Saturday, January 16, 2016

འབེལ་གཏམ་ལུང་གི་སྙིང་པོ། དུམ་བུ་བརྒྱད་པ།



༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག

གཏེར་ཡིག་དང་གྲི་གུམ་བཀྲོངས་ཚུལ།
          སྤྲུལ་སྐུ་ཀླུ་དགས་འབྲིག་མཚམས་ནས་ཐོན་པའི་དཔེ་བོན་ཅན། གྲི་གུམ་གྱི་དུས་སུ་བྲིས་ཏེ་སྦས་པ་ཡིན་ཏེ། དེའི་དུས་སུ་སྟོང་རྒྱུང་སོགས་མཁས་པ་གོང་མ་བཞིས། སྦས་པར་གསུངས་པའི་ཕྱིར་ཏེ། གླིང་གྲགས་ལས། མཁས་པ་མི་བཞིས་ཐེག་དགུའི་བོན་ཐམས་ཅད་དྲིལ་ནས་མཚོ་རྔའི་བྲག་གུ་ཀ་རུ་ལ་སྦས། ཞེས་གསུངས།

          གཞན་ཡང་གོང་དུ་བཤད་པ་ལྟར་བྱང་འབྲོག་གི་ས་གནས་ཟང་ཟང་ལྷ་བྲག་དྭང་ར་ཁྱུང་རྫོང་ཟར་གྱི་སྟག་སྣ་སོགས་ནས་ཐོན་པའི་བོན་ཡང་འདི་དང་མཚུངས་སོ། །རང་གིས་མཐོང་མྱངས་བའི་གཤེན་གཏེར་གྱི་བུ་དཔེ་ཁམས་ཆེན་ནག་ཕྲན་མ་ཞུ་རི་ཞིང་དུ་བཞུགས་པ་དེ་ནི་ཡིག་གཟུགས་འབྲུ་མ་ལྟ་བུ་རྐང་པ་རིང་ཙམ་ཅན་འགོ་ནས་མཇུག་བར་ཆ་མཉམ་པ་ཤོག་གུ་སྦྱར་མ་འཐུག་པོ་སྣག་ཚ་ནག་པོ་ཁོ་ནས་བྲིས་པ་སྐབས་འགར་འབྲུ་དག་མེད་པ་རྣམས་ཀྱི་ཐད་དུ་གཤེན་གྱི་བླ་དཔེ་ལ་ཡང་འདི་ལྟར་འདུག་ཅེས་མཆན་དུ་བྲིས་འདུག །

          མདོར་ན་རྒྱལ་པོ་མུ་ཁྲིས་རྒྱལ་བསྟན་གྱི་སྲོལ་བཙུགས་ནས་བཟུང་བོད་ཡིག་དང་རྒྱལ་བསྟན་རིན་པོ་ཆེ་རྩ་ཉམས་སུ་མ་སོང་སྟེ། གྲི་གུམ་གྱི་དུས་སུ་ཡང་ལྷ་བོན་སྒོ་བཞི་དང་གེ་ཁོད་ཐིས་འཕན། ཅོ་གྱིམ་བུ་ལན་ཙ་རྣམས་བདག་གི་སྐུ་བསྲུང་དུ་བཞུགས་འཚལ། ཞེས་གསུངས་པའི་ཕྱིར། དེ་ནས་རྒྱལ་པོ་ཁྲི་སྲོང་གི་བར་དུ་བོན་ལ་གནོད་པ་མ་བྱུང་བར་དར་རྒྱས་སུ་བྱུང་བའི་ཕྱིར་རོ། །

          འདིར་ཁ་ཅིག་གིས། གཤེན་ཀླུ་དགས་ཚེ་སྟོད་ཆོས་ལ་བོན་གྱི་མིང་བཏགས་ནས་སྦས། ཚེ་སྨད་ལ་གཏེར་ཐོན་ཁུལ་བྱས་ཏེ་བླངས་ཞེས་བརྗོད་མཁན་འདུག་པ་འདིའི་རིགས་ལ་ཞུ་རྒྱུ། དང་པོ་ཁུངས་ལ་ལེགས་པར་བརྟགས་ནས་མ་བཤད་ན། འཇིག་རྟེན་པའི་ཁྲོད་དུ་རྫུན་མཁན་ཟེར་ནས་མི་ཁྱུའི་གྲལ་དུ་ཚུད་དཀའ་མོ་འབྱུང་རྒྱུ་རེད། གཤེན་ཀླུ་དགའི་སྐོར་རྗེས་སུ་དགོས་པའི་དབང་གིས་རྒྱས་པར་འཆད་རྒྱུ་ཡིན། གྲི་གུམ་དང་ལོ་ངམ་འཁྲུགས་པ་འདི་བོད་དུ་རྒྱལ་འབངས་འཁྲུགས་པའི་ཐོག་མ་ཡིན་ལ། བཤད་ཚུལ་ཡང་འདྲ་མིན་སྣ་ཚོགས་ཞིག་འདུག་ཀྱང༌། ལུང་གང་ཡོད་བཀོད་ནས་ལུང་གི་བབས་ལ་བརྟགས་ཏེ་བསམ་ཚུལ་བརྗོད་པའོ། །

          ཏུན་ཧུང་གི་ཡིག་རྙིང་སྔར་བཤུས་པ་བཞིན་དང༌། བསྒྲགས་པ་རིན་ཆེན་གླིང་གྲགས་ལས། བཙན་པོའི་སྲས་གསུམ་ཡང་ཉང་རྐོང་སྤུ་ཡུལ་དུ་གཤེགས་སོ། །དེ་ནས་ལོ་གསུམ་དུ་རྒྱལ་ས་ལོ་ངམ་གྱིས་བཟུང༌། ལོ་ངམ་ཡང་ཆེ་བ་མ་མཁྱེན་ཏེ། རྒྱལ་ཕྲན་རྗེ་བློན་ཀུན་མ་བདེ་ནས། མཆིད་གྲོས་བྱས་ནས། རྒྱལ་པོའི་པུར་བཙལ་བར་བྱས་པས། སྲིན་ཡུལ་ནག་པོ་དགུ་སུལ་ནས། ཀླུ་ལྕམ་བྱེ་མ་ལག་རིང་ལག་ནས་བླུས་ནས། སྤྱན་དྲངས་ནས་བང་སོ་དྲང་མོ་རྫ་ལ་བཏབ། མཆེད་གསུམ་གྱི་གཅེན་པོ་སྤུ་ཡུལ་ནས་སྤྱན་དྲངས་ནས། མཚན་ལ་སྤུ་ལྡེ་གུང་རྒྱལ་དུ་བཏགས། ཞེས་དང༌། ས་སྐྱ་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས། ༼༡༢༡༽སྲིབ་ཁྲི་བཙན་པོའི་སྲས་གྲི་གུམ་བཙན་པོ། དེ་ལ་སྲས་གསུམ་བྱུང་བ། ཤ་ཁྲི་ཉ་ཁྲི་བྱ་ཁྲི་གསུམ་ཡིན་ནོ། །རྒྱལ་པོ་གྲི་གུམ་བཙན་པོ་དེ། ཐུགས་གདོན་གྱིས་བསླུས་ཏེ། བློན་པོ་ལོ་ངམ་རྟ་རྫི་ཟེར་བ་ཞིག་ལ། ཁྱེད་ཀྱིས་ངའི་འཐབ་ཡ་བྱེད་དགོས་ཟེར་ནས། ལོ་ངམ་ན་རེ། རྗེ་ཅི་ལགས། ང་འབངས་ཞིག་གིས་རྗེ་ཡིས་འཐབ་ཡ་མི་ཡོང་ཞུས་ཀྱང༌། དབང་མེད་དུ་བཅོལ་བས། འཐབ་པར་ཆད། སྐར་མ་ས་ག་དང༌། ས་རིའི་ཉིན་འཁྲུགས་དུས་བྱས་སོ། །དེར་རྒྱལ་པོས། ཁྱི་མོ་ཉན་གྱི་རྣ་གསང་མ་བྱ་བའི་སྤྲུལ་པའི་ཁྱི་ཞིག་ཡོད་པ། ལོ་ངམ་གྱི་རྩར་ཉན་བཏང་བས། ལོ་ངམ་གྱི་དེ་བཞིན་ངོ་ཤེས་ཏེ་གནང་ཉིན་རྒྱལ་པོས་ངེད་རང་གསོད་དུ་འོང་སྟེ། དམག་གི་འཁོར་མ་ཁྲིད་པར་རྒྱལ་པོའི་དབུ་ལ་དར་ནག་གི་ཐོད་བཅིངས། དཔྲལ་བར་མེ་ལོང་བཏགས་འཕྲག་པ་གཡས་ལ་ཝ་རོ་བཀལ། ཁྱི་རོ་གཡོན་ལ་བཀལ། རལ་གྲི་ཀླད་ལ་བསྐོར། གླང་དམར་ལ་ཐལ་སྒྲོ་བཀལ་བྱུང་ན། ངེད་རང་གིས་མི་ཐུབ་ཅེས་སྨྲས་སོ། །ཁྱི་མོ་དེས་རྒྱལ་པོ་ལ་དེ་བཞིན་དུ་ཞུས་པས། དེ་ལྟར་བྱེད་གསུངས་ཏེ། གནང་ཉིན་དེ་ལྟར་བྱས་ནས། ལོ་ངམ་གསོད་དུ་བྱོན། བསྭོ་སྒྲ་བཏབ་པས་གླང་དམར་འགྲོགས་ཏེ། ཐལ་སྒྲོ་རལ་བས་ཐལ་ཚུབ་ཀྱི་མིག་ཁེངས། ཝ་རོས་དགྲ་ལྷ་ཡལ། ཁྱི་རོས་ཕོ་ལྷ་ཡལ། རལ་གྲི་ཀླད་ལ་བསྐོར་བས་དམུ་ཐག་བཅད། དེར་བློན་པོ་ལོ་ངམ་གྱིས་རྒྱལ་པོའི་དཔྲལ་བའི་མེ་ལོང་ལ་གཏད་ནས་མདའ་བརྒྱབ་པས་རྒྱལ་པོ་བཀྲོངས་སོ། །རྒྱལ་པོའི་སྲས་གསུམ་པོ་ནི། ཀོང་པོ་དང༌། ཉང་པོ༌། སྤོ་བོ་གསུམ་གྱི་ཡུལ་དུ་བྲོས་སོ། །དེར་བློན་པོ་ལོ་ངམ་གྱིས་རྒྱལ་སྲིད་འཕྲོགས་ནས། རྒྱལ་པོའི་བཙུན་མོ་ལ་རྟ་རྫི་བཅོལ། ལྷ་ཅིག་ལ་བཙུན་མོ་བཅོལ་ལོ། །དེར་ཡུམ་བཙུན་མོ་དེས་རྟ་འཚོར་ཕྱིན་ནས། གཉིད་ལོག་པའི་རྨི་ལམ་ན། ཡར་ལྷ་ཤམ་པོའི་སྤྲུལ་པ་མི་དཀར་པོ་ཞིག་དང་འབྲེལ་བ་རྨིས། གཉིད་སད་ཙ་ན། སྔས་མགོ་ན་གཡག་དཀར་པོ་ཞིག་ལངས་སོང་བ་མཐོང་ངོ༌། །དེ་ནས་ཟླ་བ་བརྒྱད་སོང་ཙ་ན། ཡུམ་བཙུན་མོ་དེ་ལ་ཁྲག་གོང་པོ་ལག་མགོ་ཙམ་འགུལ་ཤེས་པ་ཞིག་སྐྱེས་བྱུང་བ་བསྐྱུར་བར་ནི་ཤ་ནས་ཆད་པས་སྙིང་རྗེ་བར་བྱུང༌། གསོ་བ་ལ་ནི་ཁ་མིག་གང་ཡང་མི་འདུག་པས་འབྲོང་རུ་དྲོན་མོ་ཞིག་ཏུ་བཅུག་ནས། གོས་ཐུང་གིས་ངར་པས་དྲིལ་བཞག་པས། ཞག་འགའ་སོང་དུས་བལྟས་པས། ཁྱེའུ་ཞིག་བྱུང་འདུག་དེའི་མིང་ཡང་འཇང་གི་བུ་རུ་ལས་སྐྱེས་ཞེས་གྲགས་སོ། །དེ་ལོ་བཅུ་ལོན་དུས་ངའི་ཕ་དང་ཕུ་བོ་རྣམས་གར་སོང་ཞེས། ཨ་མ་ལ་དྲིས་པས། ཨ་མས་སྔར་གྱི་ལོ་རྒྱུས་རྣམས་ཞིབ་པར་བཤད་པ་དང༌། རུ་ལས་སྐྱེས་ཀྱིས་ཐབས་སྣ་ཚོགས་ཀྱི་ཉང་ཆུ་སྐྱ་མོ་ནས་ཡབ་ཀྱི་པུར་བཙལ་ཏེ། ཕྱིང་ཡུལ་དར་ཐང་དུ་ཡབ་ཀྱི་བང་སོ་བརྩིག་བློན་པོ་ལོ་ངམ་བསད། ཕོ་བོ་གསུམ་གདན་འདྲེན་ཕྱིན་པས། ཤ་ཁྲི་དང་བྱ་ཁྲི་གཉིས་གདན་མ་དྲངས་ཏེ་ཀོང་པོ་དང༌། ཉང་པོའི་རྗེ་མཛད་ནས་ད་ལྟ་ཡང་གདུང་རྒྱུད་ཡོད་དོ། །སྤོ་བོའི་ཡུལ་ནས། སྲས་བྱ་ཁྲི་གདན་དྲངས་ཏེ། ཡར་ལུང་དུ་བཞུགས། སྐུ་མཁར་ཕྱིང་ང་སྟག་རྩེ་བརྩིགས། ཡུམ་གྱི་སྲས་བྱ་ཁྲི་ལ་འཇུས་ནས། ལྷ་ལ་དམོད་བོར་བས། ནམ་མཁའ་ནས་སྒྲ་བྱུང་སྟེ། ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ། །བུ་དེ་ཀུན་ལས་རྒྱལ་ཟེར་ཀྱང༌། སྤུ་དེ་གུང་རྒྱལ་དུ་གྲགས་སོ། །རྒྱལ་པོ་འདིས་རྒྱལ་ས་བཟུང་སྟེ། བློན་པོ་ནི་རུ་ལས་སྐྱེས་ཀྱིས་བྱས་སོ། །ཞེས་དང༌། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་མཛོད་ཀྱི་ཀླད་དོན་ ༼༡༦༤༽ལས། གསུམ་པ་དབུ་ཡོགས་ནི་གཤེན་པོ་རྣམས་ཀྱི་ཐུགས་ཀྱི་བརྣག་པ་སྔར་བཞིན་བགྱིས་པའི་ནུས་པས་བླ་ན་རྒྱལ་གྱི་མངའ་ཐང་ཉམས་ཏེ་ཐུགས་སུ་གདོན་གསོལ་ནས་རྒྱལ་པོས་ལོ་ངམ་འཐབ་ཟླ་བཙལ་ནས་ཉང་སྟོད་སྟག་ཚལ་དུ་འཐབ་དུས་བསྩལ་ནས་ཐལ་བ་གླང་བརྒྱའི་ཁལ་དང་བྱོན་ནས་དཔྲལ་བར་འཕྲུལ་གྱི་མེ་ལོང་ཐོགས་ལ་རལ་གྲི་མུ་ཙ་མེད་ཀླད་ལ་བསྐོར་གྱིན་སྔ་ཕྱིའི་འཕོང་ལ་སྤྲེའུ་དང༌། བྱི་ལའི་པགས་པ་ཐོགས་ལ་བྱོན་བྱས་བཞིན་དུས་ཐོག་ཏུ་བྱོན་པས། དམུ་ཐག་དང་དམུ་སྐས་ནི་ཉིད་ཀྱི་རྒྱན་གྱིས་བཅད་ཅིང་གདའ། ལོ་ངམ་གྱི་རྫས་ཀྱིས་སྐྱོབ་པའི་ལྷ་དང་ཕྲལ་ཏེ་དུག་མདས་ཐལ་འཚུབ་ཀྱི་གསེབ་ཏུ་གྲིར་བཀྲོངས་པ་ནི་མཚན་ལས་བརྫུས་པའོ། །པུར་ཟངས་ཁ་སྤྲད་པའི་ནང་དུ་བསྩལ་ཏེ་ཉང་ཆུ་ལ་བསྐྱུར་བས་རྐོང་ཡུལ་ཀླུ་ལྕམ་ཁོད་དེ་རིང་མོས་བདག་བྱས་སོ། །

          ལོ་ངམ་གྱིས་གྲི་གུམ་གྱི་སྲས་ཤ་ཁྲི་དང་ཉ་ཁྲི་བྱ་ཁྲི་གསད་པར་དགོངས་པ་ལས་རྫུ་འཕྲུལ་གྱི་སྨན་ཁྲིས་ཉི་ཟེར་གྱི་ཤུལ་ལམ་ལ་ཤུལ་དྲངས་ནས་མྱང་དྭགས་སྤུ་བོ་གསུམ་གྱི་ཡུལ་དུ་བཅོལ་ལོ། །དེ་ནས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི་ཆག །མི་ཆོས་སོག་མའི་ཕོན་ཐག་ནི་ཆད། བློན་པོ་ཁྲིམས་ཀྱི་སྒྲོ་བ་ནི་རལ། བོད་རང་ཁ་སིལ་བུར་ཤ་རྐྱང་སྤང་ལ་བྱེར་བ་བཞིན་དུ་སོང་ངོ༌། །

          སྤུ་ལྡེ་གུང་རྒྱལ་མན་ཆད་བཀྲ་མི་ཤིས་པའི་རྟགས་ནམ་མཁའ་ལ་རྫུ་འཕྲུལ་གྱི་སྨན་ཁྲི་ཁྲི་དང་ཆས་ནས་འགྲོ་བ་དང་བྲལ་ནས་ས་ལ་ལེགས་ལེགས་སུ་འགྲོ་བ་ལས་སོགས་བཀྲ་མི་ཤིས་པ་དུ་མ་བྱུང་བའི་ཆོ་འཕྲུལ་བགེགས་བུ་རུ་ལས་སྐྱེས་ཀྱི་ཁྱེའུ་ངར་ལ་ངར་པོ་གླུད་དུ་བཏང་ནས་གྲི་གུམ་གྱི་པུར་བང་སོ་ཡར་ལུང་དུ་བཏབས་པས་བཟློགས་སོ། །ཞེས་དང༌། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ་ལས། ཇུ་ཐིག་རྒྱུད་འབུམ་ལས། རྒྱལ་པོ་གྲི་རུམ་བཙན་པོ་དེ། འབངས་ལོ་ངམ་རྟ་རྫིས་བསད་པ་ཡོད། རྒྱལ་བླ་གྲི་བོར་སོང་བ་ཡོད། རྒྱལ་གྱི་ཆབ་སྲིད་ཉམས་པ་ཡོད། ཅེས་དང༌། རྒྱལ་པོ་གྲི་རུམ་གྱིས་བོན་བསྣུབས་པས། ཞེ་རྔམ་སྐྱེས་ནས། ལྷོ་བྲག་གི་ལོ་ངམ་རྟ་རྫི་ལ་འཕྲིན་བརྫངས་ཏེ། ང་དང་མཉམ་པའི་བོན་པོ་ནི་སྤྱུགས། ང་ལ་འཐབ་ཟླ་མེད་པས། ཁྱེད་ཀྱིས་འཐབ་ཟླ་བྱེད་དགོས་གསུངས་པས། ཁྱེད་སྤྱི་ཕུད་ཀྱི་རྒྱལ་པོ་ཆེན་པོ་ཡིན། བདག་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་བ་ཡིན། རྒྱལ་འབངས་འཁྲུགས་པ་ག་ལ་འོས། རྗེའི་འཐབ་ཟླ་མི་འོང་བས།བཀའ་དེ་མི་གསུང་བར་ཞུ་བྱས་པས། རྒྱལ་པོ་ན་རེ། ང་དང་ཟླ་མཉམ་པའི་བོན་གཤེན་རྣམས་ནི་མཐའ་རུ་སྤྱུགས། ད་ང་ལ་འཐབ་ཟླ་འོས་པ་མི་རྟ་ཧྲག་པ་ཁྱོད་ལས་མེད་པས། དམག་དང་བཅས་ནས་མི་འོང་ན་སྐེ་ལ་ཆབ་གསོལ་ཟེར་རོ། །དེ་ནས་ལོ་ངམ་གྱིས་བསམ་པས། ང་འདིའི་འཐབ་ཟླ་མ་བྱས་ན་ནི་ཆབ་གསོལ་བར་འདུག །བྱེད་པར་ཁས་བླངས་ནས་བྲོས་ཀྱང༌། རྒྱལ་པོའི་བཀའ་བཅག་པས། ཕྱིས་བོད་དུ་མི་ཆུད་པར་འདུག་ །ལར་འདིས་བདེན་པའི་བོན་བསྣུབས་པས་བཀའ་ཆད་འདྲ་བྱུང་ངམ་བསམ་ཞིང༌། བློ་སེམས་རབ་ཏུ་མི་བདེ་བ་ཡོད་ཙ་ན། དེ་ནུབ་རྨི་ལམ་དུ་སྐྱེས་ཕྲན་ཆས་བཟང་ཞིག་ན་རེ། ལོ་ངམ་ཁྱོད་བློ་མ་སྡུག་དང་རྒྱལ་པོ་ནི་བོན་གྱི་དབུ་ཡོགས་ཀྱིས་མ་བདུད་ཀྱིས་སྙིང་དཀྲུགས་ནས་ཡོད་ཀྱིས། ཁྱོད་ཀྱིས་སྟོབས་ཀྱིས་མི་ཐུབ་ན་ཡང་ལྷ་དབྱེ་རྫས་འདི་རྣམས་བྱས་པས་ཐུབ་ཀྱིས། རྒྱལ་པོ་ལ་འདི་སྐད་སྨྲོས་ཤིག །ད་ཅི་ནས་ཀྱང་ཐུགས་དགྱེས་ན། རྗེའི་འཐབ་ཟླ་བདག་གིས་མི་ཡོང་གི་ཀུ་རེའི་ཚུལ་དུ་རོལ་མོ་འབུལ་ལགས་པས། ཟླ་བ་ཕྱི་མའི་ཉ་ལ་རྒྱལ་རྟ་ཕུན་དམར་ཆིབས་ལ་བྱོན། སྤྲེའུ་དང་བྱི་ལ་སྔ་ཤ་དང་ཕྱི་ཤ་ལ་ཐོགས་ལ་བྱོན། དཔྲལ་བར་དངུལ་དཀར་མེ་ལོང་ཐོགས་ལ་བྱོན། རལ་གྲི་དམུ་ཚ་ཀླད་ལ་བསྐོར་གྱིན་བྱོན། བ་དམར་གླང་དམར་བརྒྱ་ལ་ཐལ་སྒྲོ་མདུང་རྩེ་སྲིན་མོ་རྐང་བཙུགས་པ་རེ་ཁོལ་ལ་བྱོན། དེ་རྣམས་ཕྱོགས་ཐུབ་ཀྱི་རྫས་ལགས་སོ། །དེ་ལྟར་མ་བྱས་ན་བདག་ཅག་ཡོད་པའི་ས་ན། ལྷ་འདྲེ་རྣམས་ཡ་ང་ལ་རུ་འཐུར་བས། རྗེའི་སྐུ་ཚེ་ལ་གནོད་པའི་ཕོག་ཐུག་གང་ནས་འོང་མ་ངེས་ལགས་པས། དེ་ལྟར་མཛད་པར་ཞུ་ཟེར་བ་སྨྲོས་ཤིག་ཟེར་རོ། །དེར་ལོ་ངམ་གྱིས་ཀྱང་དེ་ལྟར་སྨྲས་པས། རྒྱལ་པོ་དགྱེས་ཏེ་ལོ་ངམ་སྙིང་བཟང་ཐོས་པ་ཆེ་བས་དེ་ལྟར་བྱའོ་གསུངས། ལོ་ངམ་གྱིས་དམག་དང་བཅས་ནས་འོང་བར་བྱས་ཏེ་འཐབ་དུས་བགོས་སོ། །དེར་ལོ་ངམ་གྱིས་དམག་དང་གོ་མཚོན་བསྟར། སྒྲ་དང་རོལ་མོ་མང་དུ་བསགས་སོ། །དུས་ཚིགས་མ་ནོར་བ་ལ་འོངས་སོ། །རྒྱལ་པོ་ཡང་ཆད་ལ་བཙན་ཏེ། ལོ་ངམ་གྱིས་ཇི་ལྟར་འཐབ་དུས་བགོས་པ་བཞིན་ཆས་ཏེ་བྱོན། དེ་དུས་ལོ་ངམ་གྱིས་རྒྱལ་པོ་ལ་གསེར་ཡིག་བཏང་སྟེ། འོ་སྐོལ་གཉིས་ལ་རྗེ་འབངས་ཀྱི་ཁྱད་བདོག་པས། སྔོན་ལ་ཁྱེད་ལ་བསུ་བ་ཞིག་བགྱིད། དེ་རྗེས་གང་གསུང་གི་སྐྱོ་བསང་བགྱིད་པར་བདོག་ལགས། ཞེས་སྤྲིངས་པས། རྒྱལ་པོ་ཡང་ཁོའི་ཟེར་བ་བདེན། འོ་སྐོལ་གཉིས་མི་མཉམ་པས། ཁྱེད་ཀྱིས་དང་ལ་བསུ་བ་གྱིས་ཤིག །དེ་ནས་འཁྲུགས་པ་ཡང་བྱེད་དགོས་ཟེར་རོ། །དེ་རྗེས་སྒྲ་དང་རོལ་མོས་བསུ་བ་བྱས་པས། བ་དམར་དང་གླང་དམར་འགྲོགས། ཐལ་སྒྲོ་མདུང་རྩེས་ཕུག །ལས་རླུང་གིས་ཐལ་ཚུབ་ཏུ་རེངས་ཀྱིས་སོང་བས། ད་ལྟ་ཉང་རོ་ཐལ་བ་ཚལ་བྱ་བ་ཡོད་སྐད། དེའི་དུས་རྗེའི་སྐུ་ཉེན་ན་དམུ་ཐག་དང་དམུ་སྐས་ལ། སུམ་ཅུ་རྩ་གསུམ་དུ་འགྲོར་ཡོད་པ་ཡང་རལ་གྲིས་བཅད། ཕོ་ལྷ་དང་མོ་ལྷས་སྐྱོབས་པ་ཡང་སྤྲེའུ་བྱི་ལས་གནམ་དུ་འཕང༌། ཐལ་གསེབ་ཏུ་མེ་ལོང་ལ་གཏད་ནས་མདའ་བརྒྱབ་སྟེ་བསད་ཟེར་རོ། །

          གྲི་བཤད་ལས། དུས་དང་སྐལ་པ་དེ་ཙམ་ན། རྒྱལ་པོ་ཁྲི་རུམ་བཙན་པོ་ལ། ལོག་པའི་རྒྱལ་འདྲེ་སྙིང་ལ་ཞུགས། རྒྱལ་པོ་འཐབ་པའི་དོ་མ་རྙེད། གྲི་བདུད་ཧ་ལའི་སྤྲུལ་པ་ནི། གྲི་རྒྱལ་ལོ་ངམ་རྟ་རྫི་དེ། རྒྱལ་པོས་འཐབ་པའི་དོ་རུ་བཙལ། འཐབ་མོ་ཁ་དང་ལག་ལས་བྱུང༌། མཚོན་ཆ་ལུས་དང་ཤུགས་ལས་བྱུང༌། རྒྱལ་པོ་གྲི་རུམ་བཙན་པོ་དེས། རྒྱལ་རྟ་ཕུན་དམར་ཆིབས་སུ་ཆིབས། སྤྲེའུ་དང་བྱི་ལ་འཕངས་སུ་བསྐྱོན། རལ་གྲི་དམུ་ཚ་གླད་ལ་བསྐོར། བ་དམར་གླང་དམར་ཁལ་དུ་དེད། སྤྲེའུ་དང་བྱི་ལ་བསྐྱོན་པ་ཡིས། རྗེའི་མགུར་ལྷ་གནམ་དུ་ཡལ། རལ་གྲི་དམུ་ཚ་བསྐོར་བ་ཡིས། དམུ་ཐག་དམུ་སྐས་རྐེད་ནས་ཆག །བ་དམར་གླང་དམར་དེད་པ་ཡིས། སྣང་བའི་ཉི་མ་མུན་པ་སོང༌། གྲི་རྒྱལ་ལོ་ངམ་རྟ་རྫི་དེས། གདུག་པའི་གྲི་མདའ་ལྟ་ནག་ནི། དཔྲལ་བའི་དབྱེས་སུ་བརྒྱབ་སྟེ་བསད། དེར་རྒྱལ་པོ་གྲི་རུམ་བཙན་པོ་དེས། ཞལ་ནས་དམོད་པ་ངན་པ་བོར།ཞེས་དང༌། ད་ལྟ་ཡང་ཉང་རོ་ལྟག་ཞལ་བྱ་བ་ཡོད་དོ། །དམུ་ཐག་ཟང་ཡག་དང༌། དམུ་སྐས་ཐེམ་དགུ་ཆད་པས། པུར་ས་ལ་ལུས་པ་དེ་ལོ་ངམ་གྱིས་ཟངས་ཁ་སྤྲོད་དུ་བཅུག་སྟེ། འདའ་ལེ་ཟམ་ཁ་ནས་ཉང་ཆུ་ལ་བསྐུར་རོ། །༼དེང་དུས་ཀོ་རོག་ཟམ་པ་ཟེར་བ་དེ་ཡིན་ནམ་སྙམ༽ སྲས་སྤུ་ལྡེ་དང་ཉ་ཁྲི་གཉིས་དྭགས་རྐོང་གཉིས་སུ་སྤྱུགས། བློན་པོ་དྲག་པ་བསད། ཞན་པ་སྤྱུགས། བཙུན་མོ་ལུག་རྫི་ལ་བཅུག་སྲས་མོ་ལྷ་ལྕམ་ཁབ་ཏུ་བླངས་ནས། རྒྱལ་ས་ལོ་བཅུ་གསུམ་ཁོས་བཟུང་ངོ༌། །

          དུས་དེ་ཙམ་ན། རྗེའི་བཙུན་མོ་དབལ་ཟ་ཁྲི་བཙུན་དེ། ཉིན་ཞིག་ཕུ་ན་ཡར་ལུག་འཚོ་རུ་ཕྱིན་པས། གཉིད་དུ་སོང་བའི་རྨི་ལམ་དུ། སྐྱེས་ཕྲན་ཡིད་དུ་འོང་བ་ཞིག་དང་འཚོས་པ་རྨིས། སད་ཙ་ན། སྔས་ན་གཡག་དཀར་པོ་ཞིག་ཉལ་ནས་སྣང༌། དེ་ནས་རེས་ཤིག་ན་མོ་ལ་ཕ་མེད་པའི་བུ། ཁྲག་ཤ་ལག་འགོ་ཙམ་ཞིག་སྐྱེས་སོ། །དེ་གཞན་ལ་ངོ་ཚ་སྟེ་གཡག་རུའི་ནང་དུ་བཅུག་ནས། མ་སྒྱེད་ཀྱི་རྩ་རུ་གསོས་པས། བུ་ཚ་གཞན་བས་སྐྱེད་ཆེ་ལ་རྒོད་དྲག་པ་ཞིག་བྱུང་སྟེ། མིང་ཡང་ཁྲག་གི་བུ་རུ་ལས་སྐྱེས་སུ་བཏགས་སོ། །བུ་ཆེར་སོང་ནས་མ་ལ་ང་ཡི་ཕ་གང་ཡིན་དྲིས་པས། མས་ཁྱེད་གཡག་རུའི་ནང་ནས་རྙེད་པ་ཡིན། ཕ་སུ་ཡིན་ཆ་མེད་ཟེར་རོ། །ཡང་ཡིད་མ་ཆེས་པར་ནན་བསྐྱེད་ནས་དྲིས་པས། ཁྱེད་ལ་ཕ་ཡོད་ན་ད་ལྟ་འུ་མ་བུ་འདི་ཨེ་འདྲ་ཟེར་ནས་བཤད་དུ་མ་འདོད། དེ་ནས་བུ་ཕུ་ན་ཡར་རྟ་འཚོ་རུ་ཕྱིན་པས། ཉིན་ཞིག་མི་དཀར་རྟ་དཀར་ཅན་ཞིག་བྱུང་ནས། ང་ནི་ཡར་ལྷ་ཤམ་པོ་ཡིན། ཁྱེད་ནི་ངའི་བུ་ཡིན་པས། ཕ་གྲི་རུམ་བཙན་པོ་བྱ་བ་ཡོད་པ་ནི། ལོ་ངམ་གྱིས་བསད་ནས་རྒྱལ་ས་ཁོས་ཐོབ་པ་ཡིན་ཟེར་རོ། །དེ་སྲས་ཀྱིས་མ་ལ་དོ་ནུབ་དེ་སྐད་བཟླས་པས། མས་ཀྱང་ཡིན་དག་དེ་ལྟར་ཡིན། རྒྱལ་ས་འདི་ཀུན་ཁྱེད་ཀྱི་ཕ་མྱེས་ཀྱི་ཕོ་བྲང་ཡིན། གཅེན་པོ་སྤུ་ལྡེ་གོང་རྒྱལ་བྱ་བ་ད་ལྟ་རྐོང་ཡུལ་དུ་བྲོས་ནས་ཡོད། ཞེས་ཞིབ་ཏུ་བཟླས་སོ། །དེར་རུ་ལས་སྐྱེས་ཀྱིས་སྤུ་ལྡེ་སྤྱན་དྲངས། བྱིང་བ་སྟག་རྩེའི་རྒྱལ་སར་བཏོན། དབུས་ཀྱི་འབངས་རིགས་བསྡུས། རུ་ལས་སྐྱེས་ཀྱི་མིང་ནི། རྒྱལ་པོ་ཁྲི་སྨོན་བཟུང་བྱ་བ་བཏགས་ནས་རྒྱལ་ཕྲན་བྱས། དེ་ནས་གཙང་དུ་དམག་དྲངས་པས། གཙང་འབངས་རྣམས་ཀྱིས་ཀྱང༌། ངེད་ཀྱི་རྗེ་བོ་བྱོན་ཟེར་ནས་དམག་སྣ་ནང་དུ་དྲངས་ཏེ། ཤམ་པོ་རྩེ་ནས་ཕབ། ལོ་ངམ་ཕ་བརྒྱ་བུ་སྟོང་གྲི་རུ་བསད་དོ། །

          ཡང་ཁ་ཅིག་རུ་ལས་སྐྱེས་ཀྱིས་ལོ་ངམ་གྱི་ཁྱི་དཀར་པོ་དུང་གི་རྣ་བ་ཅན་ལ་རེག་པའི་དུག་བཀུས་ཏེ། དེ་ལ་རེག་པས་གུམ་ཟེར་བ་ཡང་སྣང༌། དུས་དེར་ཡུལ་དེ་རུ་ནད་རིམས་སྣ་ཚོགས་དང༌། བཙའ་སད་སེར་བ་ལ་སོགས་མི་དགེ་བ་འབའ་ཞིག་ཏུ་བྱུང་བ་ལ། མོ་རྨི་ལྟས་ཀུན་ན་རེ། རྒྱལ་པོའི་པུར་ཆུ་ལ་བསྐུར་བས་ལན་པས། པུར་བཙལ་འཚལ་ཟེར་ནས། གཙང་པོའི་རྒྱུད་ཀུན་བཙལ་བས་ཀྱང་མ་རྙེད་དོ། །རེས་ཤིག་ནས་ཉང་སྟོད་སྟག་ཚལ་དུ། རྩིས་མཁན་མཁས་པ་ཞིག་ལ་རྩིས་བྱས་པས། རྒྱལ་པོའི་པུར་ནི་ཀླུ་ལྕམ་ཁོད་དེ་རིང་མོ་བྱ་བས་བསྡོམ་འདུག་པས། དེ་བསླུ་བའི་ཐབས་ལ་ཁྱེའུ་ངར་ལ་ངར་པོ་ཞེས་བྱ་བ། ཤ་རྩ་དམར་བ་སྐྲ་ཁམ་པ་ལོ་བྱ་ལོ་བ། མིག་བྱ་མིག་ལྟར་མས་ཡར་འགེབས་པ་ལག་པ་ཆུ་བྱ་ལྟར་འབྲེལ་བ། དེ་ལྟར་བུ་ཞིག་གླུད་དུ་བཏང་ན་རྙེད་ཟེར་ནས་རུ་ལས་སྐྱེས་དཔོན་གཡོག་གིས་ཕྱོགས་ཀུན་ཏུ་བཙལ་ཡང་མ་རྙེད་པར། ལོག་ནས་ཡུལ་ཡར་ལུང་སོག་ཁའི་གཡེལ་གང་བར་བྱ་བར་སླེབས། དེར་རུ་ལས་སྐྱེས་ཞབས་ཅིག་ན་གཟིམས་ནས་ཡོད་ཙ་ནས། ཞིང་ཞིག་གི་སྟེང་ན་བུད་མེད་འདྲ་ཡུར་མ་བྱེད་པའི་འགྲམ་ན་བུ་ཚ་ཞིག་ཙེར་ཙེར་ངུ་ཡིན་འདུག་པ་ལ། དེའི་མ་ན་རེ་མུག་ཕྲུག་ལྷ་འདྲེས་ཁྱེར་ཁྱེར་བ། ལྟས་ངན་གྱི་ཕྲུ་གུ་ལོ་ཡང་བྱ་ལོ་ལ་སྐྱེས་མིག་ཀྱང་བྱ་མིག་བཞིན་མས་ཡར་འགེབས་པ། ལག་པ་ཡང་ཆུ་བྱའི་སྡེར་མོ་བཞིན་འབྲེལ། ཤི་རུ་མི་འདོད། གསོད་ནི་མི་ཕོད། སྐྱུར་དུ་མིས་འཕྱ། ཞེས་ཟེར་རོ། །དེར་བུད་མེད་དེའི་འགྲམ་དུ་ཕྱིན་ཏེ། ཁྱོད་ལ་ཅི་འདོད་བྱིན་གྱི། བུ་འདི་ང་ལ་བྱིན་བྱས་པས། དེ་ལྟར་ན་སྣོམས་ཤིག་ཟེར་ནས་ཁྱེར་ཏེ། ཆུ་ཁར་ཕྱིན་ནས་ཀླུ་ལྕམ་ཁོད་དེ་རིང་མོ། ཁྱོད་འདོད་པའི་ཁྱེའུ་ངར་ལ་ངར་པོ་ཡོད་དོ། །རྒྱལ་པོའི་པུར་ཐོངས་བྱས་ནས་ཁྱེའུ་ཆུ་ལ་འཕངས་པས་དེས་གཏིང་དུ་སླེབས་ཙམ་ན་པུར་ཆུ་ཁར་ཐོན་ནས་བྱུང༌། དེ་ཡར་ལུང་གི་དྲང་མོ་དྲང་ཆུང་གི་གཡའ་ལ་བང་སོ་བཏབ། རྒྱལ་འདུར་ལ་དེ་སྔ་བས། དེ་ལྟར་རྗེའི་དུར་ས་བང་སོའི་ཁྲོད་བྱ་བ་ཡོད། སྲིད་པ་བང་སོ་ས་ལ་ཟུག་པ་ཡང་དེ་ལགས་སོ། །ཞེས་གསུངས། ཡོངས་རྩེའི་འགྲེལ་བ་ལས། བོན་བསྣུབ་ཚར་ནས་རྒྱལ་བློན་རྣམས་སྐུ་དལ་གྱིས་བྲོ་གླུ་བྱེད་ཅིང་ཡོད་པར། བར་སྣང་དུ་མི་དཀར་པོ་འཇིགས་སུ་རུང་བ་ཞིག་བྱུང་ནས། ཁྱེད་རྒྱལ་བློན་རྣམས་ད་ལྟ་དགའ་སྐྱིད་འཛོམས་ནས་སྣང་སྟེ། སྲོག་རྩ་གཉེན་པོ་མྱུར་དུ་འཆད་ཀྱི་ཟེར་ནས་མི་སྣང་ངོ༌། །དེར་བོན་གྱི་བཀའ་ཆད་ཀྱིས་རྒྱལ་པོའི་ཐུགས་སུ་གདོན་ཞུགས་ནས། འབངས་ལོ་ངམ་རྟ་རྫི་ལ་འཕྲིན་བརྫངས་ཏེ། ང་ལ་འགྲན་ཟླ་བོན་གཤེན་ཡོད་པ་ནི་སྤྱུགས་ཚར། ༼སོགས་སྔར་གྱི་ལུང་ལྟར་སྨྲས་ནས༽ དེར་ལོ་ངམ་ནུབ་མོ་ཤིན་ཏུ་སྡུག་ཅིང་ཡོད་པའི་སྔས་སུ། བོན་གྱི་བཀའ་སྲུང་ཀླུ་སྲས་སྐྱེས་ཅིག་འོང་ནས་ལུང་བསྟན་ཏེ། ལོ་ངམ་འཇིགས་སྐྲག་མི་དགོས་རྒྱལ་པོ་ལ་ཞུ་བ་འདི་ལྟར་ཐོངས། ད་འོ་ན་དམག་བྱ་ལ་འོང་གིས། རྒྱལ་པོས་ཀྱང་དམག་མཛོད་ལ་བྱོན། ངེས་པར་རྒྱལ་འབངས་འཐབ་པའི་ལུགས་ཅི་ཡོད་ཀྱང༌། རྒྱལ་པོ་མཉེས་པའི་ཕྱིར་དུ། ཀུ་རེ་དང་མཚར་བཞད་ཀྱི་ཚུལ་དུ་འཁྲུགས་པ་བྱ་ཡིས་ཕྱོགས་ངན་དང་འཇིགས་པ་བསྲུང་ཕྱིར་དུ། རྒྱལ་རྟ་ཕུན་དམར་ཆིབས་སུ་བཅིབས་ལ་བྱོན། སྤྲེའུ་དང་བྱི་ལ་འཕོངས་སུ་བསྐྱོན་ལ་བྱོན། རལ་གྲི་དམུ་ཚ་གླད་ལ་བསྐོར་ལ་བྱོན། དངུལ་དཀར་མེ་ལོང་དཔྲལ་བར་ཐོགས་ལ་བྱོན། གླང་དམར་སྟག་རིས་བརྒྱ་ལ་ཐལ་སོར་ཡ་རེའི་ནང་དུ་མདུང་སོ་ངར་མ་རེ་བཅུག་པ་ཁོལ་ལ་བྱོན། དེ་ལྟར་གྱིས་དང་རྒྱལ་པོ་སྐྱོབ་པའི་ལྷ་དང་བྱེ་སྟེ། བོན་གྱི་བཀའ་ཆད་བསྡིགས་ན་ཁྱོད་ཀྱིས་ཐུབ་པར་འགྱུར་ཞེས་ལུང་བསྟན་ཏོ། །ལོ་ངམ་གྱིས་ཀྱང་འཕྲིན་དེ་ལྟར་བརྫངས་པས། རྒྱལ་པོས་ཀྱང་ལོ་ངམ་གྱིས་ཟེར་བ་ལྟར་བྱས་ནས་འོང་བས། སྤྲེའུ་དང་བྱི་ལ་འཕོངས་སུ་བསྐྱོན་པས་རྗེའི་མགུར་ལྷ་གནམ་དུ་ཡལ། རལ་གྲི་དམུ་ཚ་ཀླད་ལ་བསྐོར་བས་དམུ་ཐག་དམུ་འཕྲེང་སྐེད་ཆད། དམག་གི་བར་དུ་བ་དམར་གླང་དམར་ལྷ་འདྲེས་བསྐྲོགས་པས་མདུང་སོས་ཐལ་སོལ་རྣམས་ཕུག །རླུང་དམར་འཚུབས་མས་ཐལ་སོལ་གནམ་དུ་གཏོར། དངུལ་དཀར་མེ་ལོང་མིན་པ་མི་གསལ་ཚེ། ལོ་ངམ་རྟ་རྫིས་གདུག་པའི་གྲི་མདའ་ལྟང་ནག་གིས་དཔྲལ་བའི་དཀྱིལ་དུ་བརྒྱབ་ཏེ་བསད། གྲི་གུམ་ཞེས་ཀྱང་དེ་ལ་བྱ། ཡུལ་མྱང་རོ་ཐལ་བ་ཚལ་ཞེས་བྱ་བ་ཡོད་དོ། །དམུ་ཐག་དམུ་སྐས་ཆད་པས་པུར་ཡང་ས་ལ་ལུས་ཏེ། ཟངས་ཁ་སྤྲད་དུ་བཅུག་ནས་ཉང་ཆུ་ལ་བསྐུར་རོ། །སྲས་སྤུ་ལྡེ་དང་ཧ་རི་གཉིས་ཀྱང་ཉང་རྐོང་གཉིས་སུ་སྤྱུགས། བློན་པོ་དྲག་པ་རྣམས་བསད། ཞན་པ་རྣམས་མཐར་སྤྱུགས་ནས། ལོ་གསུམ་དུ་རྒྱལ་ས་ཡང་ལོ་ངམ་གྱིས་བཟུང་ངོ༌། ། ༼གཞན་དུ་ལོ་བཅུ་གསུམ་ཟེར།༽ རྒྱལ་པོས་བོན་བསྣུབས་མ་ཐག་ལོ་སུམ་ཅུ་རྩ་དྲུག་ལ་འདས་སོ། །ལོ་ངམ་ཡང་ལོ་གསུམ་ནས་དུག་གིས་འདས། བོད་འབངས་རྣམས་གྲོས་བྱས་ནས། སྲས་སྤུ་ལྡེ་སྤུ་ཡུལ་ན་ཡོད་པ་གདན་དྲངས་ནས་རྒྱལ་སར་བཏོན་པའོ། །དེར་ཡབ་ཀྱི་པུར་མདོ་ལེ་ཟམ་ཁ་ནས་རྐོང་ཆུ་རླག་པར་བཙལ་བས་མ་རྙེད་ནས་༼དེང་དུས་ཀོ་རོག་ཟམ་ཟེར་༽མོ་མ་དང་རྩིས་པ་རྣམས་ལ་བརྟག་ཏུ་བཅུག་པས། རྐོང་ཡུལ་གྱི་ཀླུ་ལྕམ་ཁོད་དེ་རིང་མོའི་ལག་ཏུ་ཡོད་པ་ལ། བྱིས་པ་ལུས་སྦལ་པ་དང་འདྲ་བ་ལ་མྱིག་བྱ་མིག་ལྟར་མས་ཡར་འཁེབས་པ་ཞིག་ཀླུ་ཚང་ནང་དེར་བསྐུར་ནས་བསླུས་ན་ལོན་ཞེས་ཟེར་བས། དེ་ལྟར་བྱས་པས་ལོན་ཏེ། ཡར་ལུང་ངང་པ་ཐང་དུ་སྲས་སྤུ་ལྡེ་གུང་རྒྱལ་གྱིས། ཟ་འོག་གི་ཐུགས་སྦྲ་ཆེན་མོ་ཕུབ། སློབ་དཔོན་སྟོང་རྒྱུང་ལས་སོགས་གཤེན་པོ་མང་པོ་གདན་དྲངས་ཏེ། བོན་གྱི་བསྟན་པ་དར་བར་བྱ་བའི་ཕྱིར་དུ་བྱོན་ནས། དུར་ཡར་ལུང་དུ་བཏབ་ཏེ། རྒྱལ་དུར་ལ་སྔ་བ་དེ་ཡིན་ནོ། །ཡབ་ཀྱིས་བོན་ལ་སྡང་ཡང༌། ངས་བོན་དར་དུ་བཅུག་བོན་ཁྲིམས་སྲིད་པའི་ཐོ་ཆེན་འཛུག་ཟེར་ཏེ། དེ་ལེགས་བྱས་པས་ཐོ་ལེགས་བཙན་པོ་ཞེས་ཀྱང་བྱའོ། །ཞེས་དང༌། བཙན་པོ་གྲི་གུམ་དང་ལྷོ་བྲག་པ་ལོ་ངམ་གཉིས་འཁྲུགས་པའི་རྩ་བ་ནི་དར་རྒྱས་གསལ་སྒྲོན་ལས་བཤད་པ་ལྟར་ང་དང་མཉམ་པའི་བོན་གཤེན་རྣམས་ནི་མཐའ་རུ་སྤྱུགས། ད་ང་ལ་འཐབ་ཟླ་འོས་པ་མི་རྟ་ཧྲག་པ་ཁྱོད་ལས་མེད་པས་ཞེས་དང༌། ལི་ཡུལ་གྱི་ཡིག་ཆ་རྙིང་པ་ལས། ཐུགས་སུ་ཡང་ཞུགས། ལྡེ་སྲས་མྱིའི་མྱི་ཚུལ་ཏེ། མངོན་པར་དགུང་དུ་གཤེགས་པ་ལ་སྩོགས་པ་འཕྲུལ་དང་བྱིན་ཆེན་པོ་མངའ་བས། དྲོད་དང་དྲེགས་མ་ཐུབ་སྟེ། བཙན་འདྲེན་བདའ་ནས་ཞེས་དང༌། རྒྱལ་རབས་གསལ་བའི་མེ་ལོང་ལས། ཐུགས་གདོན་གྱིས་བསླུས་ཏེ། ཞེས་དང༌། ལུང་གཞན་རྣམས་ལས་ཀྱང་དེ་བཞིན་ཐུགས་ལ་གདོན་ཞུགས་པར་གསུངས།

          གཞན་ཡང་ལྷོ་བྲག་ལོ་ངམ་དེ་རྒྱལ་ཕྲན་བཅུ་གཉིས་ཀྱི་ནང་གི་གཅིག་ཡིན་པར་བཤད་པ་དང༌། དེ་མི་རྟ་ཧྲག་པ་དང་ཕོ་རྒོད་པའི་རྐྱེན་སོགས་ལ་བརྟེན་ནས་རྒྱལ་པོའི་ཐུགས་རང་པོ་མེད་པར་མངོན། རྒྱལ་པོ་དང་འབངས་ལོ་ངམ་གཉིས་འཁྲུགས་ས་ལ་ཉ་རོ་རྟ་ཞལ་དང༌། ཉང་རོ་ཐལ་བ་ཚལ་ཟེར་བ་སོགས་ཅུང་ཙམ་མི་འདྲ་བ་བྱུང་ཡང༌། ལྷོ་བྲག་དང་ཐག་ཅུང་ཙམ་ཉེ་བའི་ཉང་ཡུལ་ཞིག་ཡིན་དགོས་ཏེ། རྒྱལ་རབས་གསལ་བའི་མེ་ལོང་ལས། ལོ་ངམ་གྱིས་གནང་ཉིན་རྒྱལ་པོ་ངེད་རང་གསོད་དུ་འོང་སྟེ། ཞེས་པས། ལོ་ངམ་གྱི་ཡུལ་ལྷོ་བྲག་ཡིན་ལ་དེའི་རྩར་སྤྲུལ་པའི་ཁྱི་ཉན་རྣ་བྱེད་དུ་འོང་བ་དང༌། གནང་ཉིན་སོགས་དུས་དེའི་ཁོངས་སུ་ཁྱི་དང་ལན་བཅས་ཕན་ཚུན་འཁོར་བ་ཡིན་དགོས་པས་ལྷོ་བྲག་དང་ཧ་ཅང་གི་ཐག་རིང་མིན་པའི་ས་ཉང་ཡུལ་དང༌། མཁར་ཉང་རོ་ཤམ་པོ་ཞེས་པ་ཞིག་ཡིན་ཏེ། མཛོད་སྒྲ་འགྲེལ་ལས། ཡུལ་ཉང་རོ་སྟག་ཚལ། མཁར་ཉང་རོ་ཤམ་པོ་ན། ཞེས་དང༌། དེང་དུས་བྲག་གསུམ་ཁོག་ཏུ་ཉང་ཡུལ་ངོས་འཛིན་པ་དང༌། ལུང་པ་དེའི་མདའ་རྐོང་ཡུལ་དང་འདྲེས་པའི་ཉེ་སར་མདོ་ལེ་ཇོ་བོ་ཟེར་བ་ཡོད། དེའི་སར་དེང་སང་ཟམ་པ་མེད་ཀྱང་གྲི་གུམ་པུར་མདོ་ལེ་ཟམ་ཁ་ནས་རྐོང་ཆུ་རླག་པར་བཙལ་ཞེས་པས་གྲི་གུམ་བགྲོང་ས་ཉང་རོ་ཐལ་བ་ཚལ་ནི་ཡུལ་དེའི་ཉེ་སྐོར་ཡོད་པ་དང༌། པུར་མདོ་ལེ་ཟམ་ཁ་ནས་ཉང་ཆུ་ལ་བསྐྱུར་ནས་རྐོང་ཆུ་མ་རྫོགས་པའི་བར་དུ་བཙལ་ཞེས་པ་དང༌། མཐར་སྐུ་པུར་རྐོང་ཡུལ་གྱི་ཀླུ་ལྕམ་ཁོད་དེ་རིང་མོ་ཡོད་ས་གཙང་པོ་ཡར་འཁྱིལ་ནས་རྙེད་པ་དང༌། མདོ་གཟེར་མིག་ལས་ཀྱང༌། དག་ཉང་རྐོང་གསུམ་བདུད་ཀྱི་སྡེ། ཞེས་པའི་དག་རྐོང་གཉིས་ཡོངས་གྲགས་དང༌། ཉང་ཡུལ་ནི་བྲག་གསུམ་གཞུང་དང༌། བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ་ལས། དེ་མཚམས་བཙན་པོ་ཁྲི་ལྡེ་ཡག་པའི་སྲས། ཡུལ་ཉང་རོང་ནགས་ཚལ་ན་ཡོད་པའི་དུས། གྲི་གུམ་བཙན་པོ་ཞེས་སུ་བྱ་བ་བྱུང༌། དེ་ཉིད་བོན་ལ་ལྟ་བ་ལོག་བྱེད་ནས། སྐུ་བསྲུང་བོན་གཤེན་བོད་ཡུལ་མཐའ་ལ་བསྐྱུར། བོན་བསྣུབས་དབུ་ཡོག་རྒྱལ་པོ་གྲི་གུམ་རང༌། འབངས་ནི་ལོ་ངམ་རྟ་རྫིས་མདས་བསད་དོ། །སྲས་པོ་སྤུ་ལྡེ་གཉིས་ནི་ཉང་དག་བསྐྱུར། གྲི་གུམ་པུར་ནི་ཟངས་དམར་ཁ་སྤྲོད་ནང༌། བཅུག་སྟེ་ཉང་ཆུ་ལྷག་གི་གཞུང་ལ་བསྐྱུར། དེ་ཙམ་སྲས་པོ་ཁྲག་བུ་རྭ་སྐྱེས་ཀྱིས། ཉང་ཆུའི་བརྒྱུད་ནས་རྗེའི་པུར་བཙལ་གཤེགས། གཙང་ཆུའི་མདུད་སོར་རྗེའི་པུར་རྙེད་དེ། ཞེས་དང༌། ལི་ཡུལ་གྱི་ཡིག་རྙིང་ལས། རྐོང་ཡུལ་བྲེ་སྣ་རུ། སྲས་ཤ་ཁྱི་ཉ་ཁྱི་དང་མཇལ་ལོ། །ཀླུ་འོ་དེ་བེད་དེ་རིང་མོ་དང་ཡང་མཇལ་ལོ། །ཞེས་པ་སོགས་ལ་བརྟེན་ནས་ཉང་ཡུལ་ངེས་པར་ཤེས་ནུས་ལ། རྒྱལ་འབངས་འཁྲུགས་ཚུལ་ནི། རྒྱལ་པོས་ལོ་ངམ་ལ་འཁྲུགས་དགོས་པའི་བཀའ་ཕེབས་པའི་ལོ་ངམ་འཇིགས་ཤིང་སྐྲགས་ནས་བློ་མ་བདེ་བར་ཡོད་པར་ལུང་འགའ་ཞིག་ནས་ལན་ཞུ་རྒྱུ་དང༌། འཁྲུགས་ཚུལ་སོགས་བོན་གྱི་སྲུང་མས་ལུང་བསྟན་པ་ཡིན་ཟེར། འགའ་ཞིག་ནས་ཁོ་རང་ལ་རྨི་ལམ་བྱུང་ཡང་ཟེར།

          མདོར་ན་རྒྱལ་འབངས་འཁྲུགས་པ་འདི་ལ་བརྟེན་ནས་བོད་རྒྱལ་གནམ་གྱི་ཁྲི་དྲུག་གི་བར་སྲས་ཀྱི་ཆིབས་ཁ་ཐུབ་ཙམ་ནས་རྒྱལ་པོ་དམུ་ཐག་གི་བརྒྱུད་ནས་དགུང་དུ་གཤེགས་པའི་འཕྲོ་ཆད་ནས་བོད་རྒྱལ་གྱི་པུར་ས་ལ་ལུས་པའི་ཐོག་མའོ། །རྒྱལ་ས་ཡང་འབངས་ཀྱིས་བཅོམ་པའི་ཐོག་མ་འདིའོ། །ལོ་ངམ་གྱིས་རྒྱལ་པོ་དགུང་ལོ་སུམ་ཅུ་རྩ་དྲུག་ལོར་བགྲོངས་ནས་སྲས་གསུམ་ཡོད་པ་རྐོང་པོ་ཉང་པོ་སྤུ་བོ་གསུམ་དུ་སྤྱུགས་པར་བཤད་པ་དང༌། སྲས་མོ་ལོ་ངམ་གྱི་ཁབས་སུ་བཞེས་པ་བཤད། ལི་ཡུལ་གྱི་ཡིག་རྙིང་སོགས་ལུང་ཁ་ཅིག་ཏུ་སྲས་གཉིས་ཡོད་པར་བཤད། རྒྱལ་རབས་གསལ་བའི་མེ་ལོང་དུ་ཤ་ཁྲི་དང་ཉ་ཁྲི་གདན་མ་དྲངས་ཏེ་ཀོང་པོ་དང་ཉང་པོའི་རྗེ་མཛད་ནས་ད་ལྟ་ཡང་གདུང་རྒྱུད་ཡོད་དོ། །སྤོ་བོའི་ཡུལ་ནས་སྲས་བྱ་ཁྲི་གདན་དྲངས་ཏེ་ཡར་ལུང་དུ་བཞུགས། ཞེས་གསུངས་པའི་ལུང་ལྟར་ན་སྤོ་བོའི་ཡུལ་དུ་བོད་རྒྱལ་གྱི་གདུང་རྒྱུད་ཡོད་པར་མ་བཤད་དོ། །འདིར་ཤ་ཁྲི་དང་ཉ་ཁྲི་ཟེར་ཡང་ཡིག་རྙིང་དུ་ཤ་ཁྱི་དང་ཉ་ཁྱི་བཏགས་ཏེ་ཞེས་འཐད་དོ། །རྒྱལ་པོ་བཀྲོངས་ནས་བང་སོ་བརྩིག་པ་ནི། ཡོངས་རྩེའི་འགྲེལ་པ་ལས། དུར་ཡར་ལུང་དུ་བཏབ་ཅེས་པ་དང༌། དར་རྒྱས་གསལ་སྒྲོན་དུ། ཡར་ལུང་གི་དྲང་མོ་དྲང་ཆུང་གི་གཡའ་ལ་བང་སོ་བཏབ། ད་ལྟ་རྗེའི་དུར་ས་བང་སོའི་ཁྲོད་བྱ་བ་ཡོད་ཅེས་དང༌། རྒྱལ་རབས་གསལ་བའི་མེ་ལོང་ལས། ཉང་ཆུ་སྐྱ་མོ་ནས། ཡབ་ཀྱི་པུར་བཙལ་ཏེ། ཕྱིང་ཡུལ་དར་ཐང་དུ། ཡབ་ཀྱི་བང་སོ་བརྩིག་ཞེས་པ་སོགས་ལྟར་ན་རྒྱལ་པོའི་བང་སོ་ཡུལ་ཡར་ལུང་དུ་བཏབ་པ་ལྟ་བུ་སྣང་ཡང༌། ལི་ཡུལ་གྱི་ཡིག་རྙིང་ལ་བཅོས་བསླད་ཉུང་ཞིང་ཁུངས་བཙན་པའི་དབང་དུ་བྱས་ཏེ་དེ་ལྟར་ན། གྱང་ཏོ་བླ་འབུབས་ཀྱི་མགུར་དུ་བང་སོ་བརྩིགས་སོ། །ཞེས་གྱང་ཏོ་ནི་རྐོང་ཡུལ་ལྷ་རི་གྱང་ཏོ་ཞེས་པ་སྔར་བཤད་ཟིན་པ་དེ་ཡིན་ལ། བླ་འབུབས་ནི་བོད་རྒྱལ་གཉའ་ཁྲི་ཐོག་མར་སྟེང་ནས་མར་བབ་ས་དེ་ཡིན་ལ། རི་དེའི་རྩ་བའི་གཙང་པོ་ཡར་འཁྱིལ་ནས་སྐུ་པུར་རྙེད་ནས་རི་དེའི་མགུར་དུ་བང་སོ་བརྩིག་པ་འདི་ལ་ཐེ་ཚོམ་མེད་པ་མངོན། རྒྱལ་པོ་བཀྲོངས་ནས་བཙུན་མོ་དབལ་ཟ་ཁྲི་བཙུན་རྟ་རྫིར་བཅོལ། མཛོད་ཀྱི་ཀླད་དོན་ལས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག །མི་ཆོས་སོག་མའི་ཕོན་ཐག་ཆད། བློན་པོའི་ཁྲིམས་ཀྱི་སྒྲོ་བ་ནི་རལ། བོད་རང་ཁ་མ་ཤ་རྐྱང་སྤང་ཁར་ཡན་པ་བཞིན་སོང༌། ཞེས་དང༌། ཁ་ཅིག་གིས་ལོ་ངམ་གྱིས་རྒྱལ་ས་ཕོ་བྲང་ཉང་རོ་ཤམ་པོ་ལོ་གསུམ་དུ་བཟུང་ཟེར། ལུང་མང་པོ་ནས་ལོ་བཅུ་གསུམ་བཟུང་བར་བཤད་པ་འདི་འཐད་དོ། །རུ་ལས་སྐྱེས་ཀྱིས་ལོ་ངམ་བསད་པར་བཤད་པས་ཤེས་སོ། །བཙུན་མོ་དབལ་ཟ་ཁྲི་བཙུན་རྫི་བོ་འགྲོ་བའི་སར་གཉིད་པའི་རྨི་ལམ་དུ་ཡར་ལྷ་ཤམ་པོ་དང་འཚོས་ཏེ་བྱུང་བའི་བུ་གཡག་གི་རྭ་ཡི་ནང་དུ་གསོས་པས་རུ་ལས་སྐྱེས་ཞེས་བཏགས། བུ་དེ་ལོ་བཅུ་ལོན་དུས་ཨ་མ་ལ་ངའི་ཕ་གར་ཡོད་ཅེས་དྲིས་པ་དང༌། ལི་ཡུལ་གྱི་ཡིག་རྙིང་ལས། བུ་སྤུས་ལ་འབྲེང་ནུས་ཙམ་ནས། མ་ལ་མི་གང་དང་གང་ལ་རྗེ་བོ་ཡོད་ན་ངའི་རྗེ་བོ་གར་ཡོད། མི་གང་དང་གང་ལ་ཕ་ཡོད་ན་ངའི་ཕ་གར་ཡོད། ཅེས་དྲིས། ཞེས་སོགས་དང་བུ་དེས་ང་མི་བརླགས་ཀྱི་རྗེས་གཅོད། ཆུ་བརླགས་ཀྱི་ལམ་ཚོལ་དུ་འགྲོ་ཞེས་སོང་སྟེ། རྐོང་ཡུལ་བྲེ་སྣ་ནས་མཆེད་གཉིས་དང་མཇལ་ནས་ཞུས་པ་ངའི་ཡབ་མ་ཤེས་ན། ས་བདག་རྒྱལ་པོ་གཤེགས་པའི་བུ་ཡིན། རང་རེ་སྤུན་རྣམས་ཉང་རོ་ཤམ་པོར་གཤེགས་ནས། ལོ་ངམ་གྱི་མི་ཕོ་རྣམས་གཡང་དུ་བསྐྱུར། མོ་རྣམས་ཕྱིར་བསྐྱུར། ཉང་རོ་ཤམ་པོ་ལེན། མི་རྣམས་བཙོན་དུ་བཟུང༌། དུད་འགྲོ་རྣམས་མནངས་སུ་གཅད། ཅེས་སྨྲས་པས། སྤུན་རྣམས་ཀྱིས་རུ་ལས་སྐྱེ་ལ་འོ་དེ་བདེན་སྤུ་དེ་བདེན་ཞེས་ཟེར་ནས་ཕྱིང་བ་སྟག་རྩེར་གཤེགས། ཡབ་ཀྱི་རྒྱལ་སར་རྗེ་རུ་གཤེགས། ཞེས་དང༌། དར་རྒྱས་གསལ་སྒྲོན་ལས། དེར་རུ་ལས་སྐྱེས་ཀྱིས་སྤུ་ལྡེ་སྤྱན་དྲངས་སོགས་ནས། ལོ་ངམ་ཕ་བརྒྱ་བུ་སྟོང་གྲི་རུ་བསད། ཡང་ཁ་ཅིག་གིས་རུ་ལས་སྐྱེས་ཀྱིས། ལོ་ངམ་གྱི་ཁྱི་དཀར་པོ་དུང་གི་རྣ་བ་ཅན་ལ་རེག་པའི་དུག་བཀུས་ཏེ། སོགས་དང༌། ལི་ཡུལ་གྱི་ཡིག་རྙིང་ལས། དྷྱ་མ་དྷུ་བཞི་ཁྲུགས་དང༌། རྣ་ནམ་བཙན་བཞོང་རྒྱལ་གཉིས། རྒྱལ་སྲིད་ཀྱི་ལས་བྱེད་ཀྱི་གཙོ་བོ། འོན་ཟུག་ཡར་གྲགས་དང༌། འཇང་གི་སྐུ་ལི་མང་འཇང༌། འོན་རྒྱུ་གཉིས་དང་བཅས་པས་འཕྲང་པོ་ཞེས་པའི་ས་ནས་སྟབས་དང་བསྟུན་ཏེ་ཁྱི་བཟང་པོ་ཞིག་གི་སྤུ་ལ་དུག་བཀུས་ཏེ་ལོ་ངམ་གྱི་རྟ་རྫིས་ནང་དུ་འཁྲིད་དུ་བཅོལ་ནས། ལོ་ངམ་གྱི་ཁྱི་ཡི་སྤུ་ལ་དུག་བསྐུས་པ་ལ་ལག་གིས་བྱུག་པ་དང་ལོ་ངམ་བསད་དོ། །

          དེ་རྗེས་རུ་ལས་སྐྱེས་ཀྱི་ཕ་ཚན་ཉེ་བརྒྱུད་དང༌། དགྲ་ཡི་ཕ་ཚན་ཉེ་བརྒྱུད་རྣམས་འཐབས་ནས་དགྲ་ཡི་རབས་བཅད་དོ། །ཞེས་པ་བྱུང༌། ཁ་ཅིག་གིས། རུ་ལས་སྐྱེས་ཀྱིས་སྤུ་ལྡེ་སྤྱན་དྲངས་བྱིང་བ་སྟག་རྩེའི་རྒྱལ་སར་བཏོན། དབུས་ཀྱི་འབངས་རིགས་བསྡུས། རུ་ལས་སྐྱེས་ཀྱི་མིང་ནི། རྒྱལ་པོ་ཁྲི་སྨོན་བཟང་བྱ་བར་བཏགས་ནས་རྒྱལ་ཕྲན་བྱས། དེ་ནས་གཙང་དུ་དམག་དྲངས་པས། གཙང་འབངས་རྣམས་ཀྱིས་ཀྱང༌། ངེད་ཀྱི་རྗེ་བོ་བྱོན་ཟེར་ནས་དམག་སྣ་ནང་དུ་དྲངས་ཏེ། ཤམ་པོ་རྩེ་ནས་ཕབ། ལོ་ངམ་ཕ་བརྒྱ་བུ་སྟོང་གྲི་རུ་བསད་དོ། །ཞེས་པའང་འདུག་པས་བརྟག་དགོས་རྒྱུ། གཙང་དུ་དམག་དྲངས་ཡོད་ཀྱང་ལོ་ངམ་གྱི་ཆེད་དུ་དམག་དྲངས་པ་འདི་ན་མ་གཏོགས་གཞན་ན་མ་མཐོང༌། ལོ་ངམ་བཏུལ་བའི་རྗེས་སུ་བཙན་པོ་གྲི་གུམ་གྱི་པུར་བཙལ་བའི་དགོས་པ་ནི། བོད་ཁམས་སུ་ནད་རིམ་སྣ་ཚོགས་དང༌། བཙའ་སད་སེར་བ་སོགས་མི་དགེ་བ་འབའ་ཞིག་དུས་རྟག་དུ་བྱུང་བ་འདི་ཅིས་ལན་ཞེས་ཉང་སྟོད་ཀྱི་རྩིས་མཁན་མཁས་པ་ཞིག་ལ་རྩིས་བྱས་པས། རྒྱལ་པོའི་པུར་ཀླུ་ལྕམ་ཁོ་དོ་རིང་མོས་བསྡམས་འདུག་པས། དེའི་ལག་ནས་ཁྱེའུ་ངར་ལ་ངར་པོ་གླུད་དུ་བཏང་ནས་བླངས་ན་ཕན་པར་ལུང་བསྟན་པས་སོ། །

          དེ་ཡང་བོད་དུ་ད་ལྟའི་བར་བུ་བརྒྱུད་ཀྱི་བསོད་ནམས་དབང་ཐང་དར་ཞིང་རྒྱས་པའི་ཆེད་དུ་ཕ་མེས་ཀྱི་དུར་ས་མ་ཉེས་པར་ཞིབ་ཏུ་བརྟག་ཅིང་གཅེས་པར་བྱེད་པ་ནི་ཡུལ་སྡེ་རྙིང་པ་མང་པོར་མཐོང་ངོ༌། ། མུ་འགོད། ཐ་ཚན་མུ་ཙུག་སྨར་རོ།།

No comments:

Post a Comment