Sunday, August 30, 2015

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་སྐུ་གཤེགས་ནས་མི་ལོ་ ༤ འཁོར་བའི་རྗེས་དྲན།

༡༩༥༦ ལོར་རྒྱ་དམར་གྱི་ལུགས་ངན་ལས་འགུལ་ལ་ངོ་རྒོལ་གྱིས་
རང་ཡུལ་དང་བྲལ་བ་ནས་མི་ཚེའི་རིང་གི་བྱུང་རིམ་ས་བོན།
ཕྱི་ལོ་ ༡༩༥༠ ལོའི་དབྱར་ཐོག་དེར་རྒྱ་དམར་དམག་དཔུང་སྡེ་དགེ་དགོན་ཆེན་དུ་སླེབས། ཟླ་ ༨ པའི་ནང་འབྲི་ཆུ་བརྒལ། དགུན་ཐོག་དེར་ཕྲན་རང་སྡེ་དགེ་དགོན་ཆེན་དུ་ཕྱིན་པར། ཕོ་བྲང་རྙིང་པའི་ནང་རྒྱ་དམག་མང་པོ་བསྡད་ཡོད་པ་རྒྱ་མི་མཐོང་བ་དང་པོ་ཡིན། ཁྲོམ་ཤིང་ཟེར་བའི་འཁྲབ་སྟོན་དང༌། གློག་བརྙན་འདྲ་མིན་མང་པོ་བསྟན་པར་བལྟས། བརྡ་འདྲེན་སོགས་ཀྱི་གླ་སྤྲད་པ་དངུལ་དྭ་སྒོར་མཐོང་བ་ཡང་དང་པོ་ཡིན། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ཡུལ་དུ་ཕེབས་པ་གོ་བ་དང༌། ཡར་ཕྱོགས་སྡེ་དགེ་དགོན་ཆེན་རྒྱལ་སར་ྋཞབས་འཁོད་སྐབས་ཕྲན་རང་རྫོང་སར་དགོན་གྱི་ཕེབས་བསུ་བའི་གྲས་སུ་བཅར། ཞལ་མཇལ་དངོས་དང་བཀའ་དབང་བཅས་ཐོབ་པ་ཡང་དང་པོ་ཡིན་ཅིང༌། དེ་སྐབས་སེར་སྐྱ་ཚང་མས་རྒྱ་དམར་དང་མཉམ་སྡོད་མི་དགོས་པ་ཡོང་རེ་ཆེན་པོ་བྱས་པ་རེད།

ཕྱི་ལོ་ ༡༩༥༦ ལོར་རྒྱ་དམར་གྱི་ལུགས་ངན་ལས་འགུལ་དམངས་གཙོ་གཅོས་བསྒྱུར་ཟེར་བའི་བྱ་སྤྱོད་ལ་སྡུག་ནད་ཐེག་ཐབས་མེད་སྟབས་ང་ཚོའི་ལུང་པ་དང༌། ཉེ་སྐོར་གྱི་ཤོག་ཁག་ལ་བཞི་འཛིན་པ། དཔེ་ཝར་བཅས་ཀྱིས་རྒྱ་དམར་ལ་ཟླ་ངོ་བརྒྱད་རིང་ཁ་གཏད་འཐབ་འཛིང་བྱས་པའི་མཐར་བོད་མི་རྣམས་ཕམ་ཉེས་གྱུར་སྐབས་ཕྲན་རང་ལོ་ ༢༦ ཐོག་སྤུན་འཁོར་འགའ་རེ་བཅས་ཐར་ཐོར་གྱིས་འབྲི་ཆུ་ནུབ་རྒྱུད་དེང་སང་བོད་རང་སྐྱོང་ལྗོངས་ཟེར་བ། ཆིངས་ཡིག་དོན་ཚན་ ༡༧ ཟེར་བའི་ཁོངས་སུ་ཚུད་པ། དེའི་གོང་བོད་སྡེ་པ་གཞུང་གི་མངའ་ཁོངས་ཡིན་པའི་ཕྱོགས་སུ་བྲོས་ཐར་བ་དེ་ནས་བཟུང་ལོ་ངོ་བཞིའི་རིང་ལྷ་སར་ཐེངས་གྲངས་བསྐོར་བ་དང༌། ཆབ་མདོ། ཕྱི་འབྲོག སྡེ་དགེ། འཇོ་མདའ། སྐུ་ཚེ། སྤོ་ལུ། ཁྱུང་པོ་སྟེང་ཆེན་དང༌། གསེར་ཚ། རྨ་རོང༌། ཁྲོམ་ཚང༌། རོང་པོ། ཡེ་ཐ། ཁྲི་རྡོ་གཉིས། སོག་རྫོང༌། ནག་ཆུ། འདམ་གཞུང༌། ཀོང་པོ། སྤོ་བོ། ཚ་བ་དཔའ་ཤོད། ཚ་བ་སྒང༌། བྲག་གཡབ་བཅས་གང་སར་བསྐྱོད་དེ་རྒྱ་དམར་ལ་ཅི་ཐུབ་གང་ཐུབ་ཀྱིས་ཇག་དམག་བརྒྱབ་སྟེ་གཏོར་རྒོལ་གང་ཐུབ་བྱས་པའི་ལོ་རྒྱུས་རྣམས་ལོ་རྒྱུས་ཨ་མའི་ནང་བཀོད་ཡོད།
ཕྱི་ལོ་ ༡༩༥༩ ལོའི་ཟླ་གཉིས་པའི་ནང་རང་ལོ་ ༢༩ ཐོག་ནག་ཆུ་ནས་ལྷ་སར་སླེབས། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ནོར་གླིང་ཕོ་བྲང་དུ་སྐུའི་སྲུང་བྱར་བཅར། ནོར་གླིང་དམག་སྤྱི་ཁང་དུ་ཞུགས། རང་ཁོངས་དྭངས་བླངས་དམག་མི་ ༡༩༢ ཡོད་པ་ནས་ནོར་གླིང་ལྷོ་སྒོའི་ཕྱོགས་སུ་སྲུང་བྱར་བསྡད། ཕྱི་ཚེས་ ༡༧ ཉིན་གྱི་མཚན་མོར་ྋགོང་ས་མཆོག་གསང་ཕེབས་མཛད་སྐབས་ར་མ་གྲུ་ཁ་བར་ཕྱོགས་སྲུང་གི་འགན་བླངས། ཕྱི་ཚེས་ ༡༨ ཉིན་ནོར་གླིང་དམག་སྤྱི་ཁང་གི་བཀའ་ལྟར་མི་གྲངས་ ༦༠ ཐམ་པའི་འགོ་ཁྲིད་ཀྱིས་ལྷ་ས་ནས་རྒྱ་དམག་རྗེས་འདེད་པ་འགོག་ཆེད་ར་མ་གྲུ་ཁར་བཏང་བ་ལྟར་ཕྱིན། ཕྱི་ཉིན་མཚན་མོ་ནས་ལྷ་སར་རྒྱ་དམར་གྱིས་དགྲ་བརྒྱབ་པ་དང༌། གྲུ་ཁ་ནས་འཐབ་འཛིང་དྲག་པོ་ཉིན་མཚན་གཉིས་སུ་བྱས། ༸གོང་ས་མཆོག་ཆིབས་སྒྱུར་གྲུབ་པའི་རྗེས་སུ། ནོར་གླིང་ནས་སྤུན་པདྨ་ཚེ་དབང་དང༌། བསོད་ནམས་ཅན་རང་ཁོངས་སྔ་ཕྱིར་བསྡོམས་དམག་མི་ ༣༢ ཐར་བ་དང་བཅས་ལྕེ་ལྡེ་ཞོལ་ནས་ཆུ་སྒང་དམག་ཁོངས་འདུས་སྟེ་སྔོན་དུ་ཡོད་པ་སྤུན་བསོད་ནམས་ཕུན་ཚོགས་ཅན་མི་གྲངས་ ༡༠ ཡོད་པ་དང་ངོ་འཕྲོད་བྱུང༌། དེ་ནས་གོང་དཀར་དང༌། གཙང་པོ་ཕ་རིར་གཟད་ནང༌། ཆུ་ཤུལ། ལྕགས་ཟམ་ཁ་བཅས་ནས་འཐབ་བྲོས་དང་འབྲེལ་ཡར་འབྲོག་གཡུ་མཚོའི་ཁར་རྒྱ་དམག་དང༌། ཉིན་མཚན་གཉིས་སུ་འཐབ། རིམ་བཞིན་ལྕགས་ཚ་གྲི་གུ་རྫོང་ནས་གཉན་ཇོ་ར་ཁུལ་དང༌། མཁའ་སྟག་ནས་རྨར་ཀོ་ལ་བར་འཐབ་བྲོས་ཅི་རིགས་ཀྱིས་ཕེབས་རྗེས་སུ་སྙེགས་ཏེ་རྨར་ཀོ་ནང་ནས་མོན་རྟ་དབང་དུ་ཕྱི་ཟླ་ ༥ པའི་ནང་སླེབས། དེ་ནས་འབུམ་སྡེ་ལ་ནས་ཕྱི་ཟླ་ ༨ པའི་ནང་རྡོ་ལམ་ཟེར་སར་ཟླ་ངོ་གསུམ་ལྷག་གི་རིང་ལམ་བཟོར་བསྐྱོད། ཕྱི་ཟླ་ ༡༠ པའི་ནང་མི་ས་མ་རིར་སླེབས། ཕྱི་ལོ་ ༡༩༦༠ ཟླ་ ༡ པོའི་ནང་ཀ་སྦུག་ཏུ་ཚ་གཡོལ་རང་འཚོར་བསྐྱོད། བོད་ནས་དམག་རོགས་སུ་མཉམ་ཁྲིད་འཐབ་འཛིང་པ་མི་གྲངས་ ༤༢ ཡོད་པ་དང༌། རྟ་དབང་དུ་སྔོན་འབྱོར་སྲིང་མོ་ཚེ་དབྱངས་ལྷ་མོ་དང༌། སྲུ་མོ་ཚེ་རིང་སྒྲོལ་མ། གཡོག་མོ་ཆོས་དབྱིངས་སྒྲོལ་མ། ཞང་པོ་ཇོ་ཆུང་ཚེ་དབང་རིག་འཛིན་བཟའ་མི་གསུམ་བཅས་ཡོད། ཀ་སྦུག་ནས་དམག་མི་ ༢༤ གློ་དམག་སྒར་དུ་བསྐྱོད་པ་དང༌། ཚེ་དབང་དིལ་མགོ་ཅན་ཨ་རིར་གསང་སློབ་ཏུ་བཏང་བ་དང༌། འཕྲོས་རྣམས་ཕྱི་ལོ་ ༡༩༦༠ ཟླ་ ༡༡ པའི་ནང་རང་ལོ་ ༣༡ ཐོག་ལྷོ་ཕྱོགས་མའི་སོར་སྦེལ་ཀོབ་གཞིས་ཆགས་དང་པོའི་གྲས་སུ་བསྐྱོད་དེ་ས་རྡོ་བརྐོ་སློག་ཤིང་གཅོད་ལམ་བཟོ་བཅས་བྱེད་དགོས་པའི་བཅུ་དཔོན་ཞིག་བྱས།
ཕྱི་ལོ་ ༡༩༦༡ ལོར་བོད་མིའི་གཞིས་ཆགས་ཀྱི་དོན་གཅོད་ལས་ཁུངས་ཚུགས་དུས་ལས་ཁུངས་ནང་རྒྱུན་སྡོད་གཞིས་མིའི་འཐུས་མིའི་ལས་འགན་ཁུར། མཉམ་འབྲེལ་ལས་ཁུངས་ཚུགས་པ་ནས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ ༡༩༧༢ ལོ་བར་བྱས། སྡོད་སྒར་གཉིས་པའི་སྤྱི་མིའི་འགན་ཁུར་བླངས་པ་དང༌། ས་ཞིང་འཕྲུལ་ལས་ཅན་དུ་བསྒྱུར་བ་དང༌། ས་ཞིང་འདེབས་ལས་སོགས་ས་རྡོ་ཤིང་གསུམ་དང་འཐབ་འཛིང་ལས་རྩོལ་རྒྱུན་མ་ཆད་པར་མི་མང་གི་སྣེ་ཁྲིད་བྱས།
ཕྱི་ལོ་ ༡༩༧༢ ལོར་རང་ལོ་ ༤༢ ཐོག་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ལོ་ངོ་བཞི་རིང་བྱས། ཕྱི་ལོ་ ༡༩༧༦ རང་ལོ་ ༤༦ ཐོག་བཀའ་བློན་ལོ་བདུན་དང༌། བཀའ་བློན་ཁྲི་པ་ལོ་བརྒྱད་བཅས་ཁྱོན་མི་ལོ་ ༡༥ རིང་དུ་བཀའ་བློན་དང༌། བཀའ་བློན་ཁྲི་པའི་འགན་འཁུར་བླངས།
གཞུང་འབྲེལ་གྱིས་བོད་དང་རྒྱ་ནག་ལ་ཐེངས་གསུམ་ཕྱིན། འབྲུག་ནང་དང་བལ་ཡུལ་ནང་བཅས་ཀྱི་རྙོག་གྲ་སེལ་སླད་སྔ་རྗེས་སུ་ཕྱིན། ཕྱི་ལོ་ ༡༩༩༠ ཟླ་ ༦ ཚེས་ ༡༢ རང་ལོ་ ༦༡ ཐོག་བཀའ་བློན་དགོངས་ཞུ་བྱས་རྗེས་བོད་ཀྱི་རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་གི་འགན་འཛིན་ལོ་ལྔའི་རིང་བྱས། དེའི་དབར་ན་བོད་ཀྱི་དཔེ་འཛོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་མཚན་ཞབས་ཚོགས་གཙོ་དང༌། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ། རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་མཚན་ཞབས་ཚོགས་གཙོ། མ་སུ་རི་བོད་སློབ་ཀྱི་ཚོགས་མི་དང༌། སྐབས་མཚམས་ཀྱི་མཚན་ཞབས་ཚོགས་གཙོ། ལྡི་ལིར་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་མི་བཅས་བྱས་ཤིང༌། རྡ་ས་བོད་སློབ་དང༌། མ་སུ་རི་བོད་སློབ་ཀྱི་ཚོགས་མིར་དགོངས་ཤོག་ཐེངས་གཅིག་ཕུལ་ཡང་ྋགོང་ས་མཆོག་ནས་བཀའ་འཁྲོལ་མ་ཐོབ་པས་རང་ལོ་ ༧༨ ལ་ཟིན་ནའང་འགན་འཁུར་ཞུ་མུས་ཡིན།
ཕྱི་ལོ་ ༡༩༩༨ ནས་མི་ལོ་གཉིས་དང༌། ཟླ་དྲུག་རིང་བཙན་བྱོལ་བོད་གཞུང་གི་དབུས་དང༌། ཡན་ལག་དང་བཅས་པར་དངུལ་དང་འབྲེལ་བའི་རྩིས། རྩིས་དང་འབྲེལ་བའི་རྙོག་གྲ་ཞིབ་འཇུག་གི་འགན་ཁུར་བླངས། ཕྱི་ལོ་ ༡༩༩༦ ནས་བོད་དུ་གཉེན་འཕྲད་དང་འབྲེལ་རྒྱ་ནག་པེ་ཅིང་དུ་ཕྱིན། དེ་ནས་འགོ་འཛུགས་ཀྱིས་བོད་དང༌། རྒྱ་ནག་དབར་གྱི་གནད་དོན་སྐོར་རྒྱ་ནག་གི་སྲིད་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་འབྲེལ་སྡེ་ཚན་ཁོངས་བོད་དང་འབྲེལ་བའི་ལས་དོན་འགན་ཁུར་ཚོགས་ཆུང་དང་གསང་འབྲེལ་ཕྱི་ལོ་ ༡༩༩༧ ནས་ ༢༠༠༢ རང་ལོ་ ༧༣ དུ་མ་སླེབས་བར་ཐེངས་དྲུག་གསང་འབྲེལ་བྱས་ཏེ་ཐད་ཀར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་རིམ་པར་ཞུས། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྱབ་ཁོངས་ཚོགས་ཆུང་དེས་ཀྱང་རྒྱ་ནག་གི་འགོ་གཙོ་ཀྲུའུ་ཞིའི་ངོ་མར་ཐད་ཀར་འབྲེལ་ཞུ་ཆོག་ལུགས་ཟེར།
ཕྱི་ལོ་ ༢༠༠༢ ནས་གཞུང་འབྲེལ་སྐུ་ཚབ་ཡོངས་གྲགས་པེ་ཅིང་དུ་བཏང་ཐུབ་པ་བྱུང་བ་ནས་བཟུང་གསང་འབྲེལ་ལས་དོན་མཚམས་འཇོག་བྱས་པ་བཅས་རྩོམ་པ་པོས་བོད་སྤྱིའི་ལོ་རྒྱུས་འབྲི་བའི་རྨང་གཞི་ས་བོན་ལྟ་བུའི་བྱུང་བ་རོབ་ཙམ་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་པ་ཡིན།

          རང་ཉིད་ལ་ལོ་རྒྱུས་སྨྲ་བའི་ཉམས་མྱོང་དང༌། འདུན་པ་ཅི་ཡང་མེད་མོད། འོན་ཀྱང་རྩ་ཁྲིམས་བསྐྱར་ཞིབ་ཀྱི་མ་ཟིན་ཁག་གྲུབ་སྟེ། གཟིམ་ཆུང་མཇལ་བཅར་སྐབས་ཤིག་ལ་ྋགོང་ས་མཆོག་ནས་ཁྱེད་རང་གི་བྱས་བྱུང་ལོ་རྒྱུས་ཤིག་འབྲི་ཐུབ་པ་གྱིས་ཤིག་ཅེས་དང༌། དེའང་ཞིབ་ཚགས་པོ་བྲིས་ཞེས་བཀའ་ཕེབས་པའི་སྐབས་དེར། ང་རང་གི་བྱས་བྱུང་ལོ་རྒྱུས་ཙམ་འབྲི་མི་ཐུབ་པ་མེད་སྙམ་སྟེ་འབྲི་རྒྱུར་ཁས་ལེན་ཞུས་པ་ཡིན། འོན་ཀྱང་དངོས་སུ་འབྲི་དུས་རང་ཉིད་ཡིག་ལམ་བྱང་པོ་མེད་པ་དང༌། འཇིག་རྟེན་སྲིད་པའི་བྱས་བྱུང་རང་དང་འབྲེལ་ཡོད་སེམས་ལ་དྲན་ཚོད་ནི་འབྲི་ཚོད་མེད་པ་དང༌། དྲན་ལམ་ཐམས་ཅད་དབྱེ་འབྱེད་ཀྱང་ཐུབ་དཀའ་བའི་རང་བཞིན། ལོ་རྒྱུས་འབྲི་ཕྱོགས་ཙམ་ལའང་ཉམས་མྱོང་མེད་པས། ཕྱི་ནང་ལོ་རྒྱུས་མཁན་ལ་འདྲི་རྟོག་བྱེད་དུས་བཟང་ངན་ཚང་མ་འབྲི་དགོས་པ་ལས་བཟང་འབྲི་ངན་བསྐྱུར་བྱས་ན་སྲིད་དོན་དུ་ཆགས་ན་ལོ་རྒྱུས་ལ་ཡིད་ཆེས་མེད་པ་ཆགས་རྒྱུ་ལ་སོགས་པ་གཅིག་མཚུངས་བརྗོད་ཀྱི་འདུག དེ་འདྲར་བརྟེན་ཏེ་བཟང་ངན་ཚང་མ་གང་དྲན་ལྟ་བུ་འབྲི་ཁུལ་བྱས་ཡོད་ཀྱང༌། ལོ་ཟླ་ཚེས་ཆ་ཚུན་ཁུངས་གཏུགས་ཐུབ་མིན་གྱི་དཀའ་ངལ་ཆེན་པོའི་ངང་བཀའ་དགོངས་འགལ་མེད་དགོས་གལ་བསམ་སྟེ་རྫུན་དང༌། རང་བཟོ་སོགས་ཀྱིས་རྩ་བ་ནས་མ་བསླད་པར་བྲིས་ཡོད། ཉིན་རེ་ཉིན་རེའི་ལས་དོན་རིགས་འབྲི་དབང་དུ་བཏང་ན་མང་དོགས་ཀྱིས་འབྲི་ཐུབ་པའི་རེ་བ་མི་འདུག་ཀྱང༌། ཕྱི་ལོ་ ༡༩༩༥ ལོ་ནས་འགོ་འཛུགས་ཀྱིས་བར་གསེང་ཐམས་ཅད་ལ་ཆད་མེད་དུ་འབྲི་ཁུལ་བྱས་པ་བཅས་ཀྱི་ལོ་རྒྱུས་མང་པོ་ཞིག་འབྲི་བཀོད་བྱས་ཡོད་པ་འདིར་ས་བོན་ལྟ་བུར་ཟུར་ཙམ་མོ།།
དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ (༡༩༣༠ - ༢༠༡༡།༨།༣༡) མཆོག་སྐུ་གཤེགས་ནས་མི་ལོ་ ༤ འཁོར་བའི་དུས་ཚིགས་དང་བསྟུན། དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཉེ་རབས་བོད་ཀྱི་བྱུང་བ་བརྗོད་པའི་གཏམ་ཚོགས་སྲིད་པའི་མེ་ལོང་(འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས།)དེབ་ཕྲེང་དང་པོའི་ཤོག་གྲངས་ ༢༣༡ ནས་རྩོམ་ཡིག་འདི་ཉིད་འདྲེན་བཀོལ་ཞུས།

No comments: