Sunday, December 31, 2017

འཚམས་འདྲིའི་ཞུ་མཆིད།

༄༅། །ད་ལན་གསང་གསུམ་བོན་གྱི་མཛོད་འཛིན། ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ལྷག་པའི་དཔོན་གསས། ས་གསུམ་ན་འགྲན་ཟླ་བྲལ་བ་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། རང་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག
དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་སོགས་བོད་ཕྱི་ནང་གི་བོན་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། གནད་ཡོད་མི་སྣ་མང་པོས་བཀའ་བགྲོས་ལེགས་པར་གཟབ་ནས་སྔར་སྲོལ་བཞིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི་གཞུང་བསྲང་ཞིང་། དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་གནང་བར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ཤར་པ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པའི་རྟགས་སྒྲིལ་དུ་བབས་གནང་འདུག་པ་ལྟར། སྒོ་གསུམ་མི་ཕྱེད་དད་པས་འཚམས་ཞུ་དང་འབྲེལ་གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། སྒོས་སུ་གཡས་རུ་སྟོན་པ་བཅོ་བརྒྱད་དང་སྨན་རིའི་མཁན་རབས་རིམ་བྱོན། ཡང་སྒོས་སུ་སྙིགས་དུས་འགྲོ་བའི་འདྲེན་སྟོན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱིས་རྗེས་སུ་བཞག་པའི་མདོ་སྔགས་རྫོགས་གསུམ་གྱི་བོན་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་རྣམས་མཐར་ཕྱིན་ཅིང་། བསྟན་དང་འགྲོ་བའི་མགོན་དཔུང་དམ་པར་སྐུ་ཚེ་མི་འགྱུར་གཡུང་དྲུང་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་སུ་གསོལ་བའི་སྨོན་འདུན་དང་བཅས།
སྐབས་ ༡༦ པའི་བོད་མི་མང་གཡུང་དྲུང་བོན་གྱི་སྤྱི་འཐུས་རྒྱུན་ལས་པ་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་གཤེན་གྱི་འབྱུང་ལྡན་ ༣༠༡ གི་མེ་བྱ་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི། ཕྱི་ལོ་ ༢༠༡༨ ཟླ་ ཚེས་ སྟེ་ཕྱི་ལོ་གསར་ཚེས་ཉིན་སྒོ་གསུམ་གུས་པས་ཕུལ་བ་དགེའོ།། ཐ་ཚན་མུ་ཙུག་སྨར་རོ།།

No comments: