༄༅། །འཛམ་གླིང་ཕྱོགས་མཐའ་ཁག་ན་བཞུགས་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་དད་ལྡན་སེར་སྐྱ་མང་ཚོགས་ལྷན་རྒྱས་རྣམས་དང་། ཁྱད་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཚུལ་བཞིན་གནང་བའི་དགེ་བའི་བཤེས་གཉེན་རྣམ་པ་ལྷན་རྒྱས་ལ་བོད་ཤིང་མོ་ལུག་གི་ལོ་ཡི་གནམ་ལོ་གསར་དུ་བཞད་པའི་དུས་བཟང་འདིར་ངས་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་རྣམ་པ་ལྷན་རྒྱས་ཚེ་རིང་བ། ནད་མེད། ཁ་དགེ། བཀྲ་ཤིས། མཛད་འཕྲིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ་བཞིན་ཡོད་ལ། ཁྱེད་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཁུར་ཆེན་བཞེས་དང་བཞེས་བཞིན་པ་གོ་ཐོས་འབྱུང་བཞིན་འདུག་པས་ང་རང་དགའ་པོ་ཚད་མེད་བྱུང། སླད་མར་ཡང་བསྟན་པ་སྤྱི་ལ་སྨན་པའི་ཕྱག་ལས་གནང་རོགས། ད་ཆ་ང་རང་བདེ་མོ་ཡིན། ཁྱེད་རྣམས་ཐུགས་ཁྲལ་རྩ་བ་ནས་གནང་མི་དགོས། བློ་བདེ་བག་ཕེབས་གནང་རོགས། ཐུགས་རྗེ་ཆེ།