དགེ་བཤེས་སྨོན་ལམ་མཐར་ཕྱིན། (སྨན་རིའི་གླིང་།)
བསྟན་པའི་བདག་པོ་གཤེན་རྒྱལ་གྱི།
།
བསྟན་དོན་བརྒྱད་ཁྲི་བཞི་སྟོང་ལས། །
བསྟན་པའི་དཔྱད་རྒྱུད་ཉི་ཁྲི་ཡི། །
བསྟན་འཛིན་རིམ་བྱོན་རྣམས་ལ་འདུད། །
མདོ་ཁམས་ཁྱུང་སེར་སྟོད་ཀྱི་ཆར། །
མི་རབས་མི་རྒྱུད་མ་ཆད་པར། །
དཔྱད་བུའི་འོད་སྣང་འཕྲོ་མཐུད་པའི། །
རག་ཤི་ཚང་ནི་རྒྱུད་འཛིན་ཕུལ། །
དེ་ལྟའི་རིགས་བཟང་དྭངས་མའི་ངོགས། །
ཤར་བའི་ཚུལ་ཁྲིམས་སངས་རྒྱས་ཉིད། །
ཆུང་ནས་དགེ་ལ་འདུན་བརྩོན་དང་། །
འགྲོ་ཕན་རྒྱུད་བརླན་དམ་པའི་གཤིས། །
བདུད་རྩི་སྨན་དཔྱད་གཞུང་ལུགས་དང་། །
ལག་ལེན་ཟུང་ལ་དཔྱིས་ཕྱིན་ནས། །
དུས་མིན་ནད་མནར་འགྲོ་རྣམས་ཀྱི། །
གདུང་བ་སེལ་བའི་ཁུར་ཆེན་བཞེས། །
བར་སྐབས་དུས་འཚུབ་དྲག་རླུང་ཁྲོད། །
སྒོ་གསུམ་ངལ་དུབ་རྒྱང་དོར་ནས། །
གཞན་ཕན་ཁུར་ཆེན་ལྷུར་བླངས་ཏེ། །
ཉམ་ཆུང་དུ་མའི་ཚེ་སྲོག་བསྐྱབས། །
དུས་བཟང་འོད་སྣང་འཕྲོས་པ་དང་། །
ལེ་དབར་ཁྲི་སྟོང་ཚེགས་བཅད་དེ། །
མཁན་སློབ་ཉི་ཟླ་ཟུང་གི་དྲུང་། །
གདམས་དོན་བདུད་རྩིའི་བགོ་སྐལ་བླངས། །
ཉམས་དང་རྟོགས་པས་རྒྱུད་གཏམས་ཤིང་། །
སྔར་སྲོལ་འབུལ་བཞིར་བྱན་ཆུད་པའི། །
འགྲོ་ཕན་གསོ་རིག་སློབ་གྲྭའི་སྲོལ། །
ས་མཐར་གཏོད་པའི་སྲོལ་འབྱེད་ཉིད། །
བླ་མའི་བཀའ་དང་འགལ་མ་མྱོང་། །
ཐུན་བཞིའི་ངང་ལས་གཡེལ་མ་མྱོང་། །
སྨན་ཡོན་ཟེར་བ་བཞེས་མ་མྱོང་། །
མཁས་པའི་ང་བོས་དྲེགས་མ་མྱོང་། །
སྡོམ་གསུམ་འགལ་མེད་དྲང་སྲོང་དངོས། །
ཉམ་ཆུང་ཚུགས་ཐུབ་ལྷ་རྗེ་དངོས། །
དམ་ཚིག་སླད་མེད་མཆེད་གྲོགས་དངོས། །
སྐུ་ཉིད་དྲན་གསོའི་སྨན་ཆར་དངོས། །
ཐ་ཚན་མུ་ཙུག་སྨར་རོ།། །།
དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་དགེ་རྒན་དམ་པ་རག་ཤི་ཚུལ་ཁྲིམས་སངས་རྒྱས་མཆོག་གི་རྗེས་དྲན་ཆེད་དེབ་ནང་བྲིས་པའི་རྩོམ་ཐུང་ཞིག་ཡིན།
No comments:
Post a Comment