Tuesday, April 25, 2023

ཞང་ཞུང་གི་ངོ་སྤྲོད་ཟུར་ཙམ་གླེང་བ།


          དེ་ཡང་ཞང་ཞུང་ཞེས་པ་ནི་རྒྱལ་ཁམས་ཤིག་གི་མིང་ཡིན་ཞིང་། ཞང་ཞུང་རང་སྐད་དུ་ཞང་ནི་ལུང་པའམ་ཡུལ་དང་། ཞུང་ནི་བྱ་ཁྱུང་ལ་ཟེར་བས་དེ་ཉིད་བོད་སྐད་དུ་བསྒྱུར་ན་ཁྱུང་ལུང་ངམ་ཁྱུང་ཡུལ་ཞེས་བརྗོད་པ་ཡིན།

          རྒྱལ་ཁམས་འདི་ཉིད་ཀྱི་ས་ཁྱོན་ལ་སྒོ་ཕུག་བར་གསུམ་ཞེས་སྡེ་ཚན་གསུམ་དུ་ཡོད་པ་ཡིན་ཞིང་། ཐོག་མར་ཞང་ཞུང་ཕུག་པ་ནི་གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་རྒྱལ་བ་གཤེན་རབ་མི་བོའི་འཁྲུངས་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་དེ་ཉིད་ཡིན། ཞིང་ཁམས་འདི་ལ་ཕྱི་ནང་བར་མཐའི་གླིང་སོགས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་འགྲོ་བ་ཐུན་མོང་གི་སྣང་ངོར་འཆར་དཀའ་བ་ཞིག་ཡིན།

          ཞང་ཞུང་བར་པ་ནི་གསང་གྲུབ་བསྟན་པའི་མངའ་བདག་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་འཁུངས་ཡུལ་རྒྱལ་མཁར་བར་ཆོད་ཀྱི་སྐོར་རྣམས་ཡིན་ཞིང་། ཡུལ་འདི་ཉིད་གངས་ཏི་སེའི་བྱང་ནུབ་ཕྱི་ཡི་རྒྱལ་ཁབ་ཁག་དང་འདྲེས་མཚམས་རྣམས་སུ་ངོས་འཛིན་སྲོལ་ཡོད།

          ཞང་ཞུང་སྒོ་པ་ལའང་སྒོ་ཕུག་བར་གསུམ་སྟེ། ཕུག་པ་ནི་སྟོད་ཁྱུང་ལུང་གི་སྐོར་དང་། བར་པ་དྭང་ར་རྟ་སྒོའི་སྐོར། སྒོ་པ་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་ཅེས་ཁྱུང་པོ་རི་བོ་རྩེ་དྲུག་གི་སྐོར་སོགས་ཡིན། ཞང་ཞུང་སྒོ་པའི་ས་ཁྱོན་གྱི་སྐོར་ལ། གཡུང་དྲུང་བོན་གྱི་བསྟན་འབྱུང་ལས། ཕྱི་མ་སྒོ་པ་ཞང་ཞུང་དངོས་ཀྱི་ཡུལ། །སྟོད་ན་ཁ་ཆེའི་ཡུལ་མཚམས་སེང་པའི་ཕྱིན། །བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་སྨད། །སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དང་། །ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན། །ཞེས་པས་ཞང་ཞུང་སྒོ་པའི་ས་ཁྱོན་ནི་སྟོད་ན་ཁ་ཆེ་སྟེ་ཀརྴི་མིར་གྱི་མཚམས་མན་ཆོད་དང་། བྱང་ནས་ཧོར་ཞེས་སོག་པོའི་སྡེ་མཚམས་ཚུན་ཆད། སྨད་ནས་སུམ་པ་གླང་གི་གྱིམ་ཤོད་དེ་ཁྱུང་པོ་རི་བོ་རྩེ་དྲུག་ཡན་ཆོད། ལྷོ་རྒྱུད་རྒྱ་གར་དང་བལ་པོའི་ཡུལ་ཁམས་ཞེས་དེང་རྒྱ་གར་གྱིས་དབང་བསྒྱུར་བའི་སྟོད་ལ་དྭགས་ནས་སྨད་མོན་རྟ་དབང་ཚུན་ཆད་ཧི་མ་ལ་ཡའི་རི་རྒྱུད་ཐམས་ཅད་ཞང་ཞུང་སྒོ་པའི་མངའ་ཁོངས་སུ་གཏོགས་པ་ཡིན།

          དེ་ལྟའི་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཤེས་རིག་གོམས་སྲོལ་དང་སྐད་ཡིག་རིག་གཞུང་སོགས་ནི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་དང་དེའི་སྲས་བརྒྱུད་པ་དང་བཅས་པས་གཏན་ལ་ཕབ་པའི་འདི་ཕྱི་ཀུན་དགའི་གཞི་རྩ་གཡུང་དྲུང་གི་བོན་རིན་པོ་ཆེའི་བཀའ་དང་བཀའ་བརྟེན་རྣམས་ཀྱི་དགོངས་དོན་ལ་ལོངས་སུ་སྤྱད་ནས་ཉམས་སུ་ལེན་རྒྱུ་སོགས་ཡིན། ཡོངས་གྲགས་སུ་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་སོགས་ཀྱིས་རྒྱལ་སྲིད་བསྐྱངས་ནས་རྒྱལ་ཁམས་ཡོངས་སུ་རྒྱལ་གཤེན་བསྟན་པ་མཉམ་ཆགས་སུ་གྱུར་པ་ཡིན།

          ཕྱི་ལོའི་དུས་རབས་བདུན་པ་ནས་བཟུང་བོད་གངས་ཅན་ཞིང་དུ་ཐུབ་བསྟན་དབུ་བརྙེས་པ་ནས་བཟུང་ཐུན་མིན་ཞང་བོད་ཀྱི་ཤེས་རིག་གོམས་སྲོལ་ལ་ཉམས་དམས་སུ་བཏང་སྟེ། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞང་རྒྱལ་ལིག་མིན་རྐྱ་གཡོ་ཐབས་ཀྱིས་བཀྲོངས་ནས་ཞང་ཞུང་གི་རྒྱལ་ཁམས་ཁ་འཐོར་དུ་བཏང་བ་དང་། ཞང་བོད་ཀྱི་ལྗོངས་སུ་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ལོངས་སྤྱོད་མི་ཆོག་པའི་ནུས་སྟོབས་ཀྱང་བེད་སྤྱད་མྱངས་བ་ཞིག་ཡིན།

          འོན་ཀྱང་ཕན་བདེའི་གཞི་རྩ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་བདེན་དོན་ལ་འགྱུར་བ་མེད་པར་བརྟེན། ད་བར་དུ་གཡོ་འཕྲུལ་དང་བཙན་ཤུགས་གང་གིས་ཀྱང་རྩ་བ་ནས་བསྣུབས་མ་ཐུབ་པ་མ་ཟད། དེར་བོད་རིག་པའི་ཞིབ་འཇུག་པ་ཚོས་སྔོན་བྱུང་དཀའ་ཚེགས་བརྒྱུད་རིམ་ཁག་ལ་དམིགས་བསལ་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

          རང་རེ་བོན་སྒོར་ཞུགས་པའི་རྒན་དར་གཞོན་གསུམ་ཀུན་གྱིས་ཞང་ཞུང་གི་ཤེས་རིག་དང་གོམས་སྲོལ་བརྒྱུད་འཛིན་བྱ་དགོས་ཤིང་། ལྷག་ཏུ་བལ་ཡུལ་གྱི་རྒྱལ་ཁམས་འདི་ཉིད་ཀྱང་ཞང་ཞུང་གི་ཡུལ་ལུང་བཀྲུས་ན་མ་དག་པ་ཞིག་ཡིན་པས་ཡུལ་མི་ཀུན་གྱིས་རང་རེའི་ཕ་མེས་ཀྱི་སྐོར་ཤེས་རྟོགས་དགོས་རྒྱུ་གལ་ཆེ་གལ་ཆེ་དོན་ཆེན་ལ་བསམ་ནས་ངོ་སྤྲོད་ཟུར་ཙམ་ཞིག་ཞུས་པ་ཡིན།

བལ་ཡུལ་བོན་དགོན་ཁྲི་བརྟན་ནོར་བུ་རྩེའི་ཞབས་ཞུ་བ་རྒན་ཆེན་དཔལ་འབྱོར་ནོར་བུ་ལགས་ཀྱི་རེ་སྐུལ་ལྟར་ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༩ ཉིན་བྲིས།

Friday, January 27, 2023

དྲན་གསོ་བདུད་རྩིའི་སྨན་ཆར།

དགེ་བཤེས་སྨོན་ལམ་མཐར་ཕྱིན། (སྨན་རིའི་གླིང་།)

བསྟན་པའི་བདག་པོ་གཤེན་རྒྱལ་གྱི། །

བསྟན་དོན་བརྒྱད་ཁྲི་བཞི་སྟོང་ལས། །

བསྟན་པའི་དཔྱད་རྒྱུད་ཉི་ཁྲི་ཡི། །

བསྟན་འཛིན་རིམ་བྱོན་རྣམས་ལ་འདུད། །