Thursday, May 12, 2011

དཔོན་གསས་བླ་མའི་མཛད་རྣམ་སྙིང་བསྡུས།

དཔོན་གསས་བླ་མའི་མཛད་རྣམ་ཟུར་ཙམ་གླེང་བ་ཀུ་ཤའི་ཟེགས་མ།
༄༅། །བདག་ཅག་གི་རྩ་བའི་བླ་མ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་ལུང་དཀར་དཔོན་སློབ་དྲང་སྲོང་ཚུལ་ཁྲིམས་རྣམ་དག་(དྲང་སྲོང་གཡུང་དྲུང་)རིན་པོའི་(༡༩༣༡།༡༩༩༨)མཛད་རྣམ་ཚིགས་སུ་བཅད་པ་འདི་ཉིད་ ༢༠༠༠ ཟླ་ ༧ ཚེས་ ༦ ཉིན་རྩོམ་རྒྱུགས་སྐབས་སུ་བྲིས་པ་ཞིག་ཡིན།
དཔག་མེད་ཚོགས་བསྐྱེད་ལས་བསྐྲུན་པའི།། མཚན་བཟང་ཉི་གཞོན་བྱེ་བའི་དཔལ།། ཐབས་ཤེས་སྐྱ་རེངས་གསར་པ་ཡིས།། མདོ་ཁམས་འཛིན་མའི་ཕང་བར་དྲངས།། ༸ སྨྲ་བརྗོད་འགྲོ་འདུག་བྱ་རྩོལ་གྱིས།། དབང་དུ་མ་གྱུར་བྱིས་དུས་ཤིག །ཞིང་འདིའི་ལམ་སྟོན་སྐྱེད་བྱེད་ཉིད།། འཕྲད་མེད་ཕ་རོལ་གནས་སུ་བཞུད།།
༸ བཅུ་ཕྲག་རིག་གཏེར་འཕྲུལ་གྱི་སྒོ།། འབྱེད་པའི་ཆ་རྐྱེན་ལྡེ་མིག་ཕུལ།། འབྲི་ཀློག་གཙོ་སྦྱང་ལ་ཞུགས་པས།། ཚེགས་མེད་ནོར་གྱི་སྙིང་པོ་ལོན།། ༸ བདུན་གཉིས་ལང་ཚོའི་ནར་སོན་ཞིང།། དཀར་ནག་ཕྱུགས་རིགས་འཚོ་སྐྱོང་སྐབས།། འདིར་སྣང་སྒྱུ་མའི་གཤིས་གཟིགས་ཏེ།། ཁྱིམ་སྤངས་ལུང་དགོན་གནས་སུ་བསྙེགས།། ༸ མཁན་སློབ་དཔང་པོ་གྲངས་ཚང་དབུས།། བསླབ་གཙང་སྡོམ་ཁྲིམས་ལེགས་མནོས་ཤིང།། སྤང་བླང་དམ་ཚིག་རྣམ་བཞག་ཀུན།། ཚུལ་བཞིན་སྲུང་བའི་གཡར་དམ་བཅས།། ༸ འདུས་སྡེའི་ཕྱི་ནང་བཅའ་སྒྲིག་དང།། གྱེར་དབྱངས་འབུད་བརྡུང་གར་འཆམ་སོགས།། ཆེད་མཁས་སློབ་དཔོན་ལ་བསྟེན་ནས།། ཀུན་ལས་གཟེངས་སུ་ཐོན་པར་གནང།། ༸ ཀུན་མཁྱེན་གྲུབ་དབང་འཇའ་ལུས་པའི།། རྗེས་འཛིན་དམ་པའི་ཞལ་སྔ་ནས།། བཀའ་ལུང་དབང་ཁྲིད་གདམས་དོན་རྣམས།། བུམ་པ་གང་བྱོའི་ཚུལ་དུ་ཞུས།། ༸ འཆར་འཁོད་སྒྲུབ་གྲྭའི་སྒྲིག་གཞི་ལ།། བསྟུན་པའི་སྔོན་འགྲོ་བསགས་སྦྱངས་དང།། དངོས་གཞིའི་ཉམས་ལེན་སྒོམ་སྒྲུབ་བཅས།། མཁྱེན་རྒྱུད་གྲོལ་བའི་བརྩོན་པ་མཛད།། ༸ དགུང་གྲངས་ཉེར་གཉིས་བཞེས་པའི་དུས།། རང་ཡུལ་སྡེ་དགོན་ཀུན་བཞག་ནས།། བློ་ཁ་མཐུན་པའི་གྲོགས་དང་བཅས།། ཕྱོགས་མེད་གནས་བསྐོར་ཕྱིར་དུ་ཕེབས།། ༸ རྣམ་འདྲེན་རྒྱལ་བ་མཉམ་མེད་པའི།། གདན་ས་སྨན་རིའི་སྒྲིག་སྲོལ་ལྟར།། མཁན་སློབ་ཉི་ཟླ་ཟུང་གི་དྲུང།། གཙང་མ་གཙུག་ཕུད་ཁྲིམས་རྣམས་བཞེས།། ༸ གྲྭ་ས་གོང་འོག་བར་གསུམ་གྱི།། དཔོན་གསས་མཁན་སློབ་ཐམས་ཅད་ལས།། རྒྱུད་ལུང་ཟབ་མོའི་ཁུངས་བཙུན་པའི།། ཞལ་གསུང་མན་ངག་ཇི་སྙེད་ཞུས།། ༸ རིམ་བཞིན་ཞུ་གཤེན་གདན་ས་སོགས།། སྒྲུབ་གནས་ཁྱད་འཕགས་ཐམས་ཅད་ཀྱི།། བླ་སྤྲུལ་མཇལ་ཞིང་གདམས་དོན་གསན།། སྒོམ་སྒྲུབ་ཉམས་ལེན་སྐྱོང་བཞིན་བྱོན།། ༸ དགུང་གྲངས་ཉེར་བཞི་ཤིང་རྟ་ལོར།། ཞང་ཞུང་བོན་གྱི་བླ་རི་སྟེ།། གངས་དཀར་ཏི་སེའི་གནས་མཇལ་དུ།། ཕེབས་ཤིང་ཕྱག་བསྐོར་སྒྲིབ་སྦྱོང་མཛད།། ༸ ཟླ་མེད་འགྲན་བྲལ་སྙིགས་འགྲོའི་མགོན།། མཁས་གྲུབ་འཇིགས་མེད་ནམ་མཁའི་དྲུང།། བརྡ་སྤྲོད་དཀྱིལ་འཁོར་ཐིག་ཆོན་སྦྱངས།། གསུང་རབ་འབྲི་བཞེངས་རྒྱ་ཆེར་གནང།། ༸ འཇའ་ལུས་ཡབ་སྲས་རྗེས་འཛིན་ཕུལ།། རྣལ་འབྱོར་བརྩོན་འགྲུས་རྒྱལ་མཚན་ལས།། མཛོད་ཆེན་ལྔ་གཙོས་ཤར་རྫའི་གསུང།། ཡོད་དོ་ཅོག་གི་ཁྲིད་ལུང་གསན།། ༸ རང་ཡུལ་གངས་ལྗོངས་ཞིང་ཁམས་སུ།། དུས་མིན་རླུང་ཡན་ལྡང་བའི་སྐབས།། ཉེན་ཡོལ་རྒྱ་བལ་གནས་ཀུན་འགྲིམས།། མཆོད་འབུལ་བསྐོར་ཕྱག་རྒྱ་ཆེར་གནང།། ༸ སྲིད་པ་ཞང་ཞུང་སྨར་གྱི་ཡུལ།། ཁུ་ནུ་ལིད་ཀྱི་གནས་མཆོག་ཏུ།། ཁྱུང་སྤྲུལ་དམ་པའི་མཆོད་སྡོང་བཞེངས།། བཀུར་བསྟི་ཕུ་དུད་རབ་གནས་མཛད།། ༸ ཆགས་བྲལ་བྱ་སྟངས་རྟུལ་ཞུགས་ཀྱིས།། གཅིག་པུ་དབེན་པའི་གནས་སུ་བསྙེགས།། ཟས་གོས་ངན་ངོན་ཙམ་བསྟེན་ཞིང།། ཉམས་བཞེས་སྒོམ་སྒྲུབ་རྒྱུན་ལ་བརྩོན།། ༸ རྣམ་དཀར་ལས་འཕྲོ་བཟང་པོའི་མཐུས།། དྲིན་ཆེན་མཁན་སློབ་རྣམས་ཀྱི་ཞལ།། མཇལ་བའི་སྐལ་བཟང་མངོན་ཐོབ་སྟེ།། ཕྱག་གཡོག་ཞབས་ཕྱིའི་ཕྱིར་དུ་འབྲངས།། ༸ ཆེས་སྙིགས་བསྟན་འགྲོའི་མགོན་གཅིག་པུ།། ༸སྐྱབས་མཆོག་ཉི་ཟླ་ཟུང་གཅིག་གི།། ཐུགས་རྗེའི་དཔལ་ཤར་སྨན་དགོན་དུ།། ཞུགས་ཤིང་བསྟན་དོན་བསླད་མེད་བསྒྲུབ།། ༸ ཡོངས་འཛིན་སྨྲ་བའི་དབང་པོ་ལས།། གསང་སྔགས་ཕྱི་ནང་དབང་ལུང་དང།། ཁྱད་པར་ཞང་ཞུང་སྙན་རྒྱུད་ཀྱི།། ལག་ལེན་དམར་ཁྲིད་དང་བཅས་ཞུས།། ༸ བསྟན་པ་ཉག་ཕྲའི་དུས་ཚིགས་འདིར།། བསྟན་ལ་སྨན་པའི་བློས་བསྐུལ་ཏེ།། དགུང་གྲངས་བཞི་བཅུ་ཞེ་བདུན་ནས།། འཆད་རྩོད་རྩོམ་པའི་མཛད་པ་བསྐྱངས།། ༸ བགྲང་བྱ་བཅུ་ཕྲག་གཅིག་ཙམ་རིང།། ལྔ་ཟུང་རིག་པའི་གནས་ལ་བརྩོན།། མཁས་བཙུན་བཟང་པོའི་དཔལ་འབར་བའི།། རབ་འབྱམས་དགེ་བཤེས་མཚན་རྟགས་བཞེས།། ༸ རང་ཡུལ་གངས་ལྗོངས་ཞིང་དུ་ཕེབས།། སྟོད་སྨད་བོན་གྱི་གནས་རི་དང།། བསྐྱར་བཞེངས་དགོན་རྟེན་བླ་སྡེ་མཇལ།། འཕགས་ཡུལ་ཕྱོགས་སུ་ཞབས་སོར་བཀོད།། ༸ མཁན་སློབ་ཟུང་གི་བཀའ་དགོངས་དང།། རང་ཡུལ་སྡེ་དགོན་རེ་སྨོན་བཞིན།། བསྟན་པ་བསྐྱར་གསོའི་སྲོལ་འབྱེད་དུ།། སླར་ཡང་གངས་ཅན་ལྗོངས་སུ་ཕེབས།། ༸ དཀའ་བའི་མཛད་འཕྲིན་དཀོན་པའི་ཟས།། ཁུར་གྱིས་བཞེས་ཏེ་དེ་མ་ཐག ། འཆར་ཅན་དུས་བསྟུན་བཀོད་སྒྲིག་ངོས།། བཤད་སྒྲུབ་བསྟན་པའི་སྲོལ་རྒྱུན་བཙུགས།། ༸ ཧོར་ཁྱུང་སྟོད་སྨད་བར་གསུམ་གྱི།། སློབ་ཚོགས་བཅུ་ཕྲག་བདུན་ལྷག་ལ།། མདོ་སྔགས་སེམས་གསུམ་ཁྲིད་གདམས་ཀུན།། ནམ་ཉིན་ལྟོས་མེད་སྒོ་ནས་བསྩལ།། ༸ བཤད་སྒྲུབ་བསྟན་པའི་སྲོལ་བཟང་ལ།། མེད་དུ་མི་རུང་མཐུན་རྐྱེན་ཆེད།། རྒྱུན་མཁོའི་གསུང་རབ་འཕྲུལ་པར་ལས།། བསྐྲུན་པའི་གཙོ་འགན་ལྷུར་གྱིས་བཞེས།། ༸ འཕགས་ཡུལ་ནས་དྲངས་གསུང་རབ་དང།། མཉམ་མེད་གསུང་འབུམ་བརྒྱ་ཚར་བཅས།། གསུང་པོད་ཆིག་སྟོང་ལྷག་ཙམ་ཞིག ། ཕྱི་རབས་བསྟན་འགྲོའི་རྒྱན་དུ་བཞག།། ༸ སྨྲ་སེང་སྒྲུབ་བའི་རྒྱུན་གྲོན་དང།། ཉམ་ཐག་སློབ་མའི་འཚོ་གོས་ཀྱི།། མཐུན་རྐྱེན་སྦྱོར་ལ་རོགས་མགོན་སོགས།། མེད་ཀྱང་ཉིད་ནས་སྐྱབས་འཇུག་བསྩལ།། ༸ བསྟན་སྦྱིན་དད་སྦྱིན་རང་ཁྱིམ་སོགས།། གང་ལ་ཆིབས་བསྒྱུར་མི་གནང་བར།། རྟག་ཏུ་ཆད་མེད་སློབ་ཁྲིད་ཀྱི།། མཛད་བཟང་ཁོ་ནར་གཞོལ་བར་མཛད།། ༸ བསྟན་པའི་མིང་ལས་མ་ལྷག་སྐབས།། མཁན་སློབ་ཟུང་གི་མཛད་རླབས་ཀྱི།། བསྟན་པ་བསྐྱར་གསོ་གནང་བའི་ཚུལ།། གཅིག་མིན་ཡང་ནས་ཡང་དུ་གསུངས།། ༸ མཁན་སློབ་ཟུང་གི་དྲིན་ལན་དང།། མཁའ་ཁྱབ་བསྟན་འགྲོའི་དོན་ཆེད་ནི།། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལས།། ལྷག་པ་མེད་ཅེས་རྣམ་ཀུན་གདམས།། ༸ བླ་མེད་ཐུགས་རྗེའི་གྲིབ་བསིལ་གྱིས།། འཚོ་བའི་རབ་འབྱམས་དགེ་བའི་བཤེས།། བཅུ་ཕྲག་གྲངས་འདས་བོད་ཡུལ་གྱི།། སྟོད་སྨད་གང་སར་བསྟན་དོན་བསྐྱངས།། ༸ མཁས་སྙན་གྲགས་དཀར་སྲིད་པའི་དབྱངས།། བོད་ཡུལ་སྟོད་སྨད་ཀུན་ཁྱབ་ཀྱང།། སྒོ་འགག་དབང་སྐྱོན་ཅན་ལ་ལས།། མ་དག་སླད་འདྲེས་ཚོར་ཡང་ཅི།། ༸ གཤེན་བསྟན་སྨན་རིའི་དགེ་བཤེས་གྲངས།། བཅུ་ཕྲག་ལྔ་ལྷག་བརྒལ་བ་ལས།། ཕུལ་བྱུང་བསྟན་པ་འཛིན་སྐྱོང་མཁན།། ཁྱོད་ལས་ལྷག་པ་མེད་ཅེས་སྨྲ།། ༸ བགྲང་བྱ་རེ་བརྒྱད་ས་སྟག་ལོར།། བསྟན་འགྲོའི་མཛད་འཕྲིན་མཐར་སོན་ཏེ།། ཟག་བྲལ་བོན་དབྱིངས་ཀློང་ཆེན་དུ།། མཚན་དཔེའི་བཀོད་པ་བསྡུ་ཚུལ་བསྟན།། ༸ འདི་བརྩམས་དགེ་ཚོགས་མཆིས་སོ་ཅོག ། དཔོན་གསས་བླ་མའི་ཞིང་དུ་འབུལ།། སྡེབས་ཉེས་བྲིས་ནོར་ཆད་སྐྱོན་ཀུན།། གུས་པ་བདག་གི་འཕྲག་ཏུ་ཁུར།། །།

1 comment:

ཁྱུངཿསྨོན་ལམ། said...

མཆན་འགོད་གནང་མཁན་ཡོད་ཚེ་མཆན་འགོད་རོགས་ཞུ།