Thursday, June 30, 2016

ཞུམ་མེད་ཀྱི་སྨྲ་སྤོབས་ལ་གདེངས་ཐོབ་པའི་ངེས་དོན་བོད་ཀྱི་དཔའ་བོ།


བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན།
དེ་རིང་ ༢༠༡༦།༧།༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པ་(ཀྲུང་གོ་གུན་ཁྲན་ཏང)འགོ་བཙུགས་ནས་ལོ་ ༩༥ འཁོར་བའི་དུས་དྲན་ཡིན་ཟེར་བ་དང་བསྟུན། རྒྱ་ནག་དམག་ཤོག་ཚོགས་པས་བོད་མི་རིགས་ལ་སྡུག་སྦྱོང་མནར་གཅོད་ཇི་འདྲ་བཏང་ཡོད་མེད་སྐོར། ཤོག་བུ་དཀར་པོའི་ཐོག་ཏུ་ཡི་གེ་ནག་པོ་ཕབ་གནང་མཁན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྗེས་རྣམས་སླར་ཡང་དྲན་པའི་ངོས་ནས་སྔར་རྩོམ་ཐུང་ངུ་ཞིག་དྲ་ཐོག་ཏུ་བཀོད་པ་ཡིན།
༄༅། །གངས་ཅན་ཁ་བ་རི་པའི་ཁྱོན་འདིར་བོད་རྗེ་ཐོག་མ་གཉའ་ཁྲི་བཙད་པོའི་སྐབས་བོན་གཤེན་ནམ་མཁའ་སྣང་བ་མདོག་ཅན་སོགས་སྐྱེས་མཆོག་དུ་མས་རྒྱལ་པོའི་བླ་ཡི་སྐུ་གཤེན་མཛད་དེ་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཀྱི་སྲོལ་བཟང་ཚུགས་ནས་བོན་ཁྲིམས་དར་གྱི་མདུད་པའི་གཞི་བཏིང་ཞིང༌། རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་གི་གཞུང་བསྲང་ནས་རྒྱལ་ཁམས་འདི་དང་མི་རིགས་འདི་ཡི་ཡ་རབས་སྤྱོད་བཟང་དང༌། དྲང་བདེན་བྱམས་བརྩེའི་སྲོལ་རྒྱུན་རྣམས་མ་ཉམས་བརྒྱུད་པ་འཛིན་པའི་སྐྱེས་མཆོག་དང༌། མང་པོས་བཀུར་བའི་རྗེ་བློན་རིམ་བྱོན་རྣམས་ཀྱིས་གངས་ལྗོངས་ཤེས་རིག་གི་སྙིང་བཅུད་གཤེན་བསྟན་གཡུང་དྲུང་གི་བོན་རིན་པོ་ཆེ་དང༌། ཐུབ་བསྟན་དམ་པའི་ཆོས་རིན་པོ་ཆེ་གཉིས་ཏེ་བོན་ཆོས་ཉི་ཟླ་ཟུང་འབྲེལ་ལ་གཞིར་བཅོལ་ནས་བོད་བསྟན་སྲིད་མི་རིགས་དང་བཅས་པར་གཅེས་སྐྱོང་དང༌། སྲུང་སྐྱོབ་སོགས་གནང་སྟེ་འཛམ་གླིང་སྲིད་པའི་ཁྱོན་ཡོངས་སུ་མཛད་བཟང་གྲགས་པའི་སྙན་པ་དཀར་པོས་ཁྱབ་པར་མཛད།

        དེ་ལྟའི་རང་རིགས་རྗེ་བློན་འབངས་འཁོར་དང་བཅས་པར་དབང་བའི་གངས་ལྗོངས་སྲིད་པའི་རྒྱལ་ཁམས་ཆེན་པོ་འདི་ནི། སྐད་ཡིག་དང་ཆོས་རིག ཡུལ་སྲོལ་གོམས་གཤིས། སྲིད་དོན་རྒྱལ་རབས། མི་རིགས་ཀྱི་གནས་བབ་བཅས་གང་ལ་གཞིགས་ཀྱང་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ལྟོས་མེད་ཀྱི་རྒྱབ་ཁབ་ཁེ་གཙང་པ་ཞིག་ཡིན་ཀྱང༌། ཕྱི་ལོའི་དུས་རབས་ཉི་ཤུ་པའི་ནང་རྒྱ་ནག་གུང་ཁྲན་གྱིས་གངས་ལྗོངས་བསྟན་འགྲོའི་གཙུག་རྒྱན་ྋསྐྱབས་མགོན་རྒྱལ་པཎ་ཡབ་སྲས་རྣམ་གཉིས་དགུང་ན་མ་སྨིན་པའི་གོ་སྐབས་བཟུང་སྟེ། དངོས་ཤུགས་བརྒྱུད་གསུམ་ནས་ྋརྒྱལ་དབང་ཡབ་སྲས་རྣམ་གཉིས་ཐུགས་དགོངས་དམ་ཚིག་བསླད་ཐབས་དང༌། བོད་ཀྱི་རྒྱལ་ཁམས་ཡོངས་སུ་དམངས་གཙོ་བཅོས་བསྒྱུར་དང༌། ཞིང་བྲན་མང་ཚོགས་རྣམས་ཞི་བའི་བཅིང་འགྲོལ་གཏང་རྒྱུ་ཡིན་ཟེར་བ་སོགས་གཡོ་འཕྲུལ་ཐབས་བྱུས་དུ་མ་བེད་སྤྱད་ནའང༌། སྐབས་དེའི་གུང་ཁྲན་གྱི་དམིགས་ཡུལ་ཇི་བཞིན་བསྒྲུབས་མ་ཐུབ་ཅིང༌། ྋརྒྱལ་དབང་ཡབ་སྲས་རྣམ་གཉིས་ཐུགས་དགོངས་མཁྱེན་རླབས་ཀྱི་ནུས་རྩལ་ཡོངས་སུ་རྫོགས་ཏེ། ཐུགས་བརྩེའི་དམ་ཚིག་གཅིག་ཏུ་བསྒྲིལ་ནས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་མཛད་འགན་ལྷུར་གྱིས་བཞེས་གནང་བ་དང༌། ཆོལ་གསུམ་བོད་འབངས་རྒྱ་ཆེའི་མང་ཚོགས་ནས་ཀྱང་རྒྱ་མིའི་བྱ་ཐབས་དང་གཡོ་བྱུས་དེ་དག་ལ་མགོ་མ་འཁོར་བར་ངོ་རྒོལ་དང་རྔམ་སྟོན། འཐབ་འཁྲུག་སོགས་རབ་དང་རིམ་པ་སྤེལ་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་གཞི་རྒྱ་ཆེ་ལ་གཟི་བརྗིད་ལྡན་པའི་མི་མང་འོས་ལང་ཆེན་མོ་སོགས་ཞི་དྲག་གི་ལས་འགུལ་རྒྱ་ཆེར་སྤེལ་དགོས་གྱུར།
        མཐར་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་གྱུར་ཅིང༌། བོད་ས་ཡོངས་རྫོགས་རྒྱ་ནག་གི་དབང་འོག་ཏུ་ཚུད་དེ་བཅོས་བསྒྱུར་དང་བཅིང་འགྲོལ་གྱི་མིང་སྙན་འོག་མི་ལོ་སྟོང་ཕྲག་དུ་མའི་རིང་བོད་མི་རིགས་དང་ཁ་བྲལ་མ་མྱོང་བའི་ཆོས་རིག་དང༌། ཡུལ་གོམས་གཤིས་ལུགས་བཅས་རྩ་གཏོར་དུ་གཏོང་ཐབས་གསར་བརྗེའི་ལས་འགུལ་ཆེན་མོ་ཞེས་པ་སོགས་འཇིག་རྟེན་འདིར་མཐོང་ཐོས་དཀའ་བའི་ཁྲེལ་མེད་ལུགས་མེད་ཀྱི་ལམ་ལུགས་སྣ་ཚོགས་སྤེལ་ནས་བོད་འབངས་རྣམས་སྡུག་བསྔལ་མུན་པའི་སྨྲག་རུམ་གྱིས་གཡོགས་ཏེ་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར།
        སྐབས་དེར་རྒྱ་ནག་གི་དབང་འོག་ཏུ་མི་མང་དུང་ཕྱུར་ལྔ་ལྷག་ཡོད་ཅེས་པའི་དབུས་ནས་བོད་རིགས་ཀྱི་ལ་རྒྱ་ཐུགས་ལ་འཆང་ཞིང༌། ཞུམ་མེད་ཀྱི་སྨྲ་སྤོབས་ལ་གདེངས་ཐོབ་པའི་ངེས་དོན་བོད་ཀྱི་དཔའ་བོ་མཚན་བརྗོད་པར་དཀའ་བ་སྣང་མཐའི་ཟློས་གར་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་རྒྱ་ནག་གུང་ཁྲན་ནས་བོད་ས་སྟོད་སྨད་བར་གསུམ་དུ་ལག་ལེན་བསྟར་བཞིན་པའི་སྲིད་བྱུས་དང༌། བཅོས་བསྒྱུར་སོགས་ལ་མར་ལེ་རིང་ལུགས་ཀྱི་ལྟ་གྲུབ་མཁན་ཚོས་བརྗོད་བཞིན་པའི་དངོས་ཐོག་བདེན་འཚོལ་གྱི་རྒྱ་ལས་མ་འགོངས་པའི་དཔྱད་ཞིབ་མཐིལ་ཕྱིན་གནང་སྟེ། བོད་བསྟན་སྲིད་མི་རིགས་དང་བཅས་པར་འཕྲད་བཞིན་པའི་དཀའ་ངལ་དང༌། སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་པ་དེ་རྣམས་ནི་འཇིག་རྟེན་སྲིད་པའི་ཁྱོན་འདིར་གྲགས་མ་མྱོང་བའི་ཁྲེལ་མེད་ལུགས་མེད་ཀྱི་བྱ་གཞག་ཅིག་དང༌། ཁ་བཤད་ལག་བསྟར་རྩ་བ་ནས་མི་མཚུངས་བའི་མི་རིགས་རིང་ལུགས་ཀྱི་དབང་སྒྱུར་བྱུས་ངན་ཞིག་ཏུ་གཟིགས་ནས་བོད་འབངས་སྡུག་བསྔལ་ལས་སྐྱོབ་ཆེད་བདེན་པའི་འབོད་སྒྲ་ཡོངས་གྲགས་སུ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞེས་པ་དོན་གནད་ཆེ་ཁག་བརྒྱད་འཁོད་ཅན་ཏེ། ༡༽ངོ་ལོག་ཟིང་འཁྲུག་ཞོད་འཇགས་ཀྱི་སྐོར་དང༌། ༢༽དམངས་གཙོ་བཅོས་བསྒྱུར་གྱི་སྐོར། ༣༽ཞིང་འབྲོག་ཐོན་བསྐྱེད་དང་མི་མང་གི་འཚོ་བ། ༤༽འཐབ་ཕྱོགས་གཅིག་གྱུར་གྱི་སྐོར། ༥༽དམངས་གཙོ་གཅིག་སྡུད་ཀྱི་སྐོར། ༦༽སྲིད་དབང་སྒེར་འཛིན་གྱི་སྐོར། ༧༽ཆོས་ལུགས་ཀྱི་སྐོར། ༨༽མི་རིགས་ཀྱི་སྐོར་བཅས་གསལ་བའི་གདུང་འབོད་དེ་ཉིད་རྒྱ་ནག་གུང་ཁྲན་ཏང་གི་སྲིད་བློན་ལ་གནང་བ་ཟད། ད་དུང་རྒྱ་ནག་དབུས་སའི་དཔོན་རིགས་ཁག་ལྷན་སྐབས་བབ་ཀྱི་ཚོགས་འདུ་མང་པོའི་ནང་ལེགས་སྤེལ་ཉེས་འགོག་གི་གལ་ཆེའི་དགོངས་འཆར་ཁག་དང༌། རྒྱ་ནག་གི་དཔོན་མིང་ཁུར་བའི་གོང་འོག་འགོ་ཁྲིད་རིམ་པའི་བྱ་སྤྱོད་ངན་པ་རྣམས་ཐེར་འདོན། རང་ཉིད་ཀྱིས་གནང་བའི་བདེན་འབོད་ཀྱི་འགན་ཁུར་ཁུངས་སྐྱེལ་ར་སྤྲོད་བཅས་སྦས་གསང་དང་འཛེམ་ཟོན་མེད་པར་གནང་ཡང༌། བདེན་དོན་ལ་དྭང་ལེན་བྱེད་རྒྱུ་ལྟ་ཞོག་ད་དུང་ནག་མེད་ཉེས་འགེལ་གྱི་རྫུན་ཁག་མང་པོ་ཞིག་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་བཀལ་ཞིང༌། དགོས་དབང་གཡོ་ཟོལ་གྱིས་སྦག་པའི་གོ་གནས་སྔར་ཕུལ་ཐམས་ཅད་ཕྱིར་བསྡུ་བྱས་ཏེ། ཀུན་གཟིགས་རིན་པོ་ཆེ་ནི་གྲལ་རིམ་འཐབ་རྩོད་ཀྱི་དམིགས་འབེན་ཞིག་ཏུ་བཞག་ནས་མི་ལོ་ཧྲིལ་པོ་བཅུ་མ་ཟིན་ཙམ་དུ་བཙོན་འཇུག་ཞུས་པ་དང༌། བོད་འབངས་རྣམས་ཀྱང་རྒྱ་ནག་གུང་ཁྲན་གྱི་སྡུག་སྦྱོང་མནར་སྤྱོད་སྔར་ལས་ལྡབ་འགྱུར་ཆེ་བའི་འོག་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་བསམ་བརྗོད་ལས་འདས་པ་མྱངས་བའི་ཛ་དྲག་གཉན་འཕྲང་ཅན་གྱི་དུས་ཚོད་དེར་སྐྱབས་པའི་མགོན་དང་རེ་བའི་དཔུང་གཉེན་གང་ཡང་མེད་པར་བྱིའུ་ཕྲུག་ཐང་སྟོང་དུ་ལུས་པ་བཞིན་ཅི་བྱ་གཏོལ་བྲལ་ངང་སྡོད་དགོས་སུ་གྱུར།
        ལྟོས་བཅས་རྟེན་འབྲེལ་གྱི་ནུས་མཐུ་དང་སྤྱི་མཐུན་བསོད་ནམས་ཀྱི་ལས་དབང་ལ་བརྟེན་ནས་ཀུན་གཟིགས་རིན་པོ་ཆེ་མཆོག་བཙོན་གྲོལ་ཐོབ་པ་དང་སླར་ཡང་གངས་ལྗོངས་བསྟན་འགྲོའི་མཛད་འཕྲིན་ལ་གཞོལ་བར་གནང་སྟེ། ཆོལ་གསུམ་བོད་མིའི་ས་ཁྱོན་གང་སར་ཆེད་དམིགས་ཕེབས་གནང་གིས་དགོན་སྡེ་གྲྭ་ཚང་གི་གནས་སྟངས། ཤེས་རིག་སློབ་གསོའི་གོམས་སྟབས། རྒྱ་ཆེའི་མང་ཚོགས་ཀྱི་འཚོ་ཐབས་བཅས་ལ་སྐུ་ངལ་འཛེམ་མེད་ཀྱིས་རྟོག་ཞིབ་མཐིལ་ཕྱིན་གནང་ཞིང༌། གངས་ལྗོངས་ཤེས་རིག་གི་བསྟི་གནས་རིས་སུ་མ་ཆད་པའི་དགོན་སྡེ་བརྒྱ་ཕྲག་དུ་མའི་རྟེན་དང་བརྟེན་པ་དང༌། སྔར་སྲོལ་དུས་མཆོད། བསླབ་པ་སློབ་གཉེར་བཅས་བསྐྱར་གསོ། བོད་ལྗོངས་སློབ་གྲྭ་ཆེན་མོ་དང༌། པེ་ཅིང་ནང་བསྟན་སློབ་གླིང་སོགས་གྲགས་ཆེ་ལ་ཐུན་མིན་གངས་ལྗོངས་ཀྱི་ཤེས་རིག་ལ་ལོངས་སུ་སྤྱད་སའི་མི་རབས་གསར་པའི་བགོ་སྐལ་གྱི་མི་རིགས་སློབ་གྲྭ་དུ་མ་ཞིག་གསར་བསྐྲུན་དང་རྒྱ་བསྐྱེད་ཀྱི་མཛད་ཁུར་བཞེས་གནང་མཛད།
        ཁྱད་པར་རིས་མེད་གྲུབ་མཐའ་ཁག་གི་སྐྱེས་ཆེན་རྣམ་པ་སོགས་སྔོན་བྱོན་བོད་ཀྱི་མཁས་དབང་རིམ་པའི་ལེགས་བཤད་ཀྱི་དཔེ་ཚོགས་རྣམས་དང༌། གངས་ལྗོངས་ཤེས་རིག་གི་ཉིད་བཅུད་གངས་ཅན་རིགས་བརྒྱའི་སྒོ་འབྱེད་ལྡེ་མིག་སོགས་རིན་བྲལ་གསུང་རབ་དང༌། རྒྱལ་རབས་ལོ་རྒྱུས་སོགས་པར་བསྐྲུན་གྱི་མཐུན་འགྱུར་དང་འཛམ་གླིང་གོ་ལའི་ཁྱོན་དུ་ཁྱབ་པར་གནང༌། གཞི་རིམ་རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་འཚོ་ཐབས་དང་རོགས་མགོན་གྱི་འཛུགས་བསྐྲུན། གཞིས་བྱེས་བོད་མིའི་འབྲེལ་མཐུད་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྐུ་ཚབ་སྔ་རྗེས་ལ་འབྲེལ་གཏུགས་དང་ལམ་སྟོན་སོགས་གནང་བ་བཅས་མདོར་ན་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལེགས་སྐྱེས་སུ་བསྩལ་གནང་མཛད་པའི་མ་ཚད། རྒྱ་ནག་གུང་ཁྲན་ཏང་གི་དབང་འོག་ཏུ་རང་དབང་ཏིལ་འབྲུ་ཙམ་ཡང་མེད་པའི་གྲངས་ཉུང་མི་རིགས་མང་པོའི་སྣེ་ཁྲིད་མཁན་གྱི་མིག་དཔེ་འོས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཏུ་གྱུར་ཡོད།
        སྲིད་ན་མཚུངས་ཟླ་དཀོན་པའི་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གློ་བུར་དུས་མིན་གྱི་གཟུགས་སྐུའི་བཀོད་པ་མ་བསྡུས་པར་ད་དུང་ཡང་འཚོ་ཞིང་གཞེས་ཡོད་ཚེ་གངས་ཅན་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་གསེར་ཞལ་ལྷན་འཛོམས་སམ། བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་ཁྱབ་སྤེལ་དང༌། ཕྱག་བཞེས་གནང་མཁན་དོན་གྱི་བདག་པོ་ཞིག་ཏུ་གྱུར་ནས་ད་ཚོད་བོད་རྒྱ་ཞི་མོལ་གྱི་གོམས་སྟབས་གང་མཚམས་ཞིག་མདུན་སྤོས་ཐུབ་ཡོད་པ་སྨོས་ཅི་དགོས། འདི་ལྟར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་བཟང་གི་ཆ་ཤས་ཙམ་ཞིག་སྨོས་པ་ཡང་མགོན་པོ་གང་གི་བླ་ན་མེད་པའི་མཛད་འཕྲིན་དང༌། འཇིགས་ཞུམ་མེད་པའི་སྨྲ་སྤོབས། འགྲན་ཟླ་བྲལ་བའི་ཐུགས་སྟོབས་བཅས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཆེད་དང་རང་གིས་རང་ལ་གསལ་འདེབས་ཀྱི་ཚུལ་དུ་ཐུང་ཙམ་ཞིག་བྲིས་ཁུལ་ལགས།
        ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་གཞན་དོན་དུ་གཟིགས་རྗེས་བྱེས་འཁོད་བཀྲས་ལྷུན་དགོན་དང༌། ཡང་སྲིད་སྐོར་གྱི་ལས་དོན་ཚོགས་ཆུང་གཙོ་གྱུར་གངས་ལྗོངས་མདོ་དབུས་ཁམས་གསུམ་གྱི་མི་མང་བོད་ཕྱི་ནང་དུ་གནས་འཁོད་དང༌། ཧི་མ་ལ་ཡའི་རི་རྒྱུད་སོགས་ས་ཁུལ་ཁག་ནས་སྤྱི་སྒེར་མང་པོ་ཞིག་གིས་སྔ་རྗེས་སུ་ྋགོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་ལ་བརྟག་ཞུ་དང༌། རྟགས་མཚན་ཅན་གྱི་ཁྱེའུའི་མཚན་ཐོ། འདྲ་པར། ལོ་རྒྱུས་བཅས་ཕུལ་འབྱོར་ཞུས་པ་བཞིན་ྋགོང་ས་མཆོག་གིས་སྔར་ཕན་རྒྱལ་བ་ཡབ་སྲས་ཀྱི་འབྲེལ་ལམ་ལོ་རྒྱུས་རིམ་ཅན་དངོས་ཡོད་བཞིན། ཐུགས་ཁུར་ཆེ་བཞེས་ཀྱིས་ལོ་ནས་ལོ་སྦྲེལ་ཏེ་གཟིགས་དཔྱད་ནན་ཏན་རིམ་པར་གནང་བའི་མཐར་ཕྱི་ལོ་ ༡༩༩༥ ཟླ་ ཚེས་ ༡༤ ཉིན་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ངོས་འཛིན་གྱིས་ཁྱབ་བསྒྲགས་གནང་བ་མ་ཟད། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོ་འདི་ཐད་ཆོས་ཕྱོགས་ཀྱི་བྱ་བ་ལས། ཆབ་སྲིད་ཀྱི་གནད་དོན་མིན་གཤིས་རྒྱ་ནག་གཞུང་གིས་ཀྱང་ཡང་སྤྲུལ་ཁྲི་འདོན་གྱིས་མཚོན་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ལ་མཐུན་འགྱུར་ཕན་གྲོགས་གནང་བའི་ཐུགས་རེ་བཅང་གནང་ཡང༌། དེ་ལས་ལྡོག་ཏེ་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རིན་པོ་ཆེ་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་འབྲེལ་ལྟོས་དང་བཅས་པ་བཙན་ཁྲིད་ཀྱིས་ཉེས་མེད་ཁག་དཀྲི་དང་ཐབས་ལམ་སྣ་ཚོགས་བེད་སྤྱད་དེ་རིན་པོ་ཆེ་མཆོག་གཞིས་བྱེས་བོད་མི་རྣམས་ཀྱི་མཇལ་ཡུལ་དུ་མེད་པར་གྱུར་པ་ནས་བཟུང༌། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། འཛིན་སྐྱོང་བཀའ་ཤག་དང་ཆོས་རིག་ལས་ཁུངས། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་རིམ་པ་ཁག་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་སྒྲིག་འཛུགས། གཞན་ཡང་དྲང་བདེན་དང་ཞི་བདེ་ལ་དགའ་བའི་འཛམ་གླིང་རྒྱལ་སྤྱིའི་ཚོགས་སྡེ་ཁག་སོགས་ནས་རྒྱ་ནག་གཞུང་གི་བྱེད་བབ་རྣམས་དྲང་བདེན་མིན་ཚུལ་ཐེར་འདོན་དང་ར་སྤྲོད། ཆུང་སྲིད་པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་སོགས་ཀྱི་འབོད་སྐུལ་དང༌། རེ་ཞུས་ཇི་ལྟར་བྱས་ཀྱང་ད་བར་རིན་པོ་ཆེ་མཆོག་གི་སྐུ་ཚཻའི་གནས་སྟངས་ཇི་ཆགས་འཛམ་གླིང་མི་མང་གི་མདུན་དུ་བདེན་འཕེར་འོས་པའི་ཁུངས་སྐྱེལ་ར་སྤྲོད་ཚད་ཐུབ་གང་ཡང་བྱས་མེད་ནའང༌། ད་དུང་ང་ཚོས་བྱེད་ཐབས་དང་བརྒྱུད་ལམ་གསར་པ་དངོས་ཤུགས་བརྒྱུད་གསུམ་ནས་འཚོལ་ཞིབ་ཀྱིས་རྒྱ་ནག་སྲིད་གཞུང་ནས་ལམ་ལུགས་ཅི་ཡང་མེད་པའི་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས་སྐོར་སོགས་ལ་དཔྱད་ཞིབ་མཐིལ་ཕྱིན་གྱིས་བདེན་དངོས་ཇི་ཡིན་གཟུ་བོར་གནས་པའི་འཛམ་གླིང་མི་མང་ཡོངས་ནས་ཤེས་ཐབས་དང༌། རྒྱ་ཕྱོགས་ཀྱི་གཡོ་སྒྱུའི་ཤོམ་ར་ལ་མགོ་མ་འཁོར་བའི་ཐབས་ཤེས། རིན་པོ་ཆེ་མཆོག་གི་སྐུ་ཚེའི་གནས་སྟངས་དངོས་ཇི་ཆགས། ྋགོང་ས་མཆོག་ནས་ཐུགས་རེ་གནང་བ་ལྟར་གྱི་བོད་བསྟན་སྲིད་མི་རིགས་དང་བཅས་པའི་མགོན་དང་དཔུང་གཉེན་ཞིག་ཏུ་འགྱུར་བའི་སྐུ་ཚེའི་མཛད་འཕྲིན་རྒྱས་ཐབས། རྒྱལ་དབང་ཡབ་སྲས་རྣམ་གཉིས་ཀྱི་གསེར་ཞལ་ལྷན་འཛོམས་ཡོང་ཐུབ་པའི་འབད་བརྩོན་བཅས་སྔར་ལས་ལྷག་པ་མུ་མཐུད་རྒྱུན་འཁྱོངས་བྱ་དགོས་པ་ཞིག་ལས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་འགས་ལས་འགུལ་རེ་ཟུང་གི་ཁག་དཀྲི་ས་ཙམ་དང༌། ཉིན་ཤས་དང་དུས་བཅད་ཀྱི་ལས་འགུལ་ཁ་ཤས་སྤེལ་བས་དོན་འབྲས་སོན་མིན་ནི་རྒྱ་བོད་ཀྱི་ད་ལྟའི་གནས་སྟངས་དང་མི་ལོ་བཞི་བཅུ་ཞེ་གྲངས་ཀྱི་ཉམས་མྱོང་ལས་བསླབ་བྱ་ལེན་དགོས་པ་ནི་ཤིན་ཏུ་ནས་གལ་ཆེར་མཐོང༌།
མཐའ་དོན་ཐམས་ཅད་མཁྱེན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་འཕྲིན་མཁའ་མཐར་ཁྱབ་ཅིང༌། པཎ་ཆེན་ཨེར་ཏི་ནི་ལས་དོན་ཞབས་ཞུ་ལྟེ་གནས་ཁང་གི་ལས་དོན་ཐམས་ཅད་ཇི་ལྟར་དམིགས་པ་བཞིན་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། ཐ་ཚན་མུ་ཙུག་སྨར་རོ།། ༢༠༠༩ ལོར་བྲིས་པ་ཞིག་བཀོད་པ་ཡིན།

No comments: