Wednesday, January 25, 2012

སྟོན་པའི་སྐུ་ཡི་ཆ་ལུགས་ཀྱི་རྣམ་བཤད།

༄༅། །སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཡི་ཆ་ལུགས་ཀྱི་རྣམ་བཤད་
ལོག་རྟོག་བྲག་ཆེན་གཞོམ་པའི་ཐོག་ཆེན་
ཞེས་བྱ་བ་བཞུགས་སོ། །
༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།
བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ལོ། །

                རང་གཞུང་མདོ་རྒྱུད་རྣམས་དང་མི་མཐུན་པའི། །

                སངས་རྒྱས་སྤྲུལ་སྐུའི་ཆ་ལུགས་དུ་མ་ཞིག །

                དམུས་ལོང་དག་ལ་དམིགས་བུ་བཅོལ་འདྲ་བའི། །

                རྗེས་སུ་ཞུགས་པའི་ཁྱུ་ལ་ཡིད་མ་རངས། །



                རང་གཞུང་མདོ་རྒྱུད་རྣམས་ལས་གསུངས་པའི་ཚུལ། །

                མིག་མཛུབ་སྤྲད་དེ་བསྟན་འདིར་ལེགས་པར་ཀློགས། །

                ཕྱི་ནས་སྨྱོན་པའི་འཁྱལ་ཟློས་རྗེས་འབྲངས་ཏེ། །

                མགྲིན་བཟང་སྐད་ཀྱིས་རྣ་བར་མ་འཚེ་ཞིག །


དེ་ལ་དང་པོ་མདོ་དྲི་མེད་གཟི་བརྗིད་ཅེས་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པའི་རྣམ་ཐར་རྒྱས་པ་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོར་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྙན་བརྒྱུད་འོད་གསལ་ལྷ་ལས་བབས་པའི་ལེའུ་ལས། ༼ཀ་༣༠༡༽ དེ་ནས་གཤེན་རབ་ཆེན་པོས་འགྲོ་བའི་དོན་ལ་དགོངས་ཏེ། སྤྲུལ་པའི་སྐུ་གཞའ་ཚོན་གྱི་འོད་ཟེར་འཕྲོ་བ་སྐུ་ལྟ་བས་ཆོག་མི་ཤེས་པ། དབུ་རྒྱན་དང་། སྙན་ཆ་དང་། མགུར་ཆུ་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། སྟོད་གཡོགས་དང་། སྨད་ཤམས་དང་། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ཞིག་བསྣམས་པ། སྤྲིན་དཀར་མཛེས་པའི་གདན་ལ་བཞུགས་ནས། ལྷ་ཡི་གཡུང་དྲུང་སེམས་དཔའ་རྣམས་དང་། ལྷ་བྲན་ལྷ་མོ་སྟོང་གིས་བསྐོར་ནས། ཞེས་དང་། ༼ཀ་༣༢༡༽ གཟི་བརྗིད་ལྷ་མིན་ལ་བོན་འཁོར་བསྐོར་བའི་མདོ་ལས། སྟོན་པ་ཉིད་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང་། སྐུ་འབར་བ་ཁྲོ་བོའི་ཆ་ལུགས་སུ་བཞེངས་ཏེ། ཞེས་དང་། རྒྱལ་བུ་གཞོན་ནུ་རོལ་རྩེད་ཀྱི་མདོ་ལས། ༼ཁ་༨༨༽ དེ་ནས་རྒྱལ་བུ་སྐད་ཅིག་ལས་སྐུ་མདོག་རིན་པོ་ཆེ་བཻཌཱུརྱ་ལྟ་བུ་འདུག་པ། རྒྱན་དང་ཆ་ལུགས་ལོངས་སྤྱོད་རྫོགས་པའི་ཚུལ་ཅན། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་བསྣམས་པ་ཞིག་ཏུ་སྤྲུལ་ཏེ། ཞེས་དང་། རྒྱལ་བུ་རྒྱལ་སར་ཕྱུང་པ་ཡན་ཆད་ཀྱི་ཆ་ལུགས་ཀྱི་གཙོབོ་ནི་ལོངས་སྤྱོད་རྫོགས་པའི་ཆས་ཅན་དུ་ལུང་གིས་བསྟན་པ་བཞིན་ནོ། །

རྒྱལ་བུ་རྒྱལ་སར་ཕྱུང་བའི་སྐབས་སུ། གཟི་བརྗིད་ ༼ཁ་༢༤༧༽ རྒྱལ་བུ་རྒྱལ་སར་ཕྱུང་བའི་མདོ་༼༢༧༠༽ལས། རྒྱལ་བུའི་སྐུ་ལ་དར་དམར་གྱི་རལ་ག་དང་། ཟ་འོག་གི་འགྱིང་བེར་དང་། ལྗང་སྨྲིག་གི་ཐོད་རལ་ནི་གསོལ། ཞབས་ལ་ཟ་འོག་གི་འབོལ་ལྷམ་ནི་མནབས། ཤི་ཤོན་གྱི་སྐུ་རེག་ནི་བཅིངས། དབུ་ལ་ནེ་སེང་དཀར་པོའི་ལ་ཐོད་དང་། དབང་གི་པྲོག་ཞུ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཕྱག་ཤིང་ནི་བསྣམས། ཞེས་དང་། རྒྱལ་བུས་བཀའ་ཁྲིམས་བསྩལ་བའི་མདོ། ༼ཁ་༤༥༨༽རིན་པོ་ཆེ་གསེར་གྱི་ཁྲི་སྟེང་དུ། སིང་ང་ནེ་ཏྲའི་སྟེགས་བུ་བཅས་ཏེ། ན་ནམ་དང་ཟ་འོག་གི་འབོལ་གདན་ལ། སྐུ་འགྱིང་སྟབས་སུ་བཞུགས་སོ། །དབུ་ལ་ནེ་སེང་དཀར་པོའི་ལ་ཐོད་དང་། དབང་གི་པྲོག་ཞུ་ནི་གསོལ། སྐུ་ལ་ལེ་བརྒན་གྱི་རལ་ག་དང་། ཟ་འོག་གི་འགྱིང་བེར་དང་། ལྗང་སྨྲིག་གི་ཐོད་རལ་ནི་མནབས། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས། ཞེས་དང་། སྲིད་གཤེན་ཐེག་པའི་མདོ། ༼ག་༤༽ ཉི་ཟླ་རིས་ཀྱི་གུར་ཆེན་ནི་ཕུབ། གཞའ་ཚོན་རིས་ཀྱི་ཡོལ་བ་ནི་བྲེས། ཟ་འོག་རིས་ཀྱི་འབོལ་གདན་ནི་བཏིང་། སྐུ་ལ་དར་དམར་གྱི་ན་བཟའ་དང་། ཟ་འོག་གི་བེར་ཆེན་དང་། ལྗང་སྨྲིག་གི་ཐོད་རལ་ནི་མནབས། དབུ་ལ་དར་དཀར་གྱི་ལ་ཐོད་དང་། རིན་པོ་ཆེའི་པྲོག་ཞུ་རྩེ་ལྔ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས། ཞེས་དང་། ༼ག་༡༠༠༽དེ་ནས་མི་ཡི་དབང་པོ་འདོད་པ་དགུ་འགྱུར་གྱིས། སྟོན་པའི་དབུ་ལ་དར་དམར་གྱི་འཛུམ་ཐོད་ནི་བཅིངས། སྐུ་ལ་ལེ་བརྒན་དམར་པོའི་ན་བཟའ་ནི་གསོལ། ཕྱག་ན་ཟངས་ཀྱི་ཆག་ཤིང་གཡུ་ཡི་གཡུང་དྲུང་རིས་ཅན་ནི་ཕུལ་ལོ། །ཞེས་དང་། ༼ག་༡༡༡༽ཀླུ་འཇོག་པོས་སྟོན་པའི་དབུ་ལ་ཆུ་དར་གྱི་ཅོད་པན་ནི་བཏགས། སྐུ་ལ་དར་ལྗང་གི་ན་བཟའ་ནི་གསོལ། ཕྱག་ན་དུང་གི་ཆག་ཤིང་ལ་གསེར་གྱི་གཡུང་དྲུང་རིས་ཅན་ནི་ཕུལ། ཞེས་དང་། མདོ་གཟེར་མིག་ལས། ༼ཀ་༡༠༠༽དབུ་ལ་རིན་པོ་ཆེའི་པྲོག་ཞུ་རྩེ་དགུ་པ་གསོལ་བ། ཕྱག་ན་གསེར་གྱི་ཆག་ཤིང་གཡུ་ཡི་གཡུང་དྲུང་རིས་བསྣམས་པ། ཞེས་དང་། དགེ་བསྙེན་ཐེག་པའི་མདོ། ༼ག་༤༣༠༽ དབུ་ལ་རིན་པོ་ཆེའི་པྲོག་ཞུ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས་ནས། སྐུ་འགྱིང་བག་དང་ཞལ་འཛུམ་བག་དང་ཆས་ནས་བཞུགས་སོ། །ཞེས་དང་། བླ་མེད་ཐེག་པའི་མདོ། ༼ང་༢༤༧༽ སྐུ་མདོག་སྣ་ཚོགས་སུ་སྣང་ཞིང་། ཁ་དོག་སྣ་བརྒྱད་འོད་དུ་འབར་བ་དབུ་ལ་དབང་གི་ཟེར་པྲོག་དང་། སྐུ་ལ་ཟ་འོག་གི་འགྱིང་བེར་དང་། ལྗང་སྨྲིག་གི་ཐོད་རལ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས་ནས། ཞེས་དང་། སྐད་འགྱུར་སོ་སོར་བསྟན་པའི་མདོ། ༼ང་༣༣༽ དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ་དེ། གདན་སེང་གེའི་ཁྲི་ལ། ཞབས་སྐྱིལ་མོ་ཀྲུང་བཅས་ནས། སྐུ་དྲང་པོར་བསྲངས་ཏེ། དབུ་ལ་དབང་གི་གཙུག་ཕུད་ནི་བཅིངས། རིན་པོ་ཆེའི་པྲོག་ཞུ་ནི་གསོལ། སྐུ་ལདར་ཟབ་ཀྱི་ན་བཟའ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས་ནས། ཞེས་དང་། བསྟན་པ་སྤེལ་བའི་མདོ། ༼ང་༤༦༦༽ རྒྱལ་བུ་སྟོན་པ་དེ་ནི། རིན་པོ་ཆེ་གསེར་གྱི་ཁྲི་ལ་ཁྲི་རྐང་བརྒྱད་དང་ལྡན་པ། ཁྲི་མིག་གསེར་གྱི་སེང་གེ་བཞི་བཞི་བརྒྱད་ཀྱིས་འདེགས་པ། དེའི་སྟེང་དུ་ཟ་འོག་གི་འབོལ་གདན་ལ། མཚན་དང་ལྡན་པའི་སྐྱེས་བུ་གཟི་བརྗིད་ཆེ་བ། ཞལ་གྱི་དཀྱིལ་འཁོར་ཟླ་བ་གང་བ་ལྟ་བུ། ཀུན་ནས་གང་བའི་འོད་ཟེར་ཉི་མའི་དཀྱིལ་འཁོར་ལྟར་རྒྱས་པ། དབུ་ལ་དབང་གི་གཙུག་ཕུད་དང་། ཚེ་ཡི་ལན་ཕྲན་བསླས་པ། དར་ལ་སེང་དཀར་པོའི་ལ་ཐོད་ལ། ཆུ་དར་སྔོན་པོའི་ཆ་ག་གདབ་པ། དར་དམར་གྱི་འཛུམ་ཐོད་ལ། དར་ལྗང་གི་ཅོད་པན་འཕུར་བ། དེ་ལྟ་བུ་ཞིག་མནབས་པ། སྐུ་ལ་ཟ་འོག་གི་བེར་ཆེན་དང་། དམར་ལྗང་དང་ངུར་སྨྲིག་གི་ཐོད་རལ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ལ། སྣང་སྲིད་གསལ་བ་ཡི་གེ་བཀྲ་བ་ཞིག་བསྣམས་ནས། སྐུ་གཟི་བརྗིད་དང་ལྡན་ཞིང་། ཞེས་དང་། དཔེའུ་རྩེ་རྣམ་གསུམ་བསྟན་པའི་མདོ། ༼ཅ་༣༢༽ གདན་སེང་གེའི་ཁྲི་ལ་བཞུགས་ཏེ། དབུ་ལ་རིན་པོ་ཆེའི་པྲོག་ཞུ་ནི་གསོལ། སྐུ་ལ་གཡུ་མདངས་སྔོན་པོའི་སྟོད་གཡོགས་དང་། ངུར་སྨྲིག་གི་དཔྱང་རལ་ནི་མནབས། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་བསྣམས་ནས། ཞེས་དང་། རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ། ༼ཅ་༣༨༣༽ དབུ་ལ་རིན་པོ་ཆེའི་པྲོག་ཞུ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས། སྐུ་ལ་གཡུ་མདངས་སྔོན་པོའི་སྟོད་གཡོགས་དང་། ངུར་སྨྲིག་གི་ཤམ་བུ་ནི་གསོལ། ཞེས་དང་། གཟི་བརྗིད་ཐར་པ་དྲངས་པའི་མདོ། ༼ཅ་༥༩༡༽ སྟོན་པ་ཉིད་དབུ་ལ་རིན་པོ་ཆེའི་པྲོག་ཞུ་ནི་གསོལ། སྐུ་ལ་དར་ཟབ་ཀྱི་ན་བཟའ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས། གསེར་གྱི་ཤིང་རྟ་འཁོར་ལོ་བརྒྱད་པ་ལ་ནི་ཆིབས་ཏེ། ཞེས་དང་། ༼༥༩༧༽ དེ་ཡི་དབུས་སུ་སྟོན་པ་ཉིད་ནི། སྐུ་མདོག་རིན་པོ་ཆེ་ལྟར་བཀྲ་ལ་གསལ་བ། ཁྲུ་དགུའི་ཆ་བྱད་ནི། སྐུ་ནི་རི་རབ་དང་འདྲ་བ། དབུ་ལ་རིན་པོ་ཆེའི་པྲོག་ཞུ་ནི་གསོལ་བ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་བསྣམས་པ། སྐུ་ལ་དར་དང་ཟ་འོག་གི་ན་བཟའ་གསོལ་བ། ཞེས་དང་། བདུད་འཇོམས་གསང་བའི་གཟུངས། ༼ཉ་༢༣༤༽ གདན་འཁོར་ལོའི་ཁྲི་ལ། སྐུ་མདོག་ཁ་དོག་བརྒྱད་དང་ལྡན་པ། ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་བཞུགས་ཏེ། དབུ་ལ་རིན་པོ་ཆེའི་ཟེའུ་པྲོག་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས། སྐུ་ལ་དར་ཟབ་ཀྱི་ན་བཟའ་ནི་གསོལ་ནས། ཞེས་དང་། ༼ཐ་༣༢༤༽ གནད་རིན་པོ་ཆེའི་འཁོར་ལོ་སྟོང་བརྩེགས་པའི་ཁྲི་ལ་སྐུ་མདོག་རིན་པོ་ཆེའི་ཁ་དོག་བརྒྱད་དང་ལྡན་པ། དབུ་ལ་རིན་པོ་ཆེའི་ཟེའུ་པྲོག་ནི་གསོལ་བ། སྐུ་ལ་དར་ཟབ་ཀྱི་ན་བཟའ་ནི་མནབས། ཕྱག་ན་རིན་པོ་ཆེ་གསེར་གྱི་ཆག་ཤིང་གཡུ་ཡི་གཡུང་དྲུང་རིས་ཅན་ནི་བསྣམས་ནས་ཞེས་དང་། ༼ཐ་༥༨༢༽ སྟོན་པ་ཉིད་ནི་གསེར་གྱི་འཁོར་ལོ་བརྒྱད་པ་ལ་ནི་ཆིབས། སྐུ་ལ་དར་ཟབ་ཀྱི་ན་བཟའ་ནི་གསོལ། དབུ་ལ་རིན་པོ་ཆེའི་པྲོག་ཞུ་ནི་མནབས། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས། ཞེས་དང་། དེ་ལྟར་རྒྱལ་པོའི་ཆ་ལུགས་སུ་གཤེན་ལོ་སུམ་ཅུ་སོ་གཅིག་མ་ལོན་བར་དུ་བཞུགས་ཤིང་། གཤེན་ལོ་སོ་གཅིག་གི་དུས་སུ། རབ་བྱུང་གི་མདོ། ༼ད་༣༩༧༽ དེ་ཡང་རབ་དུ་བྱུང་བའི་དུས་ན། མི་ཡི་ལོ་ནི་སུམ་སྟོང་ཆིག་བརྒྱ་ལ། གཤེན་གྱི་ལོ་ནི་སུམ་ཅུ་རྩ་གཅིག་ལོན་ནས། སྟོན་པ་ཡང་ཁྱིམ་སྤངས་རབ་ཏུ་བྱུང་བར་དགོངས་ཏེ། ཞེས་དང་། གཟེར་མིག ༼ཁ་༩༣༠༽རྒྱན་ལ་ཆགས་པའི་སྐྱོན་སྤངས་ཏེ། ཕྱག་གིས་བླངས་ཏེ་ཕྱོགས་བཅུར་གཏོར། ཞེས་དང་། ༼ད་༤༣༥༽ དེ་ནས་སྟོན་པ་ཉིད་ཀྱང་འཁོར་དང་ཟང་ཟིང་དང་། རྒྱན་དང་ལོངས་སྤྱོད་རྣམས་སྤངས་བར་མཛད་དེ། སྐུ་ལ་དར་ཟབ་ཀྱི་ན་བཟའ་དང་། དབུ་ལ་རིན་པོ་ཆེའི་ཟེ་པྲོག་དང་། སྙན་ཆ་དང་། མགུར་ཆུ་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། དོ་ཤལ་དང་། སྟོད་གཡོགས་དང་། སྨད་ཤམས་ལས་སོགས་པ་བཀྲོལ་ཞིང། ཕུད་དེ་མདུན་དུ་སྤུངས་ནས། འདོད་པའི་དམིགས་རྫས་སྣ་ཚོགས་སུ་བྱིན་གྱིས་བརླབས་ནས། ཕྱག་གིས་བླངས་ནས་ཕྱོགས་བཅུར་གཏོར་བས། ཞེས་པས་རྒྱལ་པོའི་ཆས་ཐམས་ཅད་ཕུད་ནས་སྦྱིན་པར་མཛད་དོ། །

༼ད་༤༤༢༽ རྒྱལ་དང་གཤེན་གྱི་ཆ་ལུགས་རྣམས་སྤངས་ནས། དག་པའི་ན་བཟའ་པད་ལོ་རིས་དྲུག་གསོལ་བར་མཛད་དོ། །ཞེས་དང་། ༼ད་༤༤༦༽ དེ་ནས་དེ་ཡི་ཚེ། སྟོན་པས་ན་བཟའ་འདུལ་གོས་རིས་དྲུག་ནི་སྐུ་ལ་གསོལ། སྤུ་གྲི་ངར་འཇམ་རྣོན་པོ་དང་། ཚེམས་ཁབ་དབལ་མོ་སོ་ལེབ་དང་། ཁྲུས་བུམ་པད་གདན་གཙང་མ་དང། དཔེ་ཆ་དཔེ་ཁུག་སྔོན་པོ་ནི་འཕྲག་ལ་བཀལ། ཧོས་རུ་གསིལ་བ་སྒྲ་སྙན་ནི་ཕྱག་ཏུ་བསྣམས་ནས། གཞི་སྐུར་བཅུད་ལྡན་པད་གྱེས་ནི་པང་དུ་བཞག པད་ཤུན་པད་གདན་གདིང་བ་ནི་ཁྱུད་དུ་བཅུག་ནས། ཞེས་དང་། ༼ད་༤༨༥༽ ནམ་ལངས་ཉི་ཤར་རྩེ་མོ་ལ། ན་བཟའ་རིས་དྲུག་སྐུ་ལ་གསོལ། ཞེས་དང་། ༼ད་༥༢༤༽ སྐུ་ལ་ན་བཟའ་པད་ལོ་རིས་དྲུག་ནི་གསོལ། འཕྲག་ལ་རིན་ཆེན་གནང་བའི་རྫས་ལྔ་ནི་བཀལ། ཕྱག་ན་ཧོས་རུ་གསིལ་བ་སྒྲ་སྙན་ནི་བསྣམས། ཞེས་དང་། ༼ཨ་༥༽ ན་བཟའ་བླང་བའི་གོས་དྲུག་དང་། རིན་ཆེན་གནང་བའི་རྫས་ལྔ་བབས་ཏེ། རྒྱན་དང་ཆ་ལུགས་རྣམས་སྤངས་ནས། ཞེས་དང་། ༼ཨ་༣༩༤༽ ཉི་ཟླ་པད་མའི་གདན་ལ་སྟོན་པ་ཉིད་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། སྐུ་ལ་དག་པའི་ན་བཟའ་འདུལ་གོས་རིས་དྲུག་གསོལ་ནས། ཕྱག་གཡས་པ་ས་གནོན་དང་གཡོན་པ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། ཞེས་དང་། མདོ་གཟེར་མིག ༼ཁ་༩༣༣༽ དེ་ནས་སྟོན་པ་གཤེན་རབ་མི་བོ་ཡིས། རྨད་གོས་རིས་དྲུག་སྐུ་ལ་གསོལ། ཧོས་རུ་སྒྲ་སྙན་ཕྱག་ཏུ་བསྣམས། ཞེས་གསུངས་པའི་ཕྱིར། 

        ཇི་ལྟར་དྲངས་པའི་ལུང་འདི་རྣམས་ནས་གསུངས་པ་བཞིན་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་སྐུ་ཡི་ཆ་ལུགས་ནི། རྒྱལ་བུ་རྒྱལ་སར་མ་དབྱུང་བར་དུ། རྫོགས་སྐུའི་ཆས་དང་། རྒྱལ་སར་ཕྱུང་ནས་རབ་ཏུ་མ་བྱུང་བའི་བར་དུ་རྒྱལ་པོའི་ཆས་དང་། རབ་ཏུ་བྱུང་ནས་མྱ་ངན་ལས་མ་འདས་བར་དུ་རབ་བྱུང་གི་ཆས་གོས་དྲུག་གིས་བརྒྱན་པ་རྣམས་སྤྱིར་སངས་རྒྱས་ཀྱི་ཆས་རྒྱན་དུ་གསལ་བར་གསུངས་ཤིང་། དམིགས་བསལ་དུ་སྐབས་འགར་གདུལ་བྱའི་དབང་གིས་དྲག་པོའི་ཆས་ཅན་དང་། གཞན་ཡང་དུས་རྒྱུན་གྱི་ཆས་དང་མི་འདྲ་བ་བསྟན་པ་རྣམས་ནི་གནས་དུས་ཀྱི་གདུལ་བྱ་ལ་ལྟོས་པའོ། །མདོར་ན་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་ཆ་ལུགས་ལ་དོགས་མེད་ཀྱི་དོགས་པ་དང་། མི་མཐུན་པའི་དཔེ་འདྲེན་པ་དང་། ལོག་པའི་རྒྱུ་མཚན་འདྲེན་པ་སོགས་དོར་ནས་ལུང་འདི་རྣམས་ལ་ཡིད་རབ་ཏུ་རྟོན་ཏེ་བློ་དྲང་པོར་བཞུགས་པར་མཛོད་ཅིག

                སངས་རྒྱས་འཁྲུངས་པའི་དུས་དང་ཆ ལུགས་སོགས། །

                ཁུངས་ལྡན་མདོ་རྒྱུད་རྣམས་ནས་གསལ་གསུངས་ཀྱང་། །

                ཡིད་གཏད་མི་བྱེད་རང་སྣང་གང་ཤར་བྱེད། །

                ཚུལ་འདི་ལྟར་ན་རྒྱལ་བསྟན་ངང་གིས་ཡལ། །



                འདི་འདྲའི་ཚུལ་གྱིས་ཡིད་རབ་སྐྱོ་བ་བསྐྱེད། །

                རྣམ་པར་དག་པའི་གཞུང་དོན་དྲི་མེད་ཅིག །

                བྱི་དོར་ནུས་པའི་རིག་པ་བསྐྱེད་པའི་ཕྱིར། །

                འཆད་རྩོད་རྩོམ་པ་བྱ་བའི་སྙིང་པོ་མཐོང་། །

       

                ཚུལ་འདི་བྱས་པའི་རྣམ་དཀར་ཆ་གང་མཆིས། །

                རྒྱལ་བའི་བསྟན་པ་དར་རྒྱས་ཡུན་གནས་པའི། །

                རྒྱུ་རུ་བསྔོས་པའི་དོན་ཡང་འགྲུབ་ཅུར་ཅིག །

                རྩ་གསུམ་ལྷ་དང་བཅས་པས་མཐུན་འགྱུར་མཛོད། །

ཅེས་པའི་ལུང་དོན་ཚིག་དང་བཅས་བཀོད་ནས་སངས་རྒྱས་ཀྱི་ཆ་ལུགས་ལ་དོགས་གཞི་འཁྲུལ་པ་སེལ་བྱེད་དུ་སྨན་རི་བ་བསྟན་འཛིན་རྣམ་དག་གིས་བྲིས།། །།

1 comment:

. said...

གདུལ་བྱའི་རྒྱ་མཚོ་མཐའ་ཡས་འདུལ་སླད་དུ། །འཕྲིན་ལས་རྒྱ་མཚོ་བཀོད་ལེགས་མཐའ་ཡས་ཀྱིས། །འཁོར་བའི་རྒྱ་མཚོ་མཐའ་ཡས་སྐེམ་མཛད་པ། །སྟོན་མཆོག་བསྟན་པའི་དཔལ་ལ་གུས་ཕྱག་འཚལ། །ཞེས་རྗེ་མཉམ་མེད་ཆེན་པོས་གསུངས་སོ། །