Wednesday, September 12, 2012

བོན་གྱི་བསྟན་འབྱུང་ལས་འཕྲོས་པའི་ཞང་ཞུང་གི་སྐོར།

༄༅། །གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ། ལོ་ཙཱ་བ་རིན་ཆེན་བཟང་པོའི་རིག་གཞུང་དང་ཡི་གེ་རིག་པའི་ཚོགས་པའི་གོ་སྒྲིག་འོག་རྒྱལ་སྤྱི་ཧི་མཱ་ཅལ་ཞང་ཞུང་སྐད་རིགས་དང་རིག་གཞུང་ཞེས་པའི་ཚོགས་འདུ་འདིར་ཕེབས་པའི་ཚོགས་ཞུགས་པ་ཡོངས་དང་། དམིགས་བསལ་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་ཞང་ཞུང་གི་གཞོན་སྐྱེས་རྣམས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
   ད་ལན་ཁོ་བོས་ཟུར་གསལ་བརྗོད་གཞི་ཁག་ ༢༤ ནང་གསེས་ཨང་ ༢༡ པ་ཞང་ཞུང་གི་རིག་གཞུང་བོན་གྱི་བསྟན་འབྱུང་ལས་འཕྲོས་པའི་ཞང་བོད་མེས་པོ་ནས་བཟུང་སྟེ་ད་བར་གྱི་འབྲེལ་ལམ་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ལ། སྤྱིར་བོན་ཞེས་པ་ནི་འཇིག་རྟེན་འདིར་སྲིད་པའི་ཤེས་བྱ་ཀུན་ལ་བརྗོད་སྲོལ་ཡོད་ཀྱང་། ད་སྐབས་གླེང་བར་བྱ་བའི་བོན་ཞེས་པ་ནི་གོང་གསལ་ལྟར་མ་ཡིན་པ་སྟོན་པ་གཤེན་རབ་མི་བོས་སྲོལ་གཏོད་པའི་གཡུང་དྲུང་བོན་ལ་འཇུག་པ་ཡིན་ཞིང་དེ་ཉམས་སུ་ལེན་མཁན་རྣམས་ལ་བོན་པོ་ཟེར་བ་ཡིན། གཡུང་དྲུང་བོན་གྱི་སྲོལ་འབྱེད་སྟོན་པ་གཤེན་རབ་མི་བོ་མཆོག་ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞེད་པ་གཉིས་ཀྱི་སྲས་སུ་ཕྱི་ལོའི་སྔོན་ ༡༦༠༡༧ ལ་འཁྲུངས་པར་གཡུང་དྲུང་བོན་གྱི་བསྟན་འབྱུང་ཁག་ལས་གསུངས་ཡོད་ཅིང་། བོན་པོ་མ་ཡིན་པའི་ལོ་རྒྱུས་སྨྲ་བ་ཁག་ཅིག་གིས་སྟོན་པ་གཤེན་རབ་འཁྲུངས་ནས་ལོ་བཞི་སྟོང་མ་ཟིན་ཙམ་ཕྱིན་སྐོར་སོགས་བཤད་སྲོལ་སྣ་ཚོགས་ཡོད་ཀྱང་། མདོར་ན་སྟོན་པ་གཤེན་རབ་ཀྱི་འཁྲུངས་དུས་ནི་སྟོན་པ་ཤཱཀྱ་ཐུབ་པ་ལས་སྔ་བ་ཡོངས་གྲགས་སུ་ཆགས་ཡོད་པ་ལྟར་ཞང་བོད་ཀྱི་མཐོ་སྒང་འདིའི་ཆོས་ལུགས་དང་པོ་ནི་གཡུང་དྲུང་གི་བོན་ཆགས་ཡོད།
          གཡུང་དྲུང་གི་བོན་ཞེས་པ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། འགྲོ་བའི་སྡུག་བསྔལ་མཐའ་དག་སེལ་ནུས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བའི་ཆོས་ལུགས་ཤིག་ཡིན། སྟོན་པ་གཤེན་རབ་ཀྱིས་བོན་གསུངས་པའི་སྐབས་སུ་གདུལ་བྱའི་བློ་རབ་འབྲིང་ཐ་གསུམ་སོ་སོར་བསྟུན་ཏེ་བོན་ཐེག་པ་རིམ་དགུ་ཟེར་བ་སོགས་འདི་ཕྱིའི་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་ཐབས་ལམ་བསྟན་གནང་ཡོད། སྔ་རབས་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་ ༡༨ ཀྱི་སྐུ་རིང་དང་། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་སོགས་བོད་རྒྱལ་རིམ་བྱོན་དང་། བོད་ཀྱི་མངའ་མཛད་སོ་སོའི་རིང་བོན་བསྟན་འཛིན་པའི་སྐྱེས་བུ་རྒྱུན་མ་ཆད་པ་དང་། བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་མཐར་ཕྱིན་ཏེ་འཇའ་ལུས་འོད་སྐུར་ཐིམ་པའི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཡོད་པ་མ་ཟད། འཛམ་གླིང་གི་རྒྱབ་ཁབ་མང་པོའི་ནང་བོན་བསྟན་དར་ཡོད་པའི་ལོ་རྒྱུས་ཀྱང་མང་པོ་ཡོད།
          གཡུང་དྲུང་བོན་གྱི་བསྟན་པ་འདི་ནི་ཞང་ཞུང་གི་ལོ་རྒྱུས་དང་སྦྲེལ་ནས་ཡོད་པས་སྟོན་པ་གཤེན་རབ་མི་བོའི་བཀའ་དང་། རྗེས་འཇུག་སློབ་བུ་མང་པོ་ཞིག་གི་བཀའ་བརྟེན་རྣམས་ཐོག་མར་ཞང་སྐད་ཐོག་ཡོད་པ་ལས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་པ་ལྟར་ད་ལྟ་བོན་གྱི་དཔེ་རྙིང་ཁག་གི་དབུར་ཞང་སྐད་ཐོན་གྱི་ཡོད་ཅིང་། དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ཅེས་འབོད་པའི་ཡུལ་ལུང་ཁག་གི་སྐད་དང་ཆ་འདྲ་བ་མང་པོ་ཡོད། སྤྱིར་ཞང་ཞུང་ལ་སྒོ་ཕུག་བར་གསུམ་སོགས་དབྱེ་སྲོལ་མང་པོ་ཡོད་པ་དང། བོད་དང་རྒྱ་གར། བལ་ཡུལ་བཅས་མ་ཡིན་པའི་ས་གནས་མང་པོ་ཞིག་ངོས་འཛིན་སྲོལ་ཡོད་པ་རྣམས་གཞི་རྒྱ་ཤིན་ཏུ་ཆེ་བས་སྐབས་འདིར་གོ་བརྡ་འཕྲོད་དཀའ་བར་དོགས་ཏེ་རེ་ཞིག་བཞག་ཀྱང་། བོད་ཡུལ་གྱི་མངའ་རིས་སྐོར་གསུམ་སོགས་ས་ཆ་དུ་མ་དང་། ལྷག་པར་དེང་དུས་བལ་ཡུལ་གྱི་མངའ་ཁོངས་སུ་གྲགས་པའི་ས་ཁྱོན་ཕལ་ཆེ་བ། དེ་བཞིན་རྒྱ་གར་གྱི་མངའ་ཁོངས་སྟོད་ལ་དྭགས་ནས་སྨད་མོན་རྟ་དབང་བར་གྱི་ཧི་མ་ལ་ཡའི་ས་ཁྱོན་རྣམས་སྔ་དུས་ཞང་ཞུང་གི་མངའ་ཁོངས་སུ་གཏོགས་པ་བོན་པོའི་ལོ་རྒྱུས་རྣམས་སུ་གསལ་བ་མ་ཟད། བོད་རིག་པའི་མཁས་དབང་མང་པོ་ཞིག་གིས་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་བར་སྐབས་རྒྱ་གར་ནས་ཐུབ་ཆོས་བོད་དུ་དར་བ་དང་། གཞན་པའི་རྒྱུ་རྐྱེན་སྣ་མང་ལ་བརྟེན་ནས་ཧི་མ་ལ་ཡའི་རི་རྒྱུད་གཙོས་རྒྱལ་མཚམས་ཀྱི་ས་ཁུལ་མང་པོ་ཞིག་ཞང་ཞུང་གི་ཕ་ཆོས་གཡུང་དྲུང་བོན་དང་ཁ་བྲལ་ནས་གནས་དགོས་བྱུང་ཡོད།
འོན་ཀྱང་བལ་ཡུལ་གྱི་གློ་དང་དོལ་པོའི་ས་གནས་མང་པོར་གཡུང་དྲུང་བོན་གྱི་བསྟན་པར་ཉམས་ལེན་དང་འཆད་སྤེལ་གནང་མཁན་བོན་བསྟན་འཛིན་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་པ་དང་བོད་ནང་དུའང་བླ་སློབ་ཀྱི་འབྲེལ་ལམ་དམ་ཟབ་རྒྱུན་མ་ཆད་པ་བྱུང་མྱོང་ཡོད། དམིགས་བསལ་དུས་རབས་ཉི་ཤུ་པའི་ནང་བོད་གངས་ཅན་ཞིང་ནས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་པའི་བོན་གྱི་སྐྱེས་ཆེན་མང་པོ་ཞིག་རྒྱ་གར་དུ་ཕེབས་ཏེ་བོན་གྱི་བསྟན་པའི་གནས་གཞི་གསར་དུ་བཏིང་གནང་སྐབས་མཐུན་འགྱུར་རོགས་རམ་རྒྱ་ཆེ་སྦྱར་ཐུབ་པ་བྱུང་ཡོད་པས་ཁོང་རྣམས་ལ་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
          ད་སྐབས་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཞུགས་བཞིན་པ་དོལ་པོ་ཚྭ་དགའ་ནས་ཡིན་པ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་སློབ་མ་བོད་ཕྱི་ནང་དང་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་ལ། སྨན་རིའི་བཤད་སྒྲུབ་སློབ་གཉེར་བའི་ཁོངས་དང་། ཝཱ་ར་ཎ་སི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོན་གྱི་གཞུང་ལུགས་རྣམས་ཞང་ཞུང་གི་གཞུང་དུ་ངོས་བཞེས་ཀྱིས་སློབ་གཉེར་གནང་བཞིན་པའི་ཁོངས་གློ་དང་དོལ་པོའི་མངའ་ཁོངས་ཀྱི་དགེ་རྒན་དང་སློབ་གཉེར་བ་གང་འཚམས་ཤིག་ཀྱང་ཡོད་ལ། བོན་གཞིས་ཉིན་སློབ་ཏུའང་སློབ་ཕྲུག་མང་པོ་ཞིག་ཡོད།
          ད་དུང་དུས་རབས་ ༢༠ པའི་འགོ་སྟོད་ལ་བོད་ནས་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་རིན་པོ་ཆེ་ཞེས་པའི་བོན་གྱི་བླ་མ་རྩ་ཆེན་ཞིག་ཕེབས་ཏེ་ཁུ་ནུ་སྟོད་ཕྱོགས་ལིད་ཡུལ་དུ་བླ་མ་བསོད་ནམས་འབྲུག་རྒྱས་དང་འབྲེལ་བ་བྱུང་སྟེ་ཕ་མེས་ཀྱི་རིག་གཞུང་ངོ་སྤྲོད་གནང་བ་མ་ཟད། ད་སྐབས་ཀྱང་ང་ཚོའི་དབར་འབྲེལ་ལམ་གང་ཟབ་ཀྱིས་སྨན་རིའི་གླིང་འདི་ནས་དགེ་བཤེས་བཏང་ཐུབ་མཁན་དང་། བཤད་སྒྲུབ་སློབ་གཉེར་བའི་ཁོངས། ཝཱ་ཎ་མཐོ་སློབ། བོན་གཞིས་ཉིན་སློབ་བཅས་སུ་སློབ་གཉེར་བ་གང་འཚམས་ཡོད། ཁྱུང་སྤྲུལ་རིན་པོ་ཆེ་མཆོག་ཁུ་ནུ་སྨད་ཕྱོགས་རམ་སྤུར་གྱི་རྒྱལ་པོ་དང་འབྲེལ་བ་བྱུང་སྟེ་རྒྱལ་སྲས་མེད་པ་ལ་བྱམས་མ་རིགས་ཀྱི་འཇིགས་སྐྱོབ་མའི་སྒྲུབ་བ་གནང་སྟེ་རྒྱལ་སྲས་ཀྱི་བྱིན་རླབས་སྟེར་ཡོད་ཀྱང་དུས་ཕྱིས་ང་ཚོ་དང་འབྲེལ་ལམ་དེ་ཙམ་མཇུག་སྐྱོང་ཐུབ་པ་བྱུང་མེད།
          ལ་དྭགས་ཕྱོགས་སུ་སྔོན་དུས་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་མང་པོ་ཞིག་འཁྲུངས་ཡོད་པ་མ་ཟད། ཞང་ཞུང་གི་བོན་སྐོར་མགོན་པོ་རྣམ་གསུམ་གྱི་གནས་རི་སོགས་གལ་ཆེའི་ལོ་རྒྱུས་ལྡན་པའི་ས་གནས་ཤིག་ཡིན་ཀྱང་དུས་ཕྱིས་རང་གཞན་སུའི་སྐྱོན་ཡིན་མིན་མི་ཤེས་ཏེ་ཕ་མེས་ཀྱི་ཆོས་རིག་དང་འབྲེལ་བ་ཡག་པོ་ཞིག་བྱུང་ཐུབ་མེད།
          གར་ཞཱའི་ཡུལ་ཕྱོགས་སུ་དུས་རབས་ ༢༠ པའི་ནང་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་མཁས་དབང་གར་ཞཱ་ཚེ་རིང་རྡོ་རྗེ་རྣམ་གཉིས་འབྲེལ་བ་བྱུང་སྟེ་ཁོང་གིས་ཞང་ཞུང་གི་ས་ཆ་དང་། སྐད་ཡིག ཆོས་རིག་བཅས་ལ་ཞིབ་འཇུག་མང་པོ་གནང་སྟེ་བོན་ཆོས་འདི་ཉིད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕ་ཆོས་ཡིན་པ་ཞིག་ཏུ་ངོས་འཛིན་གྱི་དཔྱད་རྩོམ་ཁ་ཤས་བྲིས་གནང་སྟེ་རྒྱལ་སྤྱིའི་ཚོགས་འདུ་ཁག་འགར་སྒྲོག་སྦྱངས་གནང་བ་སོགས་བྱུང་ཡོད་ཀྱང་མི་མང་ཕལ་དང་ད་དུང་འབྲེལ་ལམ་ཡག་པོ་ཞིག་བྱུང་ཐུབ་མེད།
          འབྲས་ལྗོངས་ཕྱོགས་སུ་བོན་གྱི་བླ་མ་གཡུང་དྲུང་ཚུལ་ཁྲིམས་དང་ཕ་མེས་ནས་བཟུང་བོན་ལུགས་འཛིན་པའི་ཡུལ་སྡེ་འགའ་ཞིག་དང་འབྲེལ་བ་བྱུང་སྟེ་ད་སྐབས་འདི་གའི་བཤད་གྲྭ་དང། སློབ་ཕྲུག་བཅས་ནང་སློབ་གཉེར་བ་འགའ་ཞིག་ཞུགས་ཏེ་འབྲེལ་བ་ཡག་ཐག་ཆོད་བྱུང་ཡོད།
          གཞན་རྒྱ་གར་དང་བལ་ཡུལ་ཕྱོགས་སུ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་འགའ་ཞིག་གི་མི་མང་སུ་ཡང་ད་དུང་བོན་པོ་དང་འབྲེལ་བ་བྱུང་མེད་ཀྱང་ང་ཚོས་ཁོང་རྣམ་པས་ཕ་མེས་ཀྱི་ལོ་རྒྱུས་དང་རིག་གཞུང་ཤེས་དགོས་པ་མ་ཟད། བདག་པོ་རྒྱག་དགོས་རྒྱུ་གལ་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ཨུ་ཚུགས་བཙན་ཐབས་སུ་བོན་ལ་སྤྱོད་དགོས་པའི་ངོས་འཛིན་བྱེད་ཀྱི་མེད་ཅིང་། འདིར་ཕེབས་པའི་གཞོན་སྐྱེས་རྣམས་ཀྱིས་ཀྱང་རང་གི་ཕ་མེས་ཀྱིས་བཞག་པའི་རིག་གཞུང་འདི་དག་བདག་པོ་རྒྱག་དགོས་རྒྱུ་དྲན་སྐུལ་བྱེད་ཀྱི་ཡོད། དཔེར་ན་དེང་སྐབས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཟེར་བ་དང་། རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་ཚོགས་ཆེན་ཟེར་བ་སོགས་སུ་གཡུང་དྲུང་བོན་སྐོར་དང་། ཞང་ཞུང་གི་སྐོར་ལ་གྲངས་ཚད་མང་བའི་ཚད་མཐོའི་བགྲོ་གླེང་སླེབས་བཞིན་ཡོད་པ་འདི་དག་ནི་ང་ཚོ་སྤོབས་པ་སྐྱེ་འོས་པའི་གནས་ཤིག་ཏུ་གྱུར་ཡོད།
          མདོར་ན་སྟོན་པ་གཤེན་རབ་མི་བོ་མཆོག་གིས་སྲོལ་གཏོད་གནང་བའི་གཡུང་དྲུང་གི་བོན་ནི་ཞང་བོད་ཀྱི་ཤེས་རིག་ངོ་མ་ཞིག་དང་། རྒྱལ་སྤྱིའི་ནང་རིན་ཐང་གཞལ་བར་དཀའ་བའི་ནོར་བུ་གལ་ཆེ་ཞིག་ཡིན་པ་དང་ང་ཚོ་བུ་རབས་ཚ་རྒྱུད་དང་བཅས་པས་ངོས་ཟིན་པའི་ཐོག་བདག་སྐྱོང་བྱ་དགོས་པ་ཞིག་ཡིན་པས་ད་ལན་ཙམ་མ་ཡིན་པར་རྒྱུན་མཐུད་ཀྱིས་འགན་མཉམ་ཁུར་ཡོང་བའི་རེ་སྨོན་དང་བཅས། ཐ་ཚན་མུ་ཙུག་སྨར་རོ།།

No comments: