱེད་གཤེན་པོ་རྣམས་ནི་དབུ་མཐོ་ལ་དྲེགས་ཆེ། ཞེས་པ་ལས་སོགས་ཏེ་གོང་མ་བཟླས་ནས། ད་ལྟ་བོན་སྒོ་བཞི་དང༌། གྱིམ་བུ་ལན་ཚ་དང༌། གེ་ཁོད་ཐིས་འཕེན་རྣམས་བདག་གི་སྐུ་གཤེན་དུ་བཞག་འཚལ། ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པ་ཞིག་ཏུ་གཤེགས་འཚལ། ཞེས་གསུངས་སོ། །༼རྒྱལ་པོས་གཤེན་པོ་རྣམས་བོད་ཡུལ་རུ་བཞི་ལས་འདས་པར་གཤེགས་གསུངས་པ་མ་གཏོགས་བཀའ་གཞན་མི་འདུག་པས་དེའི་དུས་བོད་ཀྱི་རྒྱལ་པོའི་མངའ་འབངས་བོད་རུ་བཞི་རང་ཡིན་པར་གསལ། བོན་གཤེན་རྣམས་ཉེ་བའི་ས་གནས་བོན་གྱི་དར་ས་ཞང་ཞུང་གི་ཡུལ་དུ་འབྲོས་པར་བརྩམས་པའི་ཚིག་མི་འདུག་པ་འདི་ཅི། ཞང་ཞུང་རྒྱལ་པོས་བོན་དང་གཤེན་པོ་རྣམས་བསྲུང་མི་ཐུབ་པ་ཡིན་ནམ། ཡང་ན་ཡུལ་དེར་བཞུགས་ན་འཚོ་རྟེན་གྱི་ཐད་དུ་སྐུ་ངལ་ཡོད་པ་ཡིན་ནམ། ཞང་ཞུང་རྒྱལ་པོས་བོན་དང་གཤེན་པོ་བསྲུང་མི་ཐུབ་པའི་བཟོ་མི་འདུག་སྟེ། གྲི་གུམ་གྱིས་ཁྱིམ་མཚེས་ཀྱི་ཡུལ་སྡེ་ལ་མངའ་བསྒྱུར་བའི་དགོངས་པ་དང༌། གནོད་འཚེ་བྱེད་པའི་བསམ་པ་མེད་པ་གསལ་པོར་མཐོང་བ་དེ་རེད། བཟོ་ལ་བལྟས་ན་དེའི་སྐབས་གཤེན་པོ་རྣམས་ལ་བོད་རྒྱལ་དང་མཉམ་པའི་ཐོབ་ཐང་ཆེན་པོ་བསྩལ་བས་ཁོང་རྣམས་ལ་མཐོ་རིམ་གྱི་གནས་སྟངས་ཀྱི་ལུགས་ལ་གོམས་འདྲིས་ཆེ་བ་ཡུལ་དབུལ་བ་གཞན་དུ་བཞུགས་པ་ལ་ཐུགས་མི་དགྱེས་པ་དང༌། ཞང་ཞུང་རང་དུ་ཡང་རྒྱལ་ལ་སྐུ་གཤེན་དང་ཡུལ་སྡེ་ལ་ཡང་མཆོད་གནས་དགོས་སོ་འཚལ་གྲ་འགྲིགས་ཡོད་པས་ལྷག་པར་བསྟེན་དཀའ་བའི་བཟོ་ལྟ་བུ་འདུག །དེས་ན་ཁོང་རྣམས་ཡུལ་གཞན་དུ་བསྐྱོད་རྒྱུ་མ་གཏོགས་བོད་དང་ཞང་ཞུང་དུ་བཞུགས་རྒྱུའི་ཐུགས་འདུན་མེད་པ་ཡིན་འདུག །འོན་ཀྱང་སྟོང་རྒྱུང་དང༌། དྲན་པ་སོགས་ཞང་ཞུང་རང་དུ་བཞུགས་འདུག་སྟེ། ཕྱི་ནས་རྒྱུ་མཚན་གསལ་བར་མཐོང་བའི་ཕྱིར། མཆན།༽ དེ་ལ་བློན་ཆེན་པོ་ར་སངས་ཁོད་རམ་གྱིས་གསུངས་པ། ཀྱཻ་རྗེ་བཙན་པོ་ལགས། སྡིག་པ་སྒོས་ཁུར་ཡིན་པས་ངན་སོང་གསུམ་དུ་བསྐྱུར། དགེ་བ་སྤྱི་མཐུན་ཡིན་པས་མཐོ་རིས་སྐས་ལ་འཛེགས། ལྟ་བ་ལ་ཆེན་ཟློས་ན་ཉིད་དུ་མངོན་སངས་རྒྱས། བློན་པོ་སྨྲ་བ་མང་ན་རྒྱལ་པོ་ཐུགས་ཁྲེལ་སྐྱེ། རྒྱལ་པོ་ཁྱེར་སྐམ་ཆེ་ན་རྒྱལ་སྲིད་དམངས་ཀྱིས་འཁྱེར། གཡུང་དྲུང་བོན་ལ་སྤྱད་ན་འདི་དང་ཕྱི་མར་བདེ། རྗེ་བཙན་པོ་ཡང་བཀའ་དེ་མ་གསུང་བར་ཞུ་ཞེས། ཞུས་པས་མ་བཞེད་དོ། །རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱིས་གསུངས་པ། ཀྱཻ་གཤེན་པོ་ཀུན་རྒྱལ་པོས་སྨྲ་བ་ཐེངས་གཅིག་སྨྲ། གཅམ་བུས་སྨྲ་བ་ཡང་ཡང་སྨྲ། ཡུ་བུས་བརྡུང་བ་ཁུས་ཀྱིས་བརྡུང༌། བོན་གཤེན་རྣམས་ཀྱང་མཐའ་རུ་གཤེགས། གྱིམ་བུ་ལན་ཚ་ཡང་མ་བཞུགས་གཤེགས། ཞེས་གསུངས་སོ། །གྱིམ་ན་རེ། དགུན་གནམ་ལ་སྤྲིན་མ་ཆད་ན། སོས་ཆར་སྤྲིན་ལས་འབབས། དགུན་ཆུ་ས་ལ་སྦས་ན་དྲོད་གཤེར་དཔྱིད་ན་ལྡང༌། དགེ་བ་ཚེ་འདིར་སྤྱད་ན་དགེ་རྟགས་ཕྱི་མར་འབྱུང༌། ལྷ་བོན་སྒོ་བཞི་དར་ན་གསས་མཁར་སྲོག་འཛིན་པས། བདག་ཀྱང་བསྡད་པ་ལེགས། ལྷ་བོན་ཡང་མ་ནུབ་པར་དགེ་ཟེར་ནས་མཆིར་མ་ཉན་ནོ། །

          གཤེན་པོ་ཕྱི་མ་རྣམས་ཀྱིས་ཞང་ཞུང་ཁ་ཡུག་གི་རུ་མཚམས། གད་ཀྱི་བྱི་བ་མཁར་དུ་འཚོགས་ནས་བགྲོས་པའི་དུས་སུ། རྐྱེལ་མུ་ཐུར་གྱི་ཞལ་ནས། མགོ་ལ་རྭ་སྐྱེས་མཆེ་སྡེར་ཅན། སྐྱུར་འཐུང་མཚོན་ཐོགས་གདོན་གྱིས་བརླམས། ཟ་མ་མོ་དང་རྒྱལ་འཁོར་ལ། བག་དང་ལྡན་པར་མ་བྱས་ན། གཤེན་པོ་ཡང་སྐུ་བཀྲོངས་པ་སྲིད། བསྟན་པ་ཡང་མེ་ཆུ་ཡིས་འཚལ་པ་སྲིད། བོན་སྡེ་ཆ་གཅིག་ཁེ་ནན་ཡོ་ཕྱ་དང་ཁྱེའུ་དྲན་པས་སྣོམས་ལ་ཡར་ལུང་སོག་ཁར་གཤེགས་ཤིག །བོན་སྡེ་ཆ་གཅིག་མཁས་པ་གོང་མ་བཞིས་སྣོམས་ལ། ལྷོ་དོམ་སྒྲོ་ནག་པོར་བསྟན་པ་འཛུགས་སུ་གཤེགས་ཤིག །བོན་སྡེ་ཆ་གཅིག་སྟངས་དམུ་ཚ་གྱེར་མེད་དང༌། བློན་ར་སངས་ཁོད་རམ་གྱིས་སྣོམས་ལ། བྱང་འབྲོག་སྣམ་སྟོད་དུ་གཤེགས་ཤིག །ནམ་མཁའ་སྟོང་པ་ལ་རླུང་གི་འཁོར་ལོས་དབང་བསྒྱུར་ན། ཉི་ཟླ་གཟའ་སྐར་ཡང་དར་ཅིག་ནུབ་པ་སྟོན་པ་བཞིན། ཡུལ་མདོ་གཙང་བར་ན་དར་བའི་གསས་མཁར་དང་སེམས་དོན་རྣམས་ཀྱང༌། མཐའ་ཡི་རྒྱལ་པོ་དབུས་སུ་སྐྱེས་པ་ཞིག་གི་སྐུ་རིང་ལ་ཐང་ཅིག་ནུབ་པར་འགྱུར་རོ། །ནམ་མཁའ་ལ་རླུང་གི་འཁོར་ལོས་དབང་བསྒྱུར་ན། ཉི་ཟླ་ནུབ་ནས་ཡང་འཆར་བ་བཞིན་དུ། བོན་ཡང་དར་བའི་རྒྱུ་ལགས་སོ། །ཞེས་གསུངས་ནས། སོ་སོར་བསྟན་པའི་གཉེར་ལ་གཤེགས་པ་ལགས་སོ། །ཞེས་དང༌། ལོ་རྒྱུས་འདི་ནི་ཤིན་ཏུ་ཁུངས་བཙུན་པ་ཞིག་ཡིན་དགོས་ཏེ། ལོ་རྒྱུས་འཆད་པ་པོ་དེ་དུས་བཞུགས་ནས་མྱངས་བ་ཡོད་པ་རྣམས་བྲིས་པ་ཡིན་པའི་ཕྱིར།

          འོན་ཀྱང་ཅུང་ཙམ་བསྡུས་དྲགས་གོ་སྟབས་མི་བདེ་བ་རྣམས་ཡོངས་རྩེའི་འགྲེལ་༼༥༧༽ བར་གསུངས་པ་འདི་འབྲེལ་ཆགས་པ་འདུག་ཅིང༌། དེས་ན་ལུང་འདི་གཉིས་གུང་བསྒྲིགས་ན་ཆེས་ལེགས་པོ་ཞིག་འབྱུང་སྙམ། ལུང་གོང་མ་ནི་ཞང་ཞུང་ཡུལ་དུ་འཁྲུངས་པའི་བླ་ཆེན་དྲན་པ་ནམ་མཁའ། ཡབ་རྒྱུང་ཡར་མུ་ཁོད་ཡུམ་ཕྱྭ་བཙུན་གུང་མ་གཉིས་ཀྱི་སྲས་སུ་འཁྲུངས། ལོ་པཎ་མཁས་པ་མི་བཞིའི་ཞབས་ལ་གཏུགས་ནས་ཞང་བོད་གཉིས་ཀྱི་མཁས་གྲུབ་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ཆེན་པོ་ཡིན་ལ། བོད་ཡུལ་དྭགས་པོའི་སར་འཁྲུངས་པའི་དམུ་གཤེན་དྲན་པ་ནམ་མཁའ་ནི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བཞུགས་ཏེ་དགུང་ལོ་ཉེར་བདུན་པའི་སྐབས་ཁྲི་སྲོང་གིས་བོན་བསྣུབས་ཆོས་བསྒྱུར་བའི་དུས་རྗེ་འབངས་ཉེར་ལྔའི་ནང་གི་དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་འགུགས། ཞེས་པ་དེ་ཡིན་ཞིང་ཁོང་ལོ་བདུན་གྱི་བར་དུ་ནན་བན་དུ་མཛད་དེ་བཞུགས་ཞེས་གསུངས། སྤྱིར་དྲན་པ་ནམ་མཁའ་ལ་བརྫུས་སྐྱེས་པ་གཅིག་ཞང་ཞུང་པ་གཅིག་དང༌། དྭགས་པོ་བ་གཅིག་བཅས་ཡོད་པས་རྣམ་ཀུན་རྣམ་ཐར་དང་མཛད་པ་ཕྱག་རྗེས་བཞག་པ་རྣམས་ལ་ཞིབ་ཏུ་མ་བལྟས་པས། འགོ་འཁྲུགས་སོང་བ་མང་པོ་ཡོང་གི་འདུག །བསྒྲགས་བྱང་ལས། དེ་ཡང་ཆེ་གསུམ་དབང་གི་མེ་འབར། ཆུང་གསུམ་ཕྲ་མའི་ཤིང་བསྣན་ཞེས་པ། རྒྱལ་པོ་དབང་ཆེ། བོན་པོ་མཐུ་ཆེ། བློན་པོ་གྲོས་ཆེ་བས། ཆེ་གསུམ་དྲེགས་པ་མེ་འབར་བ་ལྟ་བུའི་སྟེང་དུ། ཆུང་གསུམ་ནི། བློན་པོ་ལི་བཙན་བཞེར་དང༌། རྒྱ་གར་གྱི་སྤྲང་པོ་རད་ན་སི་ཏི་དང༌། བློན་ཟིང་པ་རད་ན་དང་གསུམ་གྱིས་ཕྲ་མ་མང་དུ་ཞུས་པས། མེ་ཐོག་ཏུ་ཤིང་བསྣན་པ་ལྟ་བུར་གྱུར་ཏེ། རྒྱལ་གཤེན་ཕྱེས་པའི་ལོ་རྒྱུས་མང་བར་སྣང་ངོ༌། །ཞེས་གསུངས།

          ནུབ་ལུགས་དངོས་ནི། རྒྱལ་པོའི་ཐུགས་སུ་གདོན་ཞུགས་ནས། རྫུན་དང་ཕྲ་མ་ལ་གསན་ཅིང༌། སྲས་དབོན་གྱི་རིང་ལ་རྒྱལ་ས་བོན་པོ་ལ་ཤོར་གྱི་དོགས་ནས། གཤེན་པོ་རྣམས་བསོག་ནས་གསུངས་པ། སྐུ་གཤེན་རྣམས་གསོན་དང༌། རྒྱལ་པོ་ང་ནི་དབང་གི་དྲེགས་པ་དང་ལྡན། ཁྱེད་བོན་པོ་རྣམས་ནི་མཐུའི་དྲེགས་པ་དང་ལྡན་པས། ཡུལ་འདིར་ང་ཡི་རྒྱལ་སྲིད་དང༌། ཁྱོད་ཀྱི་བོན་སྲིད་གཉིས་མི་ཤོང་བས། ལྷ་བོན་སྒོ་བཞི་དང་གེ་ཁོད་ཐིས་འཕེན་དང་ཅོ་གྱིམ་བུ་ལེན་ཙ་རྣམས་བདག་གི་སྐུ་བསྲུང་དུ་བཞུགས་འཚལ། གཤེན་པོ་སླད་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་སམ། ཡང་ན་ངའི་མངའ་འོག་ཏུ་བོན་མི་སྤྱོད་པར་སྐྱེ་བོར་སྡོད་དམ། ཡང་ན་ཆབ་གསོལ་ལམ་ཁྱེད་བོན་པོས་དོམས་ཤིག །ཅེས་གསོལ་བས། བློན་ཆེན་པོ་ར་སངས་ཁོད་རམ་གྱིས་བོན་མི་བསྣུབས་པའི་ཞུ་བ་ཕུལ་ཡང་མ་གསན་ནོ། །བླ་ཆེན་ཁོད་སྤུངས་ཀྱིས་གསུངས་པ། རྒྱལ་པོས་སྨྲ་བ་ཚིག་གཅིག་ཡིན། གཅམ་བུས་སྨྲ་བ་ཡང་ཡང་སྨྲ། ཡུ་བོས་བརྡུང་བ་ཁུས་ཀྱིས་བརྡུང༌། གཤེན་པོ་རྣམས་ཀྱང་མ་བཞུགས་གཤེགས། གྱིམ་བུ་ལེན་ཙ་ཡང་མ་བཞུགས་མཐའ་རུ་གཤེགས་གསུངས་པས། གྱིམ་བུ་ལེན་ཙས་ལྷ་བོན་སྒོ་བཞི་དར་ན་གསས་མཁར་སྲོག་ཤིང་འཛུག །བདག་ནི་བསྡད་པ་ལེགས། ལྷ་བོན་ཡང་མ་ནུབ་ན་དགེ་ཟེར་ནས་འགྲོར་མ་ཉན་ནོ། །

          ཡང་ལུང་དེ་ཉིད་ལས་དེའི་དུས་སུ་རིག་འཛིན་རྣམས་མང་མཁར་ལྕགས་འཕྲང་དུ་འཚོགས་ནས་བཀའ་བགྲོས་པས། ལ་ལས་བསྟན་པ་བསྲུང་བའི་དུས་ལ་བབས་པས་མཐུ་བྱ། ཁྱད་པར་ཙྭོས་ཐམས་ཅད་སྲེགས་ལ་ཐོངས་ཤིག་ཟེར་རོ། །ལ་ལས་རྒྱལ་པོ་དབང་ཆེ་ལ་འཁོར་མང་བས། དམག་གི་རང་བརླག་ཀྱང་སྲིད་པས། བོན་རྣམས་ཁྱེར་ལ་ལྷོ་རོང་ལས་སོགས་སུ་རྒྱལ་པོ་འདིའི་མིང་མི་སླེབ་པའི་སར་བྲོས་པ་གྲགས་ཟེར་རོ། །ལ་ལས་རྒྱལ་པོར་དེ་སྐད་མ་གསུངས་པའི་ཞུ་བ་ཕུལ་བ་གྲགས་ཟེར་རོ། །ལ་ལས་རང་རེའི་གང་བྱེད་ཀྱང་རྒྱལ་པོའི་གསུང་ལ་ཉན་པ་ལྟར་བྱས་ནས་སྟབས་མཁས་པར་མ་བྱས་ན། བོན་ཀྱང་མེ་ཆུས་འཚལ། གཤེན་པོ་རྣམས་ཀྱང་བགྲོང་བར་སྲིད་ཟེར་རོ། །ཁོད་སྤུངས་དྲན་པས་གསུངས་པ། རིག་འཛིན་རྣམས་ཞལ་མི་འཆམ་པར་འདུག་པས། བདག་གིས་སློབ་དཔོན་ཆེན་པོ་གནམ་མཚོའི་དོ་ལ་བཞུགས་པས། གདན་དྲང་ལ་འོང་གིས། སློབ་དཔོན་ཆེན་པོས་ཅི་གསུང་བྱ་གསུངས། དྲན་པས་སྟོང་རྒྱུང་གནམ་མཚོའི་དོ་ནས་གདན་དྲངས་པས། སྟོང་རྒྱུང་གིས་གསུངས་པ། བོན་ལན་ཅིག་དུས་དང་ལས་ཀྱིས་གཏེར་དུ་སྦེད་དགོས་པས། ཕྱི་དུས་དར་བའི་སྨོན་ལམ་ཐོབས་ལ་སྦོས་གསུངས་སོ། །

          དེ་ནས་གཤེན་པོ་རྣམས་གས་ཀྱི་བྱི་བ་མཁར་དུ་འཚོགས་ནས་གྲོས་མཛད་པས། དཀྱེལ་མུ་ཐུར་གྱིས་ཞལ་ནས། བོན་སྡེ་ཆ་གཅིག་མཁས་པ་མི་བཞིས་སྣོམས་ལ། ལྷོ་དོམ་སྒྲོ་ནག་པོར་བསྟན་པར་འཛུག་ཏུ་གཤེགས་ཤིག །བོན་སྡེ་ཆ་གཅིག་ཁྱེའུ་དྲན་པ་དང་ཁེ་ནན་ཡོ་ཕྱས་སྣོམས་ལ། དབུས་ཡར་ལུང་སོག་ཁར་གཤེགས་ཤིག །བོན་སྡེ་ཆ་གཅིག་སྟང་དམུ་ཚ་གྱེར་མེད་དང་འབངས་ར་སངས་ཁོད་རམ་གྱིས་སྣོམས་ལ། བྱང་འབྲོག་སྣམ་སྟོད་དུ་གཤེགས་ཤིག །ནམ་མཁའ་སྟོང་པ་ལ་རླུང་གི་འཁོར་ལོས་དབང་བསྒྱུར་ནས་ཉི་ཟླ་གཟའ་སྐར་ནུབ་ཀྱང་འཆར་བ་བཞིན་དུ་བོན་ཡང་དར་བའི་རྒྱུ་ལགས་སོ། །ཞེས་གསུངས་སོ། །རྒྱལ་པོ་ཡང་བདུད་མོ་ལ་བསྟབ་པའི་གཏན་ཚིགས་མཛད་ནས། རྒྱལ་པོ་ཡང་མྱུར་དུ་རྗེ་སྲོག་འབངས་ཀྱིས་གཅོད་པའི་རྒྱུ་ལགས་སོ། །ཞེས་གསུངས་སོ། །

          བསྒྲགས་པ་གླིང་གྲགས་༼༥༨༽ དང་པོ་གཏེར་དུ་སྦེད་པའི་དུས་སུ། མཁས་པ་མི་བཞིས་ཐེག་པ་དགུའི་བོན་ཐམས་ཅད་དྲིལ་ནས། མཚོ་རྔ་བྲག་གུ་ཀ་རུ་ལ་སྦས། སེམས་ཕྱོགས་ལུང་ཕྲན་མདོ་རིན་ཆེན་ཁྲིག་གསལ། རྫོགས་ཆེན་གྱི་སྐོར་རྩང་ལྷ་ཕུ་དར་གྱི་མགུལ་དུ་སྦས། གསང་སྔགས་སྤྱི་སྤུངས་ཀྱི་བཅུད་མར་གྱི་ཉིང་ཁུ་དང་འདྲ་བ་རྣམས་བྱང་དྭང་རའི་བྲག་ལ་གཏེར་ཁ་གསུམ་དུ་སྦས། ཡང་སྙིང་ཞི་ཁྲོ་དང་མན་ངག་བཅུད་ཀྱི་སྐོར་རྒྱུང་སྲུབ་བྲག་རྒྱའོ་ལ་སྦས། སོགས་ནས་གཏེར་དུ་སྦས་ཚུལ་དང་སྨོན་ལམ་བཅས་གསུངས། ཡོངས་རྩེའི་འགྲེལ་བ་ལས། དེར་བོན་སྒོ་ཕྱེད་དང་གཉིས་ཅོ་གྱིམ་བུ་ལ་བཞག །བོན་སྒོ་ཕྱེད་དང་གཉིས་ནི་བྱང་ཕྱོགས་གསང་བྲག་རྒྱ་བོ་ལ་ལུས། ༼མཆན། ས་འདིར་གཙང་གི་ས་ཁུལ་ཤང་ལུང་པའི་ནང་ཟར་བུ་ཡང་ཟེར།༽ སྐྱབས་སྟོན་ཁྲོ་འགྲེལ་ལས། བོན་སྒོ་ཕྱེད་གཉིས་བྱིན་ཟེར་བ་ཕྱྭ་གཤེན་ཚང་མ་དང༌། སྣང་གཤེན་ཕྱེད་དམ་སྒོ་བཞི་ཟེར་བ་ལྟར་ན། སྣང་གཤེན་གྱི་གྱེར་སྒོ་བཞིའོ། །གཤེན་པོ་རྣམས་ཀྱིས་རྒྱུ་འབྲས་ཀྱི་བོན་རྣམས། ཀུ་ཧྲང་དང༌། ལ་ཧེ་དང༌། མཛོ་དྲེལ་རྔ་མོང་ལས་སོགས་ལ་བཀལ་ནས། ལྷོ་དོམ་སྒྲོ་ནག་པོ་ལས་སོགས་སྐད་རིགས་མི་མཐུན་པའི་ཡུལ་དུ་བསྟན་པ་འཛུག་པ་ལ་ཆས་པས། བསྟན་པ་མི་ཚུགས་པའི་ལྟས་བྱུང་ནས། ནུབ་མཚོ་གཡུ་ཐང་གི་འགྲམ་ནས་སླར་ལོག་སྟེ། ས་རྟགས་ཁྱད་པར་ཅན་འབྲིག་མཚམས་མཐའ་སྐར་ལས་སོགས་སུ་གཏེར་དུ་སྦས་སོ། །སྦས་པ་རྣམས་ཀྱང་ཕྱི་དུས་དར་བའི་སྨོན་ལམ་བཏབ་བོ། །བོན་གཤེན་རྣམས་ཀྱང་གཡའ་རི་དང་གངས་བྲག་ལ་གཤེགས་སོ། །ཞེས་དང༌། བོན་གཤེན་རྣམས་ཞེས་པའི་གཙོ་བོ་སྟོང་རྒྱུང་མཐུ་ཆེན། ཤ་རི་དབུ་ཆེན། ལྕེ་ཚ་མཁར་བུ། གྱིམ་ཚ་རྨ་ཆུང༌། དྲན་པ་ནམ་མཁའ། ཁེ་ནན་ཡོ་ཕྱ། དམུ་ཚ་གྱེར་མེད། ར་སངས་ཁོད་རམ་རྣམས་བཞུགས། གཞན་པའི་གཤེན་པོ་ཕལ་པ་སུ་བཞུགས་གསལ་བར་མ་གསུངས་སོ། །ཀུ་ཧྲང་རྐྱང་དང༌། ལ་ཧེ་སྟག་སོགས་བཏུལ་ནས་བཀལ་བར་བཤད། ཁྲོ་འགྲེལ་ལས། རྣིར་གངས་དང༌། མཛོ་ཟེར་བ་ཡང་མཚོ་སྟེ་སྤུ་ཧྲང་གངས་ཀྱིས་བསྐོར་བ་ཞེས་ཏེ། བྱེ་མ་གཡུང་དྲུང་གི་ལྷོ་སྙ་ནམ་གངས་གནས་སོ། །ལྡེ་ཡུ་བོའི་ཡུལ་གྱི་མིང་ཡིན་པ་དེ་ནས་ལོག་སྟེ་ཞེས་པ་ནས། ཅོག་རོ་དང་བོད་ཀྱི་འབྲིང་སྟེ། ས་བགོས་ཀྱི་རུ་མཚམས་ཡིན་པའི་བྲག་ལ་སྦས་སོ། །ཞེས་དང༌། ཁྲོ་འགྲེལ་ལས་འདིའི་སྐབས་སུ་ལི་ཤུའི་བསྒྲག་བྱང་ལུང་དྲངས་ནས་གཏེར་དུ་སྦས་ཚུལ་བཤད་པ་རྣམས་ཁྲི་སྲོང་གི་དུས་སུ་སྦས་པ་ངེས་པས་མ་ནོར་བར་དགོས་སོ། །

          དྲན་པས་གསུངས་པ། གྲི་རུམ་བཙན་པོ་བདུད་ཀྱི་བུ། འདི་ལ་བསྒྲལ་ཐབས་མ་བགྱིས་ན། བོན་ལ་སྤྱད་དབང་དཀའ་བར་མཆིས། གསུངས་ནས་རྒྱལ་པོ་ཡང་མྱུར་དུ་འཆི་བའི་སྨོན་ལམ་བཏབ་བོ། །ཞེས་དང༌། ཁྲོ་འགྲེལ་ལྡེབ་༼༦༣༽དུ་ལྡེ་མིག་གི་ལུང་དྲངས་པ་ལས། གཞན་ཡང་བཙད་པོ་འབངས་དང་རྩོད་པ་བྱེད་པར་ཤོག །མོང་རྩེ་པང་དུ་ཁྱེར་བས་ཕོ་ལྷ་གནམ་དུ་ཡར་བར་ཤོག །སྤྲེལ་དམར་རྒྱབ་ཏུ་ཁུར་བས་སྨན་བཞི་བདུད་དུ་འབེབ་པར་ཤོག། དམེ་གྲི་ཀླད་ལ་བསྐོར་བས་དམུ་ཐག་རྐེད་དུ་གཅོད་པར་ཤོག །དུག་ཤིང་རུ་དགུའི་དུད་པ་ཡི། བར་སྣང་མུན་པས་འཐིབས་པར་ཤོག །དངུལ་གྱི་མེ་ལོང་བཏགས་པས། ལྷ་སྡང་བདུད་དུ་འབེབས་པར་ཤོག །ཅེས་བསྟབ་པ་མཛད་པ་ལྟར་ལོ་ངམ་གྱི་དགུང་ལོ་སུམ་ཅུ་རྩ་དྲུག་གི་སྟེང་དུ་གྲི་རུ་བཀུམ་སྟེ། བང་སོ་ཡར་ལུང་མྱང་རོ་ཚལ་དུ་བཏབ་པས། བོད་ཀྱི་རྒྱལ་བུའི་དུར་ལ་དེ་སྔའོ། །གཤེན་པོ་རྣམས་དུ་རུ་ཁ་བཞིར་གཤེགས་ཏེ། ཤར་གྱི་མཐའ་ན་སོག་པོའི་མི་ལ་སྤྲེའུའི་སླག་པ་ཅན་དང༌། གཡོ་སྒྱུའི་ཐན་ཡོད་པ། ལྷོ་ཡི་མཐའ་ན་འཇང་མོ་མིག་དགུ་ཟེར་བ་མིག་གི་ཐན་ཡོད་པ་དང༌། བྱང་གི་མཐའ་ན་ཧོར་གེ་སར་དམག་གི་ཡུལ་བྱ་བར་དགྲ་ཡི་ཐན་ཡོད་པ་དང༌། ནུབ་ཀྱི་མཐའ་ན་རྩྭ་མི་ཤིང་མི་བྱ་བ་རྫུ་འཕྲུལ་གྱི་ཐན་ཡོད་པ་དང༌། དེ་ལ་སོགས་པ་བོད་ལ་གནོད་པའི་ཡུལ་དུ་དགྲ་སྡོང་གི་ཚུལ་དུ་གཤེགས་སོ། །ཞེས་གསུངས། གཤེན་པོ་འདི་རྣམས་ཀྱིས་བསྣམས་པའི་བོན། རམ་པ་རོལ་པ་འབུམ་པ་གཏོ་ཕྲན་གྱི་སྐོར་དུ་མ་དང་བཅས་གཏེར་དུ་མ་སྦས་པའི་བོན་ཇི་སྙེད་ཅིག་ཤར་ཕྱོགས་ཙོང་ཁའི་ཕྱོགས་དང༌། རྒྱལ་རོང་སོགས་སུ་ད་ལྟ་ཡོད་པ་རྣམས་ཡིན་ནོ། །མཛོད་སྒྲ་འགྲེལ་ལས། ཕྱི་མའི་གཤེན་པོ་རྣམས་ལ་ལ་གཡའ་རི་དང་གངས་བྲག་ལ་གཤེགས། ལ་ལ་ནགས་ཁྲོད་དང་མཚོ་ལ་གཤེགས། ལ་ལ་བར་གྱི་མྱ་ངམ་ལ་ཆུ་གཏིང་བརྡོལ་དང་དམུ་ཡད་རང་བབས་བསྒྲུབས་ནས་བཞུགས་སོ། །ཞེས་གསུངས། སྐབས་དེར་བཞུགས་པའི་བོན་གཤེན་ནི། ཁོད་སྤུངས་དྲན་པ་ནམ་མཁའ། སྟོང་རྒྱུང་མཐུ་ཆེན། གེ་ཁོད་ཐིས་འཕན།  ཅོ་གྱིམ་བུ་ལེན་ཙ། ར་སངས་ཁོད་རམ། དཀྱིལ་ཆེན་མུ་ཐུར། ཁེ་ནན་ཡོ་ཕྱ། དམུ་ཙ་གྱེར་མེད་དང་བཅས་པས་གཙོས་པའི་རིག་འཛིན་རྣམས་མུ་ཁྲི་བཙན་པོ་སོགས་ཀྱི་རིང་དུ་དར་བའི་གཡུང་དྲུང་གི་བོན་ལ་སྤྱད་ནས་སྨིན་པའི་གྲུབ་ཐོབ་ཡིན་ཏེ། ཞང་ཞུང་ནས་བསྒྱུར་བའི་བོན་གྱི་བརྒྱུད་རིམ་ལས་གསལ་བའི་ཕྱིར། རྒྱུ་མཚན་འདི་རྣམས་ལ་བརྟེན་ནས་བོད་རྒྱལ་འཕགས་པའི་རིག་འཛིན་ཆེན་པོ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་མུ་ཁྲི་བཙན་པོའི་ཐུགས་བསྐྱེད་བླ་ན་མེད་པ་ལ་བརྟེན་བོད་ཡུལ་མུན་པའི་སྨག་རུམ་རྒྱལ་བའི་བསྟན་པ་ཉི་མའི་འོད་སྟོང་ཅན་ཞང་ཞུང་བོན་གྱི་ཡུལ་ནས་བསྒྱུར་ཞིང་སྤྱན་དྲངས་པ་ལ་བརྟེན་ནས་སྨིན་པའི་གྲུབ་ཐོབ་སེང་ཁྱུ་འཁྲུགས་པ་ལྟ་བུ་བྱུང༌། འགྲོ་བའི་བསོད་ནམས་ཀྱི་དཔུང་གིས་མ་ཐེག་པས་ཐེལ་རྒྱལ་གྲི་གུམ་བཙན་པོས་བསམ་སྦྱོར་ངན་པས་ཟབ་མོའི་བོན་སྡེ་རྣམས་གཏེར་དུ་སྦས་དགོས་པ་དང༌། བོན་གཤེན་རྣམས་ལ་འོ་བརྒྱལ་དེ་ལྟར་བྱས་པ་སོགས་ལ་བསམ་ནས་སྔ་རབས་ཀྱི་དུས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དང༌། དེ་ལ་བསྒྱུར་བཀོད་སྤེལ་བའི་འཁོར་ལོས་སྐལ་ལྡན་བོད་ཀྱི་འགྲོ་བ་རྣམས་ལ་ཐར་པའི་མིག་གསལ་བར་བྱས་པའི་ཚུལ་ལ་ཡིད་རངས་བྱ་བར་འོས་པའི་གནས་སོ། །

          ད་དུང་ཕྱོགས་སུ་ལྷུང་བའི་གཡག་ཞར་གྱི་མིག་གིས་རྩྭ་ཡི་དེ་ཉིད་མི་མཐོང་བ་ལྟར་བོད་ཀྱི་བསྟན་འཛིན་གྱི་རྒྱལ་པོ་གོང་མ་ལྷ་ཡི་རིགས་རྣམས་ཀྱི་ཆབ་སྲིད་བསྐྱངས་ཚུལ་དམངས་སྤྱོད་གདོལ་ལས་སུ་བཟུངས། རང་གི་ཡུལ་གྱི་སྣོད་བཅུད་ཀྱི་དཔལ་འབྱོར་རིག་གཞུང་ཐམས་ཅད་ཞོར་ཉམས་སུ་བཏང་ད་དུང་དེ་དུས་ཀྱི་ཡིག་རིས་དང་བསྟན་པ་རྣམས་ཡོད་མེད་ཐེ་ཚོམ་དུ་བཟུང་བ་རྣམས་ལ། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་དགུང་ལོ་ཉེར་གཉིས་དུས་སུ་འབྲིག་མཚམས་མཐའ་དཀར་ནས་མེ་སྦྲུལ་དགུན་ཟླ་འབྲིང་པོའི་ཚེས་ཉེར་བཞི་ལ་གཏེར་ཐོན་པའི་དཔེ་བླ་མ་བྲུ་ཞུ་གཉིས་ཀྱི་ཕྱག་ཏུ་ཡོད་པ་འདི་རྣམས་ལ་གཟིགས་ན་ཐེ་ཚོམ་གྱི་ནད་སེལ་ལོ། ། མུ་འགོད། ཐ ཚན་མུ་ཙུག་སྨར་རོ།།

No comments:

Post a Comment