Sunday, August 12, 2018

གཡུང་དྲུང་བོན་གྱི་ལྟ་མགུར་གྲགས་སྟོང་འགག་མེད་ཀྱི་སྒྲ་སྙན་ཞེས་བྱ་བ་བཞུགས་སོ།།


ཟུར་མང་དྲུང་སྤྲུལ་བཅུ་གཅིག་པ་ཆོས་ཀྱི་རྒྱ་མཚོའམ་ཆོས་རྒྱམ་དྲུང་པ་རིན་པོ་ཆེས་ལྗགས་རྩོམ་གནང་།
བོན་སྐུ་སྐྱེ་མེད་ཀྱི་གང་ཤར་དབང་པོ། །རྫོགས་སྐུ་གང་གསལ་གྱི་བྱང་ཆུབ་རྡོ་རྗེ། །སྤྲུལ་སྐུ་གང་འདུལ་གྱི་འགྱུར་མེད་ཚུལ་ཁྲིམས། །སྙིང་དབུང་ཟང་ཐལ་གྱི་ཀློང་ནས་བཞེངས་ལ། །བདག་ཅག་སྐལ་ལྡན་ལ་བྱིན་རླབས་སྩོལ་ཤོག །གདོད་ནས་བརྟན་གཡོ་ཡི་བཀོད་པ་འདི་དག །བོན་ཉིད་ཡོ་ལང་གི་རང་རྩལ་འབའ་ཞིག །དུས་གསུམ་གཤེན་རབ་ཀྱི་དགོངས་པའི་གཏད་སོ། །ངོ་བོ་ཟང་ཐལ་འདི་ཁོ་ན་ལགས་སོ། །བོན་ཆོས་ཐ་དད་ཀྱི་མིང་ཙམ་ཞིག་གིས། །ཀུན་གྱིས་ཕྱོགས་རིས་ཤིག་རྒྱང་ནས་བྱེད་ཀྱང་། །གནད་སྲང་རུས་སྦལ་གྱི་ནུར་འགྲོས་བྱས་ན། །དོན་གྱི་དབྱེ་བ་དེ་རིང་ནས་ཟད་སོང་། །བོན་སྐུ་འོད་གསལ་གྱི་རང་ངོ་འཁུམ་ན། །འཁོར་འདས་བདེ་སྡུག་གི་ཆེད་འཛིན་གྲོལ་བས། །ངང་བཞག་ཕྱོགས་ཡན་གྱི་རང་བབ་ཆེན་པོར། །ཨ་ཁྲིད་ཟང་ཐལ་གྱི་ཐིག་ལེ་ཉག་གཅིག །གྲུབ་མཐའ་ཀུན་མཐུན་དང་ཀུན་རྒྱལ་ཡིན་ནོ། །ང་ཚོ་ཞྭ་དཀར་གྱི་གཡུང་དྲུང་བརྒྱུད་པར། །མན་ངག་ཁ་ཁྱེར་ཞིག་གཏན་ནས་མེད་པས། །བོན་གྱི་གསུང་རབ་ནས་བཤད་པའི་ཉམས་ལེན། །ཇི་བཞིན་མཐར་ཕྱིན་གྱི་རྡོ་རུས་འཕྲོད་ན། །ཁོད་སྤུངས་ཆེན་པོ་ཡི་ཕ་རྗེས་བསྙེག་གོ། །
ཕྱག་རྒྱ་ཆེན་པོ་དང་དབུ་མ་ཆེན་པོ། །རྫོགས་པ་ཆེན་པོ་ཡི་མཐོ་སྐད་སྒྲོགས་ཀྱང་། །ཟབ་པའི་ཟབ་གནད་དེ་མཐིལ་མ་ཕྱིན་པས། །གཅིག་རྗེས་གཉིས་ཟློས་ཀྱི་ཆོས་པ་སྡུག་ག །དགེ་སྡིག་ཕན་གནོད་ཀྱི་སྐྱར་གཞི་ཟད་པའི། །ལྷན་སྐྱེས་རིག་པ་ཡི་རང་ཞལ་འཁུམ་པས། །ག་ལེར་གུ་ཡངས་ཀྱི་བློ་བདེའི་ཉི་མ། །སྙིང་ནས་ཤར་བ་ཡི་བོན་པོ་སྐྱིད་དོ། །ཆོས་ཀུན་བདེན་མེད་ཀྱི་སྒྱུ་མར་མ་མཐོང་། །འདིར་སྣང་བདེན་ཞེན་གྱི་སྨིག་སྒྱུའི་ཡོ་ལང་། །ཆབ་རོམ་ནོར་བུ་རུ་འཁྲུལ་བའི་ལོག་ཤེས། །ཐོས་ཆུང་ཆོས་དྲེད་ཀྱི་ཆོས་པ་སྡུག་ག །བདེན་གཉིས་འགལ་མེད་ཀྱི་རང་གཤིས་རིག་པ། །སྣང་བ་བདག་མེད་ཀྱི་ཆུ་ཟླའི་རྫུན་རིས། །རྟེན་འབྲེལ་འཆར་སྒོ་རུ་མ་འགགས་བཀྲ་བ། །བདེན་མེད་དོན་མཐོང་གི་བོན་པོ་སྐྱིད་དོ། །མི་རྟོག་སྙིང་པོ་ཡི་ཀུན་གཞིའི་ངོ་བོར། །འཛིན་པ་བདེན་བཟུང་གི་གཏད་སོ་བྱས་པས། །ལོ་བརྒྱར་འབད་ཀྱང་ནི་རང་ཉིད་ངལ་དུབ། །བླུན་སྒོམ་ཨུ་ཚུགས་ཅན་ཆོས་པ་སྡུག་ག །ལྟ་བ་ཀུན་ཤོང་ནི་ནམ་མཁའ་ཡངས་པར། །སྒོམ་པ་རང་གསལ་གྱི་མདུང་སྐོར་བྱས་པས། །སྤྱོད་པ་གཏད་མེད་ཀྱི་ཟང་མ་ཐལ་བྱུང་། །འབྲས་བུ་ལྷུན་གྲུབ་ཀྱི་བོན་པོ་སྐྱིད་དོ། །ཡིན་མིན་བློས་བཏགས་ཀྱི་ཚིག་ལ་འབྱམས་ནས། །ཡོད་མེད་ཁས་ལེན་གྱི་རང་མགོ་འཁོར་བས། །ཡང་དག་སྙིང་པོ་དང་ཆ་ཙམ་མ་ཉེ། །ཐ་སྙད་རྟོག་གེ་ཡི་ཆོས་པ་སྡུག་ག །ཐོས་པའི་ཤེས་རབ་ཀྱི་རྒྱ་མཚོའི་ཀློང་དུ། །བསམ་པའི་ཉམས་མྱོང་གི་གཟའ་སྐར་བཀྲ་ཤིང་། །སྒོམ་བྱུང་པད་ཚལ་གྱིས་རབ་ཏུ་མཛེས་པ། །ཇི་བཞིན་མངོན་མཐོང་ཅན་བོན་པོ་སྐྱིད་དོ། །ཀུན་བཏགས་བློས་བྱས་ཅན་སེམས་བྱུང་རྟོག་པས། །དྲན་བསམ་འགྱུ་འཕྲོ་ཡི་ལྷ་སྐུ་བསྒོམས་ཀྱང་། །ཟབ་གསང་རྫོགས་རིམ་གྱི་རྗེས་མ་ཐེབས་པའི། །ཚུལ་མཐོང་སྐྱེད་རིམ་ཅན་ཆོས་པ་སྡུག་ག །སྣང་བ་འཛིན་མེད་ཀྱི་ལྷ་སྐུར་ཤར་ནས། གྲགས་པ་བདེ་ཆེན་གྱི་མི་ཤིགས་སྒྲ་དབྱངས། །དྲན་རྟོག་བོན་སྐུ་ཡི་ངོ་བོར་ཤར་བའི། །མཐའ་བྲལ་སྐྱེད་རིམ་ཅན་བོན་པོ་སྐྱིད་དོ། །སྣང་བ་ཡུལ་ཤོར་གྱི་སྦྱོར་བ་དེ་དང་། །དགྲར་འཛིན་གནོད་སེམས་ཀྱི་སྒྲོལ་བ་དང་བཅས། །གསང་སྔགས་འཆལ་སྤྱོད་ཀྱིས་བསྟན་སེལ་བཏང་བའི། །སྡིག་ཅན་ཆོས་འགལ་གྱི་ཆོས་པ་སྡུག་ག །སྣང་སྟོང་མཉམ་སྦྱོར་གྱི་འཛག་མེད་བདེ་ཆེན། །གཉིས་འཛིན་དབྱིངས་སྒྲོལ་གྱི་མངོན་སྤྱོད་ཆེན་པོ། །གཡུང་དྲུང་ཐེག་པ་ཡི་གསང་སྔགས་སྤྱོད་པའི། །གོལ་ཤོར་རང་གྲོལ་གྱི་བོན་པོ་སྐྱིད་དོ། །ཆགས་སྡང་རྨོངས་གསུམ་གྱི་རང་རྒྱུད་སྦོས་ནས། །གྲུབ་མཐའི་ཕྱོགས་ཞེན་གྱི་དུག་གིས་སྨྱོས་བཞིན། །བསྟན་པའི་ནང་སེལ་ལ་རབ་ཏུ་དགའ་བའི། །རང་མགོ་རྡོ་བརྡུང་གི་ཆོས་པ་སྡུག་ག །ཀུན་ལ་དག་སྣང་གི་བློ་མིག་ཡངས་པས། །རིས་མེད་བསྟན་པ་ལ་ཤིན་ཏུ་འདུན་ཞིང་། །ཀུན་གྱི་སྙིང་པོ་རྣམས་གཅིག་ཏུ་བསྡུད་མཁས། །ཕྱོགས་མེད་མོས་གུས་ཅན་བོན་པོ་སྐྱིད་དོ། །དགའ་འོ་སྐྱིད་དོ་ལ་གཡུང་དྲུང་བརྒྱུད་པ། །སྐུ་གསུམ་སྣང་ཆ་ཀུན་གཞན་དུ་མི་འདུག །ད་ལྟའི་ཤེས་རྒྱུན་འདིར་ཡེ་ནས་རྫོགས་པས། །ཐག་རིང་ངལ་དུབ་ཀྱི་འཚོལ་དགོས་དོར་ཤོག །རབ་འབྱམས་ཞི་ཁྲོ་ཡི་ཚོམ་བུ་དུ་མ། །སྙིང་དབུས་ལྔ་ལྡན་གྱི་ཐིག་ལེར་རྫོགས་པས། །བོན་སྐུའི་བཙན་ས་རང་གཟུང་ན་ཆོག་གི། །ཞལ་གདངས་མཆེ་གཙིགས་ཀྱི་ལྷ་དེ་བོར་ཤོག །བོན་སྐྱོང་སྲུང་མ་ཡི་བཀའ་སྡོད་རབ་འབྱམས། །རིག་རྩལ་ཐལ་འབྱིན་གྱི་ལྟ་སྒོམ་ཀློང་ན། །དུག་ལྔ་འདུལ་བ་འདི་གདོད་ནས་འདུག་པས། །དགྲ་འདུལ་གཉེན་སྐྱོང་གི་བཀའ་སྲུང་དོར་ཤོག །ཇི་ལྟར་བྱས་ཀྱང་ནི་བོན་ཉིད་ཆོ་འཕྲུལ། །གང་ལྟར་སྤྱད་ཀྱང་ནི་གཞི་སྣང་རང་རྩལ། །བབས་ཀྱི་གནས་ལུགས་ལ་འཕོ་འགྱུར་མི་འདུག །གཤེན་རབ་སྟོན་པས་ཀྱང་འདི་བས་མ་བཤད། །གྱེར་སྤུངས་རིག་འཛིན་གྱིས་འདི་བས་མ་དགོངས། །རྒྱལ་བ་བླ་ཆེན་གྱི་བརྒྱུད་པ་ཀུན་ཀྱང་། །བོན་འདི་ཁོ་ན་ལ་བརྟེན་ནས་སངས་རྒྱས། །གཤེན་རབ་ཐེག་པ་ཡིས་འདུལ་བར་དཀའ་ཚེ། །ཡེ་གཤེན་ཐེག་པ་འདི་ཁོ་ན་ཟབ་བོ། །བོན་སྒོ་བརྒྱད་ཁྲི་ནས་བཤད་པའི་མདོ་དོན། །གནད་གཅིག་ཨ་ཁྲིད་འདི་ཁོ་ནར་འདུས་སོ། །རྣམ་ཀུན་འདི་ཉིད་ལ་བརྩོན་པ་གཅེས་གཅེས། །བདག་དང་མཆེད་ལྕམ་གྱི་ཕོ་མོ་མ་ལུས། །ཕྱམ་གཅིག་གདོད་མ་ཡི་གྲོལ་གཞིར་ཕྱིན་ནས། །བོན་སྐུ་ཀུན་བཟང་གི་ཐུགས་ཀློང་ཡངས་པར། །བོན་ཉིད་རྒྱལ་ཐབས་ལ་མངའ་དབང་བསྒྱུར་ཏེ། །སླར་ཡང་འགྲོ་འདུལ་གྱི་རྫོགས་སྐུའི་བཀོད་པ། །དེ་ལས་ཡང་སྤྲུལ་གྱི་སྤྲུལ་སྐུའི་བཀོད་པས། །འཁོར་བ་ཀ་དག་གིས་དོང་སྤྲུགས་ཤོག་ཅིག །
ཅེས་གཡུང་དྲུང་བོན་གྱི་ལྟ་མགུར་འདི་ཡང་ཞྭ་དཀར་བོན་གྱི་བསྟན་པ་ལ་མཆོག་ཏུ་གུས་ཤིང་ཀུན་མཁྱེན་རྩོད་མེད་བརྒྱུད་པའི་གྲལ་མཐར་འཁོད་པ་མདོ་ཁམས་ཟུར་མང་པ་ཆོས་ཀྱི་རྒྱ་མཚོ་ཀུན་དགའ་བཟང་པོའམ། མིང་གཞན་དཔོན་གསས་མི་ཤིགས་ཁྱུང་རྒོད་རྩལ་གྱིས། རྒྱལ་བོན་གྱིས་བྱིན་གྱིས་རླབས་པའི་གནས་མཆོག་གྱོ་ཡི་ལུང་པ་གངས་དཀར་སྟག་སེང་ཁྱུང་རྩེའི་ཉེ་འདབས། ཁོད་སྤུངས་ཆེན་པོའི་གཤེགས་ཤུལ་བདེ་ཆེན་གཡུང་དྲུང་སྟེང་གི་མིག་སྨན་ཐིག་ལེའི་སྤྱིལ་བོར་བགྱིས་པ་དགེ། སརྦ་མངྒ་ལྃ་བྷཝནྟུ།། །།

No comments:

Post a Comment