Tuesday, June 12, 2018

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་བསྒྲགས་གཏམ།



(བཞུགས་སྒར་དྷ་རམ་ས་ལ། ཕྱི་ལོ་༢༠༡༨ ཟླ་༥ ཚེས་༢༣-༢༥)
 གཅིག སྔོན་གླེང་།
བོད་རྒྱལ་ཁབ་ནི་བཙན་པོའི་དུས་སྐབས་སུ་མངའ་ཐང་དར་བའི་རྩེ་མོར་སོན་ཡོད་ཅིང་། ཕྱིས་སུ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་། རིག་གནས་དང་ལོ་རྒྱུས། འཛིན་སྐྱོང་གང་ཐད་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ནའང་། ཕྱི་ལོ་༡༩༤༩ ནས་རྒྱ་གཞུང་གིས་བཙན་འཛུལ་བྱེད་འགོ་བཙུགས་ཤིང་། ཕྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ཉིན་འཇིགས་སྐུལ་བཙན་གནོན་འོག་“གྲོས་མཐུན་དོན་ཚན་བཅུ་བདུན་”ཟེར་བར་ས་ཡིག་འགོད་དུ་བཅུག

རྒྱ་གཞུང་གི་ཧམ་སེམས་རིམ་བཞིན་མངོན་དུ་གྱུར་ནས། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་བོད་ཆོལ་གསུམ་རྒྱ་ཆེའི་མི་མང་གིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཤིང་། ༸གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་ཕེབས་དགོས་བྱུང་། ལོ་དེའི་ཟླ་༤ ཚེས་༡༨ ཉིན་༸གོང་ས་མཆོག་གིས་རྒྱ་གར་གྱི་ས་ཆ་ཏི་ཛུ་པུར་དུ་རྒྱལ་སྤྱིའི་ནང་། བོད་རང་བཙན་གཙང་མའི་རྒྱལ་ཁབ་ལ་རྒྱ་གཞུང་གིས་བཙན་འཛུལ་བྱས་པ་དང། རྒྱ་ནག་གི་བཙན་ཤེད་འོག་བཞག་པའི་“གྲོས་མཐུན་དོན་ཚན་བཅུ་བདུན་”ལ་ཁས་ལེན་མེད་པའི་གཞུང་འབྲེལ་གསལ་བསྒྲགས་བསྐྱངས།
རྒྱ་གཞུང་གིས་བཙན་འཛུལ་བྱས་ནས་སྔ་རྗེས་སུ་བོད་མི་འབུམ་བཅུ་གཉིས་ལྷག་དུས་མིན་རྐྱེན་ལམ་དུ་བཏང་ཞིང། བོད་ཀྱི་ཆོས་དང་རིག་གནས་ལ་གཏོར་བཤིག་ཚད་མེད་བཏང་། ཕྱིས་སུ་རྒྱ་ནག་ཁྱོན་ཡོངས་སུ་དཔལ་འབྱོར་སྲིད་བྱུས་གུ་ཡངས་ཅན་དུ་བསྒྱུར་བ་དང་འབྲེལ། ཆབ་སྲིད་ཀྱི་ཐོག་ནས་ཀྱང་ཕྱི་ཕྱོགས་ལ་གུ་ཡངས་ཀྱི་རྣམ་འགྱུར་ཅུང་ཙམ་སྟོན་བཞིན་ཡང་། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་སོགས་ཀྱི་རང་དབང་མུ་མཐུད་བཙན་འཕྲོག་བྱས་ནས། ད་བར་བོད་མི་མང་པོས་རང་སྲོག་བློས་གཏོང་བར་མ་ཆད་པར་བཙན་རྒོལ་གྱེན་ལངས་བྱས་པར་བརྟེན། རྒྱ་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་འོག་ཚེ་སྲོག་ཤོར་བ་དང་། མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཇི་སྙེད་ཅིག་ཡོད་ཅིང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་བཙོན་འཇུག་བྱས་པ་དང་། སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་ལས་འགུལ་སྤེལ་མཁན་ཁག་ཀྱང་སྔ་རྗེས་སུ་བཙོན་འཇུག་བྱས་ཡོད་པ་དང་ལྷག་པར་དུ་ཉེ་ཆར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་མཁན་བཀྲ་ཤིས་དབང་ཕྱུག་ལགས་སུ་དུས་བཀག་བཙོན་འཇུག་ལོ་ལྔའི་ཁྲིམས་ཐག་བཅད་ཡོད།
ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༧ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྩ་དོན་མི་རིགས་ཀྱི་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་མི་༡༥༢ ཀྱིས་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་དེ་ཉིད་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་བློས་གཏོང་གནང་ཡོད་པ་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ད་བར་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་མི་གྲངས་༡༠ བྱུང་ཡོད་པ་སོགས་ཀྱི་གནས་ཚུལ་རྣམས་བོད་མི་རིགས་ཀྱི་ངོས་ནས་དུས་ནམ་ཡང་བརྗེད་མི་རུང་བའི་གནད་དོན་ཉག་གཅིག་དང་། བོད་རང་བཙན་སླར་གསོའི་ཆེད་འབད་བརྩོན་བྱེད་དགོས་པའི་སྐུལ་མ་ཉག་གཅིག་ཏུ་གྱུར་ཡོད།
ད་ལན་རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་འདིར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ནས་བོད་རང་བཙན་དོན་གཉེར་བ་ན་གཞོན་གཙོ་བོར་གྱུར་པའི་མི་གྲངས་༡༦༠ ལྷག་དང་བླངས་ཀྱི་ཐོག་ནས་སླེབས་ཏེ། ཉིན་གསུམ་རིང་བགྲོ་གླེང་དང་སེམས་ཤུགས་ཆེན་པོའི་ཐོག་ནས་མ་འོངས་པར་བོད་རང་བཙན་སླར་གསོ་དགོས་པའི་རྣམ་པ་གསལ་པོ་བསྟན་སོང་བ་དང་། ཚོགས་འདུའི་ཉིན་མཐའ་མ་ཕྱི་ལོ་༢༠༡༨ ཟླ་༥ ཚེས་༢༥ ཉིན་བདག་ཅག་བོད་འབངས་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་པོ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་བརྩེ་ཆེན་པོས་ཚོགས་ཞུགས་པ་ཡོངས་ལ་མཇལ་ཁ་གནང་བ་ནི། ད་ལན་ཚོགས་འདུའི་ཐོག་ནས་བྱུང་བའི་སྤོབས་པ་དང་སེམས་ཤུགས་འཕར་བའི་གཞི་རྩ་གཙོ་བོར་གྱུར་ཡོད།།

གཉིས། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བྱུང་རིམ།
ཕྱི་ལོ་༢༠༡༢ ལོར་བཞུགས་སྒར་དྷ་རམ་ས་ལར་བོད་རང་བཙན་ཚོགས་འདུ་ཞིག་སྐོང་འཚོགས་བྱས་པ་དང་། དེ་རྗེས་བོད་རང་བཙན་འཐབ་རྩོད་པ་མང་པོ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་གྲོས་བསྡུར་རིམ་པ་བྱས་མཐར། རྒྱལ་སྤྱི་རང་བཞིན་གྱི་བོད་རང་བཙན་ཚོགས་ཆེན་ཞིག་འཚོགས་རྒྱུ་ཁ་ཚ་དགོས་གཏུག་ཏུ་མཐོང་བས། དྷ་སར་གནས་སྡོད་བོད་རང་བཙན་ལས་འགུལ་བ་ཁག་ཅིག་གིས་གཙོ་འགན་ཁུར་ཏེ། ཕྱི་ལོ་༢༠༡༥ ཟླ་༥ ཚེས་༢༣ ནས་༢༤ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་དེ་འཚོགས་ཐུབ་པ་བྱུང་།
ཕྱི་ལོ་༢༠༡༦ ལོར་ཨ་རིར་གནས་སྡོད་བོད་རང་བཙན་ལས་འགུལ་བ་ཁག་ཅིག་གི་གོ་སྒྲིག་གཙོ་འགན་འོག ནིའུ་ཡོག་ཏུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་གསུམ་པ་འཚོགས་ཡོད་ཅིང་། ཕྱི་ལོ་༢༠༡༧ ལོར་ཡུ་རོབ་གནས་སྡོད་རང་བཙན་ལས་འགུལ་བ་ཁག་ཅིག་གི་གོ་སྒྲིག་གཙོ་འགན་འོག་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ཧྥ་རན་སིའི་རྒྱལ་སར་འཚོགས། སྐབས་དེའི་ཚོགས་ཆེན་གྱི་ཐག་གཅོད་གཞིར་བཟུང་། རྒྱ་གར་དུ་གནས་སྡོད་བོད་རང་བཙན་ལས་འགུལ་བ་ཁག་ཅིག་གི་གཙོ་འགན་འོག་གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་ཀྱིས་༢༠༡༨ ལོའི་ཕྱི་ཟླ་༥ པའི་ཚེས་༢༣ ནས་ཉིན་གསུམ་རིང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་འདི་ཉིད་དྷ་རམ་ས་ལར་གོ་སྒྲིག་ཞུས་པ་ཞིག་ཏུ་གྱུར་ཡོད།།

གསུམ། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་དགོས་དམིགས།
རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ། ཕྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ཉིན་“གྲོས་མཐུན་དོན་ཚན་བཅུ་བདུན་”ཟེར་བ་བཙན་དབང་གིས་བཞག་ནས་མི་ལོ་ཧྲིལ་པོ་༦༧ འཁོར་བའི་མུན་ནག་གི་ཉིན་མོ་དེར་ངོ་རྒོལ་དང་། ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ་ལོ་ངོ་བཅུ་འཁོར་བ་དང་། རང་ལུས་མེར་སྲེག་གི་ཞི་རྒོལ་བྱུང་ནས་མི་ལོ་༢༠ འཁོར་བ། འདས་པའི་མི་ལོ་༦༧ རིང་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ནི། མུ་མཐུད་གདུག་རྩུབ་གཉའ་གནོན་གྱི་ངོ་བོར་གནས་ཡོད་ལ། བོད་མི་ཚོས་བཙན་རྒོལ་རང་སྲུང་གི་རྒྱ་རྒོལ་འཐབ་རྩོད་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་བཞིན་པའི་ཁྲོད། བོད་རང་བཙན་འཐབ་རྩོད་ཀྱི་ཕུགས་བསམ་བརླགས་མ་མྱོང་ཞིང་། བཙན་པོའི་སྙིང་སྟོབས་ཀྱི་ཟུངས་ཁྲག་རྒྱུ་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཚེ་སྲོག་བློས་གཏོང་གི་ལོ་རྒྱུས་བཅས་ལ་དྲན་གསོ། བོད་མི་ཡོངས་ལ་དྲག་གནོན་མནར་གཅོད་བཏང་དང་གཏོང་བཞིན་པ་དང་། དབང་བསྒྱུར་ལམ་ལུགས་ལ་མ་འོངས་པར་ངོ་རྒོལ་གདོང་ལེན་བྱེད་ཕྱོགས་བཅས་ལ་དམིགས་པ་ཞིག་ཡིན།
རྒྱ་བོད་བར་གྱི་འཐབ་རྩོད་འདི་དབང་བསྒྱུར་བྱེད་མཁན་དང་དབང་བསྒྱུར་བྱེད་ཡུལ་བར་གྱི་འཐབ་རྩོད་ཅིག་ཡིན་ལ། རྒྱལ་ཁབ་གཉིས་བར་གྱི་བདག་དབང་གི་ཐོབ་ཐང་ཆེད་དུ་ཡིན་པའང་སྨྲོས་མེད་ཐོག ད་བར་བཙན་གནོན་འོག་བོད་མི་ཚོའི་གཉའ་ཞུམ་མྱོང་མེད་ལ། ཇི་སྲིད་བོད་མི་མང་ལ་རྒྱལ་ཁབ་ཀྱི་བདག་དབང་བསྐྱར་གསོ་མ་ཐུབ་བར་དུ། ‘ཤི་བོའི་ཁ་ཆེམས། གསོན་པོའི་རེ་བ་’བོད་རང་བཙན་གྱི་མངོན་འདོད་འདི་ཉིད་ཕ་ཤུལ་བུ་འཛིན་དང་མི་རབས་རྗེས་འབྲེལ་གྱི་བླ་སྲོག་ཅིག་ཏུ་རྒྱུན་གནས་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། རྒྱ་གཞུང་གིས་བོད་དབང་བསྒྱུར་བྱས་ནས་བོད་ཀྱི་དཔའ་བོ་དཔའ་མོ་གྲངས་མེད་ཀྱིས་བོད་དོན་འཐབ་རྩོད་ཆེད་རང་སྲོག་བཏང་བ་རྣམས་ལ། ད་ལྟའི་མི་རབས་ཀྱིས་རྗེས་དྲན་དང་། འཐབ་རྩོད་མུ་མཐུད་མཇུག་སྐྱོང་རྒྱ་སྐྱེད་བཅས་ལ་དམིགས་པ་ཞིག་ཡིན།།

བཞི། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་བསྒྲགས་གཏམ་གྱི་དོན་གནད་ཁག
༡༽     བོད་རང་བཙན་སླར་གསོ་དགོས་པ་ནི་བོད་མི་འདས་གསོན་ཡོངས་ཀྱི་དམིགས་འདུན་གཙོ་བོར་བཟུང་ནས་འཐབ་རྩོད་མུ་མཐུད་བྱ་རྒྱུ་དང་། མི་ཚེ་མི་རབས་ལ་འཐབ་རྩོད་དགོས་ཀྱང་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་སྙིང་ལ་རུས་པ་བཅུག་ནས་འཐབ་རྩོད་རྒྱུན་བསྲིང་བྱེད་ཐུབ་པ་ཞིག་ཡོང་ཐབས་བྱ་རྒྱུ་དེ་ནི་ཚོགས་ཆེན་འདིའི་ཐོག་ནས་རྩ་དོན་གཙོ་བོ་རུ་བཟུང་ཡོད།

༢༽     རྒྱ་དམར་དྲག་པོའི་གཞུང་ནས་བོད་ས་བཙན་བཟུང་དང་། བོད་མི་འབུམ་བཅུ་གཉིས་ལྷག་རྐྱེན་ལམ་དུ་བཏང་བ། མི་རིགས་དབྱེ་འབྱེད་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག འགྲོ་བ་མིའི་ཐོབ་ཐང་དང་རིག་གནས་རྩ་མེད་བཏང་དང་གཏོང་བཞིན་པ་མ་ཟད། ལྷག་པར་དུ་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་གྱུར་པ་ནས་བཟུང་། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་འདི་ལ་ཚོགས་ཆེན་འདིའི་ཐོག་ནས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་། རྒྱ་དམར་གཞུང་གི་ངོ་ཚ་ཁྲེལ་གཞུང་དང་བྲལ་བའི་བྱེད་སྟངས་འདི་དག་རྒྱལ་སྤྱིའི་སྟེང་དུ་ཤེས་རྟོགས་ཐུབ་པ་བྱ་རྒྱུ།

༣༽     ཕྱི་ལོ་༢༠༡༥ ལོར་ལྡི་ལི་གསར་པར་ཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བསྒྲགས་གཏམ་དུ་འཁོད་པའི་ཐག་གཅོད་དོན་ཚན་བཞི་དང་། ཕྱི་ལོ་༢༠༡༦ ལོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བསྒྲགས་གཏམ་དུ་འཁོད་པའི་ཐག་གཅོད་དོན་ཚན་དྲུག ཕྱི་ལོ་༢༠༡༧ ལོར་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བསྒྲགས་གཏམ་དུ་འཁོད་པའི་ཐག་གཅོད་དོན་ཚན་ལྔ་བཅས་གཞི་རྩར་བཟུང་ཞིང་། དེ་དག་ལ་དབྱེ་ཞིབ་དང་འབྲེལ་ལག་བསྟར་ཡོང་ཐབས་བྱ་རྒྱུ།

༤༽    ད་ལྟ་བོད་ཀྱི་འཐབ་རྩོད་ཛ་དྲག་གཉན་འཕྲང་ཅན་ཞིག་ཏུ་གྱུར་པའི་སྐབས་འདིར། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་རྣམས་འཐབ་རྩོད་དང་གཅིག་སྒྲིལ་གྱི་བསམ་བློའི་ཐོག་ནས་བློ་དོགས་སྐྱེ་དགོས་པའི་གནས་ཚུལ་ཞིག་ཏུ་འགྱུར་བཞིན་ཡོད་སྟབས། བོད་རང་བཙན་སླར་གསོའི་དམིགས་འདུན་འཆང་མཁན་རྣམས་ཀྱི་ངོས་ནས་སྔར་བཞིན་དགྲ་གཉེན་མགོན་གསུམ་གྱི་ཁ་ཕྱོགས་མ་ནོར་བའི་ཐོག་ནས་རྩ་དོན་འཐབ་རྩོད་ཁོ་ནར་ཤུགས་རྒྱག་རྒྱུ་ལས། ནང་ཁུལ་དོན་མེད་ཀྱི་རྩོད་རྙོག་རིགས་ལ་གུ་ཡངས་བཟོད་བསྲན་གྱི་ཐོག་ནས་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་བྱ་རྒྱུ།

༥༽     བོད་ལ་ལོ་རྒྱུས་ཀྱི་མཛའ་འབྲེལ་ཙམ་དུ་མ་ཟད་བོད་མི་རིགས་དང་རྒྱལ་ཁབ་ལ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཛ་དྲག་དཀའ་ངལ་འཕྲད་སྐབས་བཀའ་དྲིན་འགྲན་ཟླ་བྲལ་བ་རྒྱ་གར་རྒྱལ་ཁབ་ཆེན་པོའི་གཞུང་དམངས་གཉིས་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད། སླད་ཀྱང་བོད་རང་བཙན་སླར་གསོའི་ཆེད་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་དང་ཆབས་གཅིག བོད་རང་བཙན་དེ་རྒྱ་གར་གྱི་བདེ་འཇགས་ཡིན་པའི་དྲན་སྐུལ་ཡང་ཞུ་རྒྱུ། གཞན་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་ཤར་ནུབ་ཀྱི་གཞུང་སྒེར་ཚོགས་སྡེ་ཡོངས་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང། མུ་མཐུད་བོད་རང་དབང་རང་བཙན་སླར་གསོ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།

མཐའ་དོན་བོད་རང་དབང་རང་བཙན་སླར་གསོ་མགྱོགས་ནས་མྱུར་དུ་ཐོབ་ཅིང་། གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་འཆར་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་ནས་ཡུན་དུ་བརྟན་པའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ། མགོན་པོ་གང་ཉིད་ཕོ་བྲང་པོ་ཏཱ་ལར་ཞབས་སོར་མགྱོགས་ནས་མྱུར་དུ་འཁོད་ཐུབ་པའི་སྨོན་འདུན་དང་བཅས། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་ནས་ཕྱི་ལོ་༢༠༡༨ ཟླ་༥ ཚེས་༢༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་ཁོངས་བཞུགས་སྒར་དྷ་རམ་ས་ལ་ནས། བོད་རྒྱལ་ལོ།། བོད་རང་བཙན་རྒྱལ་ལོ།།

No comments:

Post a Comment