Friday, February 17, 2017

གྲུབ་དབང་རྡོ་རྫོང་རིན་པོ་ཆེ།

༄༅། །བོད་གངས་ཅན་ཞིང་གི་བསྟན་སྲིད་མི་རིགས་དང་བཅས་པར་གོད་ཆག་ཆེན་པོ་འཕྲད་དེ་མི་ལོ་ ༥༧ ལྷག་བཙན་བྱོལ་དུ་གནས་དགོས་གྱུར་པའི་རིང་། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་ཐུགས་སྣང་གཤིས་ཤིང་། སྐྱིད་སྡུག་གི་ལོ་ཟླ་མང་པོ་མཉམ་ཁུར་གནང་མཁན། དོན་བརྒྱུད་དཔལ་ལྡན་འབྲུག་པའི་སྐྱེས་ཆེན་དམ་པ། གྲུབ་དབང་རྡོ་རྫོང་རིན་པོ་ཆེ་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ཚེས་ ༡༦ ཉིན་དགོངས་པ་ཞི་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་སྒོ་གསུམ་མི་ཕྱེད་གུས་འདུད་དང་བཅས་རིན་པོ་ཆེ་མཆོག་གི་གསང་གསུམ་མཛད་པའི་འཕྲིན་ལས་མཐའ་དག་རྗེས་སུ་དྲན་པའི་ངོས་ནས། ཁོང་གི་སྲས་ཀྱི་ཐུ་བོ་རྒྱལ་བ་མདོ་ཁམས་སྐུ་ཕྲེང་དགུ་པ་ངེས་དོན་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་གིས་དབུས། གདན་ས་ཁམས་པ་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དང་། རྡོ་རྫོང་དགོན་ཐུབ་བསྟན་མདོ་སྔགས་རབ་རྒྱས་ཆོས་འཁོར་གླིང་སོགས་གཞིས་བྱེས་ཀྱི་གདན་ས་གྲྭ་ཚང་ཁག་ཏུ་བཞུགས་པའི་རྟོགས་ལྡན་རྣལ་འབྱོར་དང། མཁན་བླ་དགེ་བཙུན་སོགས་བུ་སློབ་འཁོར་ཚོགས་དང་བཅས་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རིན་པོ་ཆེ་མཆོག་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་བཅས། བོད་མི་མང་གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ ༢༠༡༧ ཟླ་ ཚེས་ ༡༧ ལ།།

Wednesday, February 15, 2017

སྣར་སྐྱིད་ངག་དབང་དོན་གྲུབ།


༡༩༣༡-༢༠༡༧
༄༅། །ཉེ་ཆར་ཕྱི་ལོ་ ༢༠༡༧ ཟླ་ ཚེས་ ༡༣ ཉིན་དེ་སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩེ་ཡིག་ཚང་གི་ལས་ཁུར་གནང་མྱོང་མཁན་དང་། བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་དང་ཚོགས་དྲུང་ལས་ཁུངས་གཉིས་ཀྱི་དྲུང་ཆེ་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་འདས་གྲོངས་སུ་ཕྱིན་རྗེས་ཁོང་ལ་རྗེས་དྲན་དང་། ཁོང་གི་སྐོར་རྩོམ་ཐར་རེ་ཐོར་རེ་འབྲི་མཁན་གང་འཚམས་ཞིག་བྱུང་དང་འབྱུང་བཞིན་འདུག་པ་ལྟར། ཁོ་བོས་ཀྱང་ཁོང་དང་འབྲེལ་འདྲིས་ཀྱི་བརྒྱུད་རིམ་དང་ཁོང་གིས་ཆེད་དུ་བྲིས་པ་དང་། ཕྱོགས་བསྒྲིགས་གནང་བ་སོགས་ཀྱི་དེབ་ཁག་ཅིག་ངོ་སྤྲོད་བྱེད་འདོད་བྱུང་། ཁོ་བོ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སློབ་གཉེར་བྱེད་བཞིན་པའི་གནས་སྐབས་ནས་ཁོང་གི་ལོ་རྒྱུས་དང་། ཁོང་གིས་གཏམ་བཤད་གནང་བ་སོགས་ཀྱི་སྐོར་ཁག་ཅིག་བརྒྱུད་ལམ་སོགས་ནས་ཤེས་རྟོགས་བྱུང་བ་དང་ཁོང་གི་སྐོར་ལ་དོ་སྣང་ཕྲན་བུ་བྱེད་མྱོང་།

Friday, February 3, 2017

རྒན་གཞོན་བར་གྱི་གྲོས་བསྡུར་ཉུང་ངུ་།



སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།
༄༅། །འདིར་ལོ་རྒན་དང་གཞོན་ནུ་གཉིས་ཀྱི་གྲོས་བསྡུར་ཉུང་ངུ་ཞིག་ལ། དེང་སང་གི་དུས་འདིར་འཛམ་གླིང་འདི་ན་རྣམ་པ་དཀར་བའི་མཐུན་རྐྱེན་ཇེ་ཉུང་དང་། གཡེང་བའི་མཐུན་རྐྱེན་ཇེ་མང་དུ་འགྲོ་བའི་སྐབས་རེད་འདུག །དེ་ལས་ཞིབ་འཇུག་གི་ལས་ཟེར་བ་སྔོན་གྱི་ཆག་ཡས་སོང་བའི་རྫ་ཆས་དང་། རོ་ཆས་དུར་ས་ཐམས་ཅད་ཡར་བསློགས་ནས་རྒྱུ་མཚན་ཚད་མ་འཛིན་ས་བྱེད་པའི་དུས་རེད་འདུག ངེད་བོན་ལུགས་ཀྱི་ཡིག་ཆ་ཁྲོ་ཕུར་ཞང་གསུམ་སོགས་ཀྱི་རྒྱུད་ཁུངས་ལ་ལྟ་རྟོགས་ཤེས་མཁན་ཞིག་ཡོད་པ་ཡིན་ན་བོན་ཁུངས་ལོ་རྒྱུས་ཐབས་སྐྱོ་པོ་རྫ་ཆག་རུས་ཆག་ལ་རྒྱུ་མཚན་བརྟེན་མི་དགོས་པ་ཐག་ཆོད། མ་ཟད་ཉེན་ཁ་ཆེ་ཤོས་ལོ་ཆུང་ན་གཞོན་རྣམས་ཀྱི་བསམ་སྦྱོར་ལ་བལྟས་ན་ཤིན་ཏུ་འགྱུར་སླ་བ། སེམས་ཡང་བ། གསར་འགྲོགས་ཆེ་བ། རྒན་རིགས་དང་གནའ་ལུགས་ལ་སྨ་འབེབ་ཅིང་རྩོག་པར་བལྟ་བ། འདི་ལྟར་བལྟ་བའི་མི་ལ་ཅུང་ཙམ་དོགས་ཟོན་བྱེད་དགོས་པར་མཐོང་སྟེ། འདི་རྣམས་ཀྱི་བསམ་སྦྱོར་ལོག་ལམ་དུ་ཕྱིན་ཟེར་བ་དེ་རེད།