Tuesday, March 2, 2021

༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་གསུང་བྱིན་ཅན།

གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་སྐབས་བཅུ་གཅིག་པའི་དགེ་བཤེས་
 མཛད་སྒོའི་སྐབས་གསུངས་པའི་བཀའ་སློབ། དང་པོ།
(ཕྱི་ལོ་ ༢༠༢༡ ཟླ་ ༠༢ ཚེས་ ༢༨ ཉིན།)

༄༅། །དེ་རིང་ཁྱེད་རྣམ་པས་མཚན་རྟགས་བཞེས་རྒྱུ་བྱུང་བ་སྐལ་པ་བཟང་པོ་རེད། ང་ཚོ་གཅིག་བྱས་ན་ནི་ནད་མུག་མཚོན་འཁྲུག་གི་ནང་ལའང་དུས་སྐབས་འདི་འདྲ་ཞིག་ཚེས་པ་དེར་ང་རང་གིས་བསམ་པ་ལ་ཧ་ལས་པའི་སྐལ་པ་བཟང་པོ་ཡག་པོ་རེད་བསམ་གྱིན་ཡོད། གཡས་གཡོན་ཚང་མ་ནས་ནད་ན་ཚས་གང་འདྲས་མནར་གྱིན་འདུག རྒྱལ་ཁབ་ཐམས་ཅད་ལ་བདེ་དང་མི་བདེ་ཅི་རིགས་སྣ་ཚོགས་རེད། དེའི་གསེང་ལ་ང་ཚོ་ཚང་མ་དེ་ལ་རང་རང་གིས་བསམ་པ་ནང་བཞིན་དུ་ཐོས་པ། བསམ་པ། སྒོམ་པ། སྒྲུབ་པ་ཚང་མ་ཆ་ཚང་བ་ཞིག་སོང་བསྡད་པ་རྐྱང་རྐྱང་རེད། དེ་ལོ་གཅིག་མ་རེད། གཉིས་མ་རེད། ལོ་གྲངས་མང་པོ་དེ་ག་ཞིག་ལ་འོ་བརྒྱལ་གནང་ཚར་བ་རེད། ད་ཕན་ཆད་ལ་དུས་སྐབས་འདི་ལ་བསམ་བློ་གཏོང་ནས་ད་སྔོན་དཀའ་ལས་ག་ཚད་བརྒྱབ། ལོ་གྲངས་ག་ཚད་ལ་དཀའ་བ་སྤྱད། ལུང་པ་མི་གཅིག་ས། སྐད་མི་གཅིག་ས། འདི་ན་བསྡད་དེ་རང་རང་གི་ལུང་པ་རྒྱབ་ཏུ་བསྐྱུར་ནས་འདི་འདྲ་ཞིག་བྱུང་བ་རེད། འདི་གཅིག་བྱས་ན་དུས་སྐབས་ངན་པ་ཞིག་བྱུང་བ་རེད། གཉིས་བྱས་ན་སྣ་སུག་ལོག་ནའང་དབང་ཕྱུག་(ཨོང་སུག་)བཅའ་ཟེར་བའི་ཚབ་པོ་རེད། དེ་འདྲའི་དུས་ཡག་པོ་ཞིག་རེད། དུས་སྐབས་འདིའི་ནང་ལ་རྐྱེན་ཆག་སྒོ་མ་བྱུང་། ནད་ན་ཚས་ལྷག་པར་མནར་སོང་བ་དང་། འཐུས་ཤོར་སོང་བ་དེ་འདྲ་ནི་མ་རེད། གཡུང་དྲུང་བོན་ལ་སྦྱང་རྒྱུ་ཡོད་པའི་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། མདོ་སྔགས་སེམས་གསུམ། རིག་གནས་དང་བཅས་པ་དེ་ཚང་མས་མ་གོ་ལབ་རྒྱུ་མེད་པ་བྱུང་ཚར་བ་རེད། དེ་ལ་བསམ་བློ་གཏོང་ནས་ད་ཕན་ཆད་རང་རང་གི་མི་ཚེ་འདི་ཁྲོག་རླག་མ་སོང་བ་ཞིག་དང་། མུ་མཐུད་ནས་འདི་ལ་བསྙེན་སྒྲུབ་ལས་སྦྱོར་གནང་རྒྱུར་བསམ་བློ་གཏོང་དགོས་རེད། སྒྲུབ་པ་བྱ་རྒྱུ་ལྷག་བསྡད་ཡོད་རེད། ད་སྔོན་ཐོས་པ་བྱུང་བ་རེད། བསམ་པ་རེད། དེ་གཉིས་ཀྱི་བར་ཐ་ཞིག་རེད། ད་དུང་ཚང་མས་ལག་ལེན་བྱེད་དུས་གང་འདྲ་བྱེད་དགོས་འདུག ཚང་མས་རིག་ཙམ་རིག་ཙམ་ནི་བྱས་ཡོད་རྒྱུ་རེད། དེ་འདྲ་ཡིན་དུས་དེ་མུ་མཐུད་ནས་མི་ཚེ་ག་ཚད་ཡོད་པ་དེ་ལ་རང་རེད། གཞན་རེད། ཚང་མ་ལ་ཕན་ཕྱིར་རེད། ཚང་མས་ཐུགས་བསམ་ཡག་པོ་བཞེས་ནས་མི་ཚེ་མཐའ་རུ་ཕྱིན་པ་ཞིག་གནང་རོགས་གྱིས་ཞུ་རྒྱུ་ཡིན། 

དེ་ངས་གལ་ཆེ་ཤོས་ཞུས་པ་ཡིན། དེ་ག་རེ་རེད་ཟེར་ན། འདིར་བཞུགས་བསྡད་པའི་བླ་མ་དགེ་བཤེས་རྣམ་པ་དང་། དབུ་བཞུགས་རྣམ་པས་བཀའ་དྲིན་ཆེན་པོའི་སྒོ་ནས་ཅི་བྱེད་ཀྱིན་འདུག རྒྱལ་ཁབ་གཞན་པ་སུ་དང་གང་ཡིན་ནའང་ཚང་མས་དགེ་རྒན་ཐམས་ཅད་ལ་སློབ་ཡོན་འབུལ་དགོས་འདུག གྲ་སྒྲིག་བྱེད་དགོས་འདུག མཐུན་རྐྱེན་ག་ཚད་བསྒྲུབ་དགོས་འདུག ང་ཚོ་ཚང་མ་ལ་ཡིན་ཤག་ཤག་བྱེད་ནས་ཕར་འགྲོ་ནས་ག་རེ་བྱེད་ཀྱི་ཡོད་ལབ་ནས་ཕར་འདྲི་འདུག་ཀྱིན་ཡོད་རེད། ཉན་གྱི་ཨི་འདུག་ལབ་ནས་ཕར་འདྲི་འདུག་ཀྱིན་ཡོད་རེད། གཅིག་བྱས་ན་མཐུན་རྐྱེན་ཡག་པོ་རེད། གཉིས་བྱས་ན་ངེད་ཚོ་གྲྭ་ས་འདྲ་མོས་དཀའ་ལས་ཆེན་པོ་དཔེ་བརྒྱབ་བཞག་ཡོད་རེད། དེ་འདྲའི་མཐུན་རྐྱེན་སྒྲུབ་མཁན་ཡོད་མ་རེད། ཡིན་ན་དེའི་ནང་ནས་ཚར་ལོངས་བྱུང་བསྡད་པ་ཐམས་ཅད་དེ་གཞན་དང་འདྲ་བའི་ནང་ནས་མི་འདྲ་བ་ཞིག་ཡོད་པ་རེད། ཚང་མས་ཐུགས་སེམས་ཡག་པོ་བཞེས་རོགས་གྱིས། རང་རེད། གཞན་རེད། རང་གི་འདོད་དོན་ནང་བཞིན་བྱས་པ་ཡིན་ན་ཕྱི་ཡི་རྒྱལ་ཁབ་རེད། ནང་གི་འགྲོ་སྟངས་རེད། ག་རེ་བཤད་ན། འཛམ་བུ་གླིང་འདིའི་ནང་ལ་ཁྱེད་རྣམ་པ་ཚང་མ་དེ་ས་བོན་འདྲ་མོ་ཞིག་བཟུང་ནས་བསམ་བློ་བཏང་། སོན་རྩ་འདྲ་མོ་འཛུག་རྒྱུ་དེ་བོད་ཁ་བ་ཅན་གྱི་ཞིང་ཁམས་དེ་ན་ཨི་ཡོང་བསམ་ནས་ངའི་རེ་བ་རྩ་བ་ནི་དེ་ཡིན། ཚང་མས་ཐུགས་སེམས་དེ་བཞེས་རོགས་གྱིས། རྒྱལ་ཁབ་རེད། འགྲོ་སྟངས་རེད། ཚང་མ་ཧ་གོ་རྒྱུ་མ་རེད་ཀྱང་ཡག་པོ་བྱུང་ན་ནི་ཚང་མས་ཐུགས་སེམས་བཞེས་ནས་བོད་ཡུལ་ཁ་བ་ཅན་གྱི་ཞིང་ཁམས་དེ་ན་ཕར་བསླེབས་ནས་ང་དང་ཁོ་མེད་པར་བྱེད། ཚང་མས་རང་རང་གི་རྒྱུད་ལ་ཡོད་པའི་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་པ་ག་རེ་ཡོད་པ་དེ་གཞན་ལ་འཕོ་ཐུབ་པ་ཞིག་བསམ་བློ་གཏོང་རོགས་གྱིས་ཞུ་རྒྱུ་ཡིན། རྒྱལ་བ་མཉམ་མེད་ཆེན་པོའི་བསྟན་པ་རྗེས་སུ་འཛིན་པའི་དོན་དག་དེ་རེད། ཚང་མ་ལ་དེ་འདྲ་ཞུ་རྒྱུ་ཡིན། 

འཛམ་གླིང་གཞན་པ་འདྲ་ཞིག་ལ་བསམ་བློ་བཏང་ན། སྣ་ཁ་རེ་རེ་ལ་ང་ཡིན་ཁོ་ཡིན་ཟེར་ནས་གཅིག་བྱས་ན་དོན་དག་རྩོད་པ་བྱེད་ཆེད་ཅིག་ཡོང་གི་འདུག གཉིས་བྱས་ན་མིང་བོས་བསྡད་པ་ཡིན་ན་སེམས་པ་དེ་དགའ་པོ་འདྲ་བོ་ཞིག་རེད། སྔར་དང་མི་འདྲ་བར་ད་ལྟ་འདྲ་མོ་ཞིག་ཡིན་ན་ལག་པ་བརྐྱངས། རྐང་པ་བརྐྱངས། གཡུང་དྲུང་བོན་ཡིན་ཟེར་དུས་སུ་དང་གང་གིས་ཐུ་ལུད་འཕེན་ས་མ་ཡིན་པ་དེ་འདྲ་ཞིག་བྱུང་ཡོད། དེ་འདྲ་ཞིག་བྱུང་དུས་དེ་ལ་མགོ་འཁོར་རྒྱུ་མི་འདུག གཡུང་དྲུང་བོན་ལ་ཆ་ཚང་བ་དེ་ག་རེ་ཡོད་རེད་ཟེར་ན། མདོ་ཡོད་རེད། སྔགས་ཡོད་རེད། རྫོགས་ཆེན་ཡོད་རེད། དེ་གསུམ་པོ་དེ་ག་ཚད་ཐུབ་ཐུབ་འདི་བྱེད། འདི་མི་བྱེད་ལབ་རྒྱུ་མེད་པ་ཞིག་གི་ལམ་ལ་བཞག་ཡོད་རེད། དེ་ག་ཚད་ཐུབ་ཐུབ་རང་རང་གི་རྒྱུད་ལ་འཇགས་ཐབས་ཤིག་དང་། གཞན་གྱི་རྒྱུད་ལ་འཇོག་ཐབས་ཤིག མཐུན་རྐྱེན་བྱུང་ན་བོད་ཡུལ་ཁ་བ་ཅན་གྱི་ཞིང་ཁམས་དེ་ན་འཇོག་ཐུབ་དགོས་རེད། དེ་ག་རེ་རེད་ཟེར་ན། སྔར་ནས་ད་བར་དུ་རྒྱལ་བ་རིག་འཛིན་ཐམས་ཅད་ཚང་མས་ཐུགས་བསྐྱེད་སྨོན་ལམ་རེད། ག་རེ་ཡིན་ན་ཆགས་ས་གནས་ས་ཞིག་ཡོང་ས་རེད་བསམ་བསམ་རེད། དེ་མིན་པ་ཐམས་ཅད་ལ་མིང་ཙམ་མིང་ཙམ་ད་ལྟ་མ་རེད་བར་མིང་མ་བོར་བ་ཙམ་བྱུང་ཡོད་རེད། ཡིན་ན་བསྟན་པ་གྲུབ་མཐའ་དེ་ཆ་ཚང་བ་ཞིག་ཡོད་ཟེར་རྒྱུ་དེ་དཀའ་ལས་ཁག་པོ་རེད། ཚང་མས་ཐུགས་སེམས་ཡག་པོ་བཞེས། གཡས་གཡོན་ག་རེ་བྱེད་ཀྱིན་འདུག ཚང་མས་སྐྱིད་སྡུག་མང་པོ་ཞིག་གོ་ཚར་ཡོད་རྒྱུ་རེད། དེ་ཐུགས་ལ་ཡག་པོ་ཞིག་འཇོག་རོགས་གྱིས། ད་མ་འོངས་པ་ལ་བསམ་བློ་ཡག་པོ་ཞིག་གཏོང་ནས་འདི་ནས་ཕར་སོང་ཚར་དུས་ཚོང་རྒྱག་རྒྱུ་དང་། དཔལ་འབྱོར་ལ་བསམ་བློ་རྩ་བ་ཉིད་ནས་མ་བཏང་རོགས་གྱིས་ཞུ་རྒྱུ་ཡིན། རང་གཞན་ཚང་མས་ལོ་མང་པོ་དེ་འདྲ་ཞིག་ལ་དཀའ་ལས་དེ་འདྲ་བ་ཞིག་བརྒྱབས་ཚར་བ་རེད། རང་གིས་དཀའ་ལས་བརྒྱབས་རེད། གཞན་གྱིས་དཀའ་ལས་བརྒྱབས་རེད། ངེད་ཚོ་མཐུན་རྐྱེན་གྲུབ་མཁན་ཚང་མ་དེ་ལས་སླ་པོ་ཞིག་མ་རེད། འདི་ལ་ཚང་མས་བསམ་བློ་གཏོང་རོགས་གྱིས། དེ་ཞུ་རྒྱུ་ཡིན།  

གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་

དབང་པོ་མཆོག་གིས་སྐབས་བཅུ་གཅིག་པའི་དགེ་བཤེས་

མཛད་སྒོའི་སྐབས་གསུངས་པའི་བཀའ་སློབ། གཉིས་པ།

(ཕྱི་ལོ་ ༢༠༢༡ ཟླ་ ༠༢ ཚེས་ ༢༨ ཉིན།) 

འོ་ཡ། དེ་རིང་མ་གཏོགས་ངེད་ཚོ་དགོན་པ་ནད་ན་ཚ་ལ་སྐྲག་ནས་ (locdown) ཟེར་ནས་ཚང་མ་སྒོ་བརྒྱབ་ཡོད་རེད། དེ་ཅི་རེད་ཟེར་ན། ཚང་མས་སྲོག་པ་ཕོང་གི་ཡོད་རེད། དེ་ལ་ཕོངས་ནས་རང་དང་གཞན་ཚང་མ་ལ་འབོད་སྐུལ་བཏང་ནས་གཟབ་གཟབ་བྱེད་རོགས་གྱིས་ཟེར་ནས་སྐུལ་མ་དེ་བྱེད་ཀྱི་ཡོད་རེད། དེ་བྱེད་དགོས་པ་ཅི་རེད་ཟེར་ན། འཛམ་བུ་གླིང་གི་རྒྱལ་ཁབ་ཚང་མ་ལ་ག་རེ་ཡོང་གི་འདུག རྐྱེན་ཆག་སྒོ་ག་ཚད་ཡོང་གི་འདུག་པ་དེ་ཉི་མ་རེ་རེ་བཞིན་དུ་ནད་ན་ཚ་མནར་བསྡད་པ་གྲངས་ཀ་བརྩིས་ནས་སྟོང་ཕྲག་དང་སྟོང་ཕྲག་གི་སྐད་ཆ་བཤད་ཀྱིན་འདུག རང་རང་སོ་སོའི་ཡུལ་ལུང་པ་ལ་བལྟས་ན་དེ་རིང་དེ་རིང་དང་། སང་ཉིན་སང་ཉིན་ལ་ན་རྒྱུ་ཚ་རྒྱུ། ཤི་རྒྱུ། དེ་འདྲ་མང་པོ་ཞིག་ཡོང་གི་འདུག དེའི་ནང་ནས་མི་འདྲ་བ་ཞིག་ལ་ལྷ་དཀོན་མཆོག་གིས་སྐྱབས་བསྡད་པ་ཞིག་ཡིན་དུས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱུད་ལ་ཡོད་མཁན་ཚང་མ་དེ་ལ་འདྲ་འདྲ་ནང་ནས་མི་འདྲ་བ་ཞིག་བྱུང་བསྡད་པ་དེ་འདྲ་གོ་གི་འདུག རིག་གི་འདུག ད་དུང་མུ་མཐུད་ནས་ཚང་མས་སྐྱབས་འགྲོ་གྱིས། སེམས་བསྐྱེད་གྱིས། མི་མང་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་དུང་གཟབ་གཟབ་གནང་རོགས་གྱིས་ཞུ་རྒྱུ་ཡིན། 

ལྷག་པར་དུ་ད་ལན་ལབ་རྒྱུ་དེ་ལ། འདི་ན་འདུས་སྡེ་རྒྱ་ཆེན་པོ་ཞིག་ཡོང་དགོས་ན་ང་ཚོའི་གནས་སྐབས་ཀྱི་མཐུན་རྐྱེན་རེད། གང་ས་ཅི་ཐད་ནས་ཡོང་གི་མ་རེད་ཀྱང་། ཡིན་ན་ཡོད་ཚོད་ཙམ་འདུས་བསྡད་པ་ཡིན་དུས་ཚང་མ་ལ་ངས་ཞུ་རྒྱུ་དེ་ལ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་རྒྱུད་ལ་ཡོད་ཚར་རྗེས་ལ་ཚེ་འདི་དང་། ཕྱི་མ་ལ་སངས་རྒྱས་ཀྱིས་གསུངས་བཞག་པའི་ཚིག་གཅིག་མ་གཏོགས་མེད་ནའང་གསུང་ས་དེ་དང་། གོ་མཁན་དེའི་རྒྱུད་ལ་ཕན་ཐོགས་བྱེད་ཅིག་མ་གཏོགས་འགྲོ་ཡི་མ་རེད། དེ་འདྲ་ཡིན་དུས་སངས་རྒྱས་ཀྱི་བསྟན་པ་དེ་ལ་ཡག་སྡུག་མང་པོ་ཞིག་རྩ་བ་ནས་ལབ་མ་ཤོར་བ་བྱེད་རོགས་གྱིས། ཡག་སྡུག་ལབ་འདུག་རྒྱུ་དེས་རང་རང་སོ་སོ་ལ་གནོད་པ་རེད། རང་ལ་སྡིག་པ་གསོག་བྱེད་རེད། ག་རེ་བྱས་ནའང་སངས་རྒྱས་ཀྱི་བསྟན་པ་འདི་ལ་ཡག་དང་སྡུག་ལབ་རྒྱུ་ཡོད་མ་རེད། ཐེག་པ་རིམ་པ་དགུ་ཐམ་པ་གསུངས་ཡོད་རེད། དེ་རེ་རེ་བཞིན་དུ་སེམས་ཅན་རེ་རེ་ལ་ཕན་ཐོགས་ཆེད་གསུངས་པ་རེད་མ་གཏོགས་འདི་ཡག་པོ་རེད། འདི་སྡུག་པོ་རེད། དེ་འདྲ་གང་ཡང་གསུངས་ཡོད་མ་རེད། སངས་རྒྱས་ཀྱིས་དེ་གསུང་ཤེས་རྒྱུ་མ་རེད། གསུངས་བཞག་པའི་ནང་ལ་ཡག་སྡུག་བྱས་ན། ཡག་སྡུག་མ་རེད། སེམས་ཅན་རེ་རེ་ལ་ཕན་ཐོགས་ཆེད་དུ་ཐེག་པ་རིམ་པ་དགུ་གསུངས་པ་རེད། དེ་ལ་ཐེག་དམན་ཡོད་རེད། ཐེག་ཆེན་ཡོད་རེད། ཐེག་ཆེན་ནང་ལ་གསང་སྔགས་ཡོད་རེད། མདོ་སྡེ། སེམས་སྡེ། ཅི་རིགས་སྣ་ཚོགས་ཤིག་ཡོད་རེད། དེ་ཚོ་ཐམས་ཅད་རེ་རེ་བཞིན་དུ་སེམས་ཅན་རེ་རེ་ལ་ཕན་ཐོགས་བྱེད་ཅིག་རེད་མ་གཏོགས་འདི་ཡག འདི་སྡུག་ལབ་ནས་ང་ཚོ་སེམས་ཅན་རང་ཁ་མས་དེ་འདྲ་ལབ་ཤོར་དོགས་བྱེད་དགོས་རེད། དེ་མ་གཏོགས་རང་རང་སོ་སོའི་ཚེ་འདི་དང་ཕྱི་མ། བར་དོ་ག་དུས་ཡིན་ན་གནོད་པ་འགྲོ་སྤྱད་ཅིག་མ་གཏོགས་ཕན་ཐོགས་སྤྱད་ཡོང་གི་མ་རེད། དེ་འདྲ་ཡིན་དུས་ཚང་མས་ཡག་སྡུག་ཟེར་བ་དེ་རྩ་བ་ནས་སེམས་ལ་མ་བཞག་པ་བྱེད་དགོས་རེད། འདི་ཡག་པོ་རེད། འདི་སྡུག་པོ་རེད། འདིས་ཕན་པ་རེད། འདིས་གནོད་པ་རེད། དེ་འདྲ་ལབ་ཤོར་དོགས་བྱེད་དགོས་རེད། སངས་རྒྱས་ཀྱི་བསྟན་པ་ཡིན་ཕན་ཆད་ལ་ཚང་མ་ཕན་ཐོགས་བྱེད་ཅིག་མ་གཏོགས་སེམས་ཅན་ལ་གནོད་པ་འགྲོ་ཆེད་ཅིག་རྩ་བ་ཉིད་ནས་གསུང་ཤེས་ཀྱི་མ་རེད། དེ་འདྲ་ཡིན་དུས་ཚང་མས་ཐུགས་ལ་འཇོག་རྒྱུ་དེ་གྱིས། 

ལྷག་པར་དུ་དེང་སང་གི་དུས་ལ་ཕྱི་དང་ནང་། ག་བར་ཡིན་ན་མཐུན་རྐྱེན་ཟེར་ན་འདྲ། འགལ་ཟླ་ཟེར་ན་འདྲ་འདུག ག་རེ་ལབ་ན་མ་ལབ་ན། ཕྱི་དང་ནང་གཉིས་སུ་འདོད་པ་མེད་ནའང་བྱུང་སོང་བ་རེད། ཕྱི་ལ་གནས་མཁན་གངས་རི་འདིའི་མདུན་དང་རྒྱབ་གཉིས་ཀྱི་ཁྱད་པར་རེད། གཅིག་བྱས་ན་ས་ཐག་འགྱངས་པོ་རེད་ཀྱང་སེམས་ཐག་ཉེ་མོ་རེད། ནང་ལ་སྡོད་མཁན་དང་ཕྱི་ལ་སྡོད་མཁན་གཉིས་ཀ་དེ་བོད་ཁ་བ་ཅན་གྱི་མི་རིགས་རྐྱང་རྐྱང་རེད། དེ་ཡིན་དུས་ཚང་མས་ཐུགས་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དང་གཅིག་གྱིས། གཉིས་ནས་ཡིན་ན་ཆོས་ལུགས་སོ་སོ་ལའང་བོད་ཀྱི་ནང་ལ་ཡིན་ན་མི་འདྲ་བ་མང་པོ་རེད། ནང་གི་གྲུབ་མཐའ་རེ་རེ་ལ་ཡིན་ནའང་ཐེག་པ་རིམ་པ་དགུ། ཐེག་ཆེན། ཐེག་དམན་ཅི་རིགས་སྣ་ཚོགས་ཡོད་པ་རེད། གཅིག་ཡག་བ་དང་། གཅིག་སྡུག་དེ་འདྲ་ལབ་ཆོག་རྒྱུ་མ་རེད། ཉན་རྒྱུ་མ་རེད། རུང་རྒྱུ་མ་རེད། སངས་རྒྱས་ཀྱི་བསྟན་པ་དེ་སུ་དང་གང་ཡིན་ན། སེམས་ཅན་རེ་རེ་ལ་ཕན་ཐོགས་བྱེད་ཅིག་གསུངས་ཡོད་རེད། གཅིག་ལ་གསུངས་པ་དེ་སེམས་ཅན་གཅིག་ལ་ཕན་ཐོགས་སྤྱད་ཡིན་ན། དེ་སེམས་ཅན་ཚང་མའི་རྣ་ལམ་ལ་འགྲོ་བ་ཨི་རེད་ཟེར་ན། དེ་འགྲོ་གི་མ་རེད། དེ་འདྲ་ཡིན་དུས་ཐེག་ཆེན་དང་ཐེག་དམན་གཉིས་སུ་དབྱེ་དགོས་པའི་རྒྱུ་མཚན་དེ་ཡང་སེམས་ཅན་རེ་རེ་ལ་ལྟོས་ཏེ། ཕན་ཐོགས་བྱེད་ཅིག་ཡིན་དུས་རེད། སེམས་ཅན་ཐམས་ཅད་བློ་རིག་གཅིག་པ་མ་རེད། བློ་རིམ་པ་མང་པོ་ཞིག་ཡོད་དུས་དེ་ལ་བསྟུན་ནས་སངས་རྒྱས་ཀྱི་བསྟན་པ་དེ་སྤེལ་བཞག་པ་ཞིག་རེད། སངས་རྒྱས་ཀྱི་བསྟན་པ་ཡིན་ཕན་ཆད་ཚང་མ་ལ་ཕན་ཐོགས་བྱེད་ཅིག་མ་གཏོགས་གནོད་པ་འགྲོ་སྤྱད་ཅིག་རྩ་བ་ཉིད་ནས་གསུངས་ཡོད་མ་རེད། དེ་འདྲ་ཡིན་དུས་ཚང་མ་ལ་ཡག་སྡུག་མ་དབྱེ། འདིས་ཕན། འདིས་གནོད། དེ་འདྲ་ལབ་ཤོར་དོགས་གྱིས་མ་གཏོགས་རང་རང་གྱོང་ཁུར་རྒྱུ་རེད། གཞན་ལ་གནོད་པ་ཨི་འགྲོ་མི་འགྲོ་ཧ་མི་གོ། དེ་འདྲ་ལབ་ན་ཞེ་དྲག་གནོད་པ་འགྲོ་སྤྱད་ཅིག་དང་ཕན་ཐོགས་སྤྱད་ཅིག་ཨི་ཡོད་མི་ཡོད་ཧ་མི་གོ། ཡིན་ནའང་དེ་འདྲ་ལབ་ཤོར་དོགས་བྱེད་དགོས་རེད། དེ་རང་རང་སོ་སོའི་དོན་དག་རེད། སྤྱིར་བཏང་ཆོས་ཀྱི་དབང་དུ་བྱས་ན་དེ་འདྲ་རེད། དེ་མིན་རང་རང་སོ་སོའི་འདོད་ཚུལ། གནས་ཚུལ། བསམ་ཚུལ་གྱི་དབང་དུ་བྱས་ན་རང་རང་སོ་སོའི་ལུས་གསོ་སྐྱོང་བྱ་རྒྱུ་དེ་དང་གཅིག་གྱིས། ཟས་ཟ་མ་དང་། འདུག་སའི་གནས་སྐབས་གནས་ཚང་གྱིས། གང་ཡིན་ན་དེ་ཚོ་ཚང་མ་གྲ་འགྲིག་ཙམ་བྱུང་ན། ཚང་མས་ཆོག་ཤེས་བྱེད་རོགས་གྱིས། དེ་རེད་མ་གཏོགས་ཅི་ཡོང་གི་འདུག་ཚང་མས་ཧ་གོ་གོ་ཁ་རེད། བསགས་བསགས་བྱེད། དགྲ་བྱེད། གཉེན་བྱེད། ཡར་བྱེད། མར་བྱེད། དགྲ་འཁྲུག་པ་དང་། སེར་སྣ་འབྱུང་གེགས་མང་པོ་ཞིག་བྱེད། མཐའ་མ་ནམ་གཞུག་ཡོང་རྒྱུ་དེར་ཁ་ཕོར་པ་དང་བཅས་པ་གཡུག་ནས་འགྲོ་དགོས་པ་ཡོང་བ་དེ་སེམས་ཅན་ཚང་མའི་གནས་ལུགས་རེད། དེ་བཞག་ཚར་དུས་ཁོ་རང་ལ་ག་རེ་ཕན་གྱི་རེད་ཟེར་ན། ཅི་གང་ཡང་ཕན་པ་མེད་རེད། ཕན་པ་ཕར་ཞོགས་གནོད་པ་ཞིག་མ་གཏོགས་ཡོང་གི་མ་རེད། མིང་ཆེན་པོ་དང་། སྐད་གྲགས་ཆེན་པོ་དང་། གོ་ས་མཐོ་པོ་སོགས་ག་རེ་མི་དགོས་ག་རེ་བྱས་པ་ཡིན་ན། ཤི་དུས་དབུགས་ཐེངས་གཅིག་གི་དོན་དག་རེད། དེ་ཚར་བའི་རྗེས་སུ་ཕན་ཐོགས་དང་གནོད་པ་བྱས་ན་ཤི་མཁན་ཁོ་རང་ལ་གནོད་པ་མ་གཏོགས་ཕན་པ་ནི་གང་ཡང་ཡོང་གི་མ་རེད། དེ་འདྲ་ཡིན་དུས་ཏོག་ཙམ་ཆོག་ཤེས་ལ་བསམ་བློ་གཏོང་ཤེས་པ་ཞིག་མི་མང་ཚང་མས་སེམས་ལ་འཇོག ཡིན་ཚོད་ཡིན་ཚོད་བྱེད་དེ་རང་རང་སོ་སོའི་ཟས་ཟ་མ་རེད། འདུག་སའི་གནས་སྐབས་རེད། གནས་ཚང་རེད། དེ་འདྲ་ཞིག་འགྲིག་ཚོད་འགྲིག་ཚོད་བྱུང་ན་ཡིན་ཆགས་བྱེད་དེ་ཆོག་ཤེས་གནང་རོགས་གྱིས་ཞུ་རྒྱུ་ཡིན། 

ཆོག་ཤེས་བྱས་ཚར་བའི་རྗེས་ལ་རང་རང་སོ་སོས་གྲུབ་མཐའ་ག་རེ་ལ་ཞུགས་ཀྱིན་ཡོད་ན་དེའི་རྗེས་སུ་འཛིན་ནས་ག་ཚད་ཐུབ་ཐུབ་ཀྱིས་ཕྱག་འཚལ། འདོན་པ་འདོན། སྐོར་ར་རྒྱག སེམས་བསྐྱེད། སྐྱབས་འགྲོ། སྡིག་བཤགས་གང་ཐུབ་ཐུབ་ཅིག་བྱེད་ཀྱིན་ཡིན་ན། རང་རང་སོ་སོས་བསགས་པའི་ལས་སྒྲིབ་བྱང་བ་ལ་དོན་དག་ཆེན་པོ་ཞིག་དེས་འགྲུབ་ཀྱི་རེད། ད་ལྟ་བསགས་བསགས་གསོག་གསོག་བྱེད། དངུལ་གསོགས་ནས་མིང་མི་ཁ་དང་། ཕྱུག་པོ་དེ་འདྲ་ཞིག་བྱུང་ན་ཡང་དེའི་དོན་དག་འདྲ་མོ་དེ་ལ་མཐའ་མ་རང་ལ་འགྲོ་ས་གཅིག་མ་གཏོགས་ཡོད་མ་རེད། ཁབ་དང་སྐུད་པ། ཁ་ཡི་ཕོར་པ་དང་། ཟོས་འཕྲོ་འཐུང་ལྷག་དང་བཅས་པ་ཚང་མ་དེ་གཡུག་ནས་འགྲོ་དགོས་རྒྱུ་དེ་ཚང་མས་ཧ་གོ་གོ་ཁ་རེད། དེ་འདྲ་སོང་ན་རང་ལ་ཅི་ཕན་གྱིན་འདུག་ཟེར་ན། ཕན་པ་ཁབ་ཙམ་མི་དགོས་གནོད་པ་ལ་བསགས་བཞག་པའི་ཉེས་པ་ག་ཚད་ཅིག སྡིག་པ་ག་ཚད་ཅིག ཉོན་མོངས་ག་ཚད་བསགས། དེ་ཚོ་ཐམས་ཅད་ཏོག་ཙམ་ཉུང་དུ་གཏོང་། སྔོན་མ་དེ་འདྲ་ལྷག་བསྡད་པ་ཡོད་ན་ནི་སྡིག་བཤགས་བྱེད། བསམ་བློ་གཏོང་། བསམ་བློ་སྒྱུར་བཅོས་ཏོག་ཙམ་འགྲོ་གིན་ཡིན་ན། དེ་ཕན་ཐོགས་རེད། ངའི་འདོད་ཚུལ་མ་རེད། སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་འཛིན་ནས་ངས་ཁ་བརྡ་འདྲ་མོ་བྱེད་ཀྱིན་ཡོད་རེད། ཚང་མས་ཐུགས་ལ་འཇོག་རོགས་གྱིས། རང་གཞན་ཚང་མས་ཆོས་དགེ་བ་བྱེད་སྟངས་རེད། འདི་རེད། འདི་བཟང་། འདི་ངན་ལབ་མ་ཤོར་བར་བྱེད། སུ་དང་གང་ཡིན་ན་ཕན་སེམས་བྱེད། དེ་འདྲ་བྱས་པ་ཡིན་ན་རང་ལ་ཚེ་འདི་དང་ཕྱི་མ་ག་དུས་ཡིན་ན་ཕན་ཐོགས་ཀྱི་རེད་མ་གཏོགས་གནོད་པ་འགྲོ་གིན་མ་རེད། སངས་རྒྱས་ཀྱིས་གསུངས་བཞག་པའི་རྗེས་འཛིན་རེད། དེ་ཐུགས་ལ་འཇོག་རོགས་གྱིས་ལབ་ཀྱི་ཡིན། ད་མང་པོ་མང་པོ་བཤད་བསྡད་ན་དུས་སྐབས་ཡོད་དང་མེད་མི་ཤེས། ཐུགས་རྗེ་ཆེ། 

མ་འོངས་པ་ལ་ནད་ན་ཚ་དེ་ཚོ་ལ་གཟབ་གཟབ་བྱེད་ནས་འཛེམ་རོགས་གྱིས། དགེ་བ་སྒྲུབ་མཁན་ཞིག་ཡིན་ན་རང་རང་གི་ཚེ་འདི་ཏོག་ཙམ་གནས་རོགས་བྱས་ན་རེད། དགེ་བ་སྒྲུབ་མཁན་ཞིག་མིན་ན་ནི། རང་རང་གི་འདོད་ཚུལ་བྱས་ན་ཚེ་རིང་ན་བསམ་ནས་བསམ་བློ་གཏོང་རྒྱུ་རེད་ཀྱང་ཧ་ཅང་ཚེ་རིང་ན་ཡག་རྒྱུ་སྡུག་རྒྱུ་ཅི་ཡོད་ན་ཅི་ཤེས། རང་རང་སོ་སོའི་ལས་སྤྱོད་ལ་རགས་ལས་རྒྱུ་རེད། དེ་ཚོ་ཐམས་ཅད་ཐུགས་ལ་འཇོག་རོགས་གྱིས། དོན་དག་མདོར་བསྡུས་ན། རང་གཞན་ཚང་མས་སངས་རྒྱས་ཀྱི་གྲུབ་མཐའ་འདི་ལ་ཞུགས་ཚར་བའི་རྗེས་སུ་ཕྱོགས་རིས་མ་བྱེད། ཆགས་སྡང་མ་བྱེད། འདི་ཡག་དང་འདི་སྡུག འདིས་ཕན། འདིས་གནོད། དེ་འདྲ་རྩ་བ་ནས་ལ་་མ་ཤོར་བ་གྱིས་མ་གཏོགས་ང་རང་ཚོ་སེམས་ཅན་རང་ཁ་མས་དེའི་རྣམ་པ་དབྱེ་དགོས་ན་ཤིན་ཏུ་དཀའ་ལས་ཁག་པོ་རེད། རང་ལ་ཉེས་པ་གསོག་བྱེད་ཅིག་མ་གཏོགས་ཕན་པ་གང་ཡང་ཡོང་རྒྱུ་མ་རེད། དེ་ཐུགས་ལ་འཇོག་རོགས་གྱིས་ཞུ་རྒྱུ་ཡིན། ལྷག་པར་ནད་ན་ཚ་འདི་ཚོ་ལ་ཚང་མས་གཡོལ་ནས་གང་དྲག་དྲག། གཟབ་གཟབ་བྱེད་རོགས་གྱིས། འཛེམ་རོགས་གྱིས་ཞུ་རྒྱུ་ཡིན། དེ་རིང་དེ་ཙམ་རེད། ལོ་རྒན་པོས་ཁ་བརྡ་རེད། ཁ་ཆེམས་ཡིན་ན་འདྲ། ཁ་བརྡ་ཡིན་ན་འདྲ། དེ་འདྲ་ཞིག་ཐུགས་ལ་འཇོག་རོགས་གྱིས། སྐུ་ཚེ་རིང་། (མཐར་བསྔོ་སྨོན་གྱིས་མཚམས་སྦྱོར་ཞུས་པ་བཅས་སོ།།) 

དགེ་བཤེས་བསྟན་འཛིན་སྦྱིན་པ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༠༣ ཚེས་ ༠༡ ཉིན་ཡིག་འབེབ་ཞུས་སོ། །

མེ་ལོང་ཡེ་ཤེས་དྲ་བའི་རྩོམ་སྒྲིག་པ་དགེ་བཤེས་བསྟན་འཛིན་སྦྱིན་པ་མཆོག་གིས་མཐུན་འགྱུར་གནང་བས་བཀའ་དྲིན་བླ་ན་མེད་པ་ཆེ་ཞུ། ཐ་ཚན་མུ་ཙུག་སྨར་རོ།།